ཆབ་མདོ་ངག་ཕུན།
—–(བཀའ་དྲིན་ཆེ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་ལོ་དོན་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་ལ།)
མཁས་དབང་ཟམ་གདོང་བླ་མ་སྐུ་འཁྲུངས་ནས།།
ལོ་ངོ་དོན་བཞིར་འཁོར་བའི་རྟེན་འབྲེལ་ལ།།
སྙིང་ཁོང་རུས་པའི་གཏིང་ནས་སྨོན་ཚིག་འདི།།
བཀའ་དྲིན་ལན་བརྒྱ་གྲངས་མེད་སྙིང་ནས་ཞུ།།
དང་ཐོག་བླ་སྤྲུལ་སྤྱི་མཚུངས་རང་དགོན་ནང་།།
ཆོས་ཚན་ཁག་ལ་རིམ་པར་སློབ་གཉེར་གནང་།།
དགེ་བའི་བཤེས་གཉེན་རྣམས་ལ་ཞབས་ཀྱིས་བཏུགས།།
ཕྱི་ནང་རིག་གནས་ངལ་བ་ལྷོད་མེད་བརྩོན།།
ལུང་རིགས་བུམ་པ་གང་བྱོ་ཚུལ་དུ་མཛད།།
དགེ་བཤེས་ལྷ་རམས་སྔགས་རིམ་དམ་འཇོག་དང་།།
མདོ་སྔགས་ཡོངས་ལ་མཁས་པའི་དབང་པོར་གྱུར།།
བོད་ལ་དུས་འགྱུར་རྐྱེན་ངན་གོད་ཆགས་སྐབས།།
བློས་བཏང་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས།།
༸རྒྱལ་བའི་བཀའ་སློབ་སྤྱི་བོའི་གཙུག་ཏུ་བཀུར།།
ཡོད་ཚད་བོད་པ་ཚང་གི་དོན་དུ་བཏང་།།
ཌལ་ཧོར་སེར་འབྲས་དགེ་གསུམ་དགེ་འདུན་ལ།།
ཐ་སྙད་རིག་པའི་སློབ་ཁྲིད་ལེགས་པར་གནང་།།
སིམ་ལར་གཏན་སློབ་བོད་དགེ་སློབ་སྤྱི་སོགས།།
རིམ་པར་ཤེས་ཡོན་གང་ཅི་གནང་བར་མཛད།།
ཝཱ་ཎ་མཐོ་སློབ་སློབ་སྤྱིའི་ཐུགས་འགན་བཞེས།།
རིག་གཞུང་མི་ཉམས་གོང་འཕེལ་ཡོང་བའི་ཆེད།།
དབུས་གཞུང་ངོས་ལེན་ཡོད་པའི་མཐོ་སློབ་ཅིག །
ལེགས་བསྐྲུན་རླབས་ཆེན་ལས་དོན་མཛད་པར་གནང་།།
ཕྱི་ནང་ཀུན་གྱིས་ཁྱོད་ལ་སྙིང་ནས་བསྟོད།།
གཞོན་ལྷན་ཚོགས་གཞོན་ཆོས་དོན་དྲུང་ཆེ་སོགས།།
རིམ་པར་མཛད་ནས་ལས་དོན་གཟེངས་ཐོན་གནང་།།
རང་དབང་བདེན་པའི་ལས་འགུལ་ཐོག་འཛུགས་སྐབས།།
དངོས་ཤུགས་བརྒྱུད་གསུམ་ལམ་སྟོན་མཐར་ཕྱིན་གནང་།།
བཙན་བྱོལ་བོད་མིའི་རྩ་ཁྲིམས་ཟིན་ཚོགས་སོགས།།
མཛད་པའི་བརྒྱུད་རིམ་དེ་དག་ནང་ལོགས་ལ།།
ཀུན་གྱིས་བཀུར་འོས་བྱས་རྗེས་རིམ་པར་མཛད།།
དེར་བརྟེན་༸རྒྱལ་བ་ཡིད་བཞིན་ནོར་བུ་ཡིས།།
ཐད་བསྐོས་སྤྱི་འཐུས་བསྐོ་བཞག་གནང་བ་དང་།།
ལོ་ལྔའི་རིང་ལ་ཚོགས་གཙོའི་ལས་འཁུར་གནང་།།
བསྐྱར་དུ་མདོ་སྟོད་མི་མང་སྤྱི་འཐུས་བདམས།།
ལོ་ངོ་ལྔ་རིང་ཚོགས་གཙོའི་འགན་དབང་བཞེས།།
ཁྲིམས་དང་སྒྲིག་གཞི་ལ་སོགས་དེང་མཐུན་དང་།།
ལེགས་པར་མཛད་པའི་ཀུན་གྱིས་བསྔགས་ཡུལ་གྱུར།།
ཉིས་སྟོང་གཅིག་ལོར་བཀའ་ཁྲི་འོས་འདེམས་སྐབས།།
བཀའ་ཁྲིའི་ཐོག་མར་མི་མང་འབདམས་ཐོན་བྱུང་།།
སླར་ཡང་བཀའ་ཁྲི་གཉིས་པའི་བདམས་ཐོན་བྱུང།།
བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་སྲོལ་སོགས།།
ཚགས་ཚུད་གོང་འཕེལ་གང་ལེགས་མཛད་པ་ཡིས།།
གཟུར་གནས་མཁས་པ་ཀུན་གྱིས་ཁྱེད་ལ་བསྟོད།།
ནད་ཐོག་ཕན་པའི་ཤེས་ཡོན་སྲིད་ཇུས་དེ།།
སྐུ་ངལ་འཛེམས་མེད་ཐོག་ནས་ཁྲིམས་ལུགས་སུ།།
གྲོས་ཚོགས་ནང་དུ་ཁྲིམས་ལུགས་གཏན་འབེབས་མཛད།།
བོད་རྒྱ་འབྲེལ་མཐུད་མཛད་ཅིང་བོད་མི་ལ།།
ཐོབ་ཐང་འདི་འདྲ་དགོས་ཞེས་ཡིག་སྤྲད།།
བཀའ་ཁྲི་ལོ་བཅུ་མཛད་པའི་དུས་རིང་ནང་།།
དོན་མེད་གཞུང་གྲོན་ཕོན་ཆེ་མི་འགྲོ་བའི།།
སྲི་ཚགས་མཛད་ཅིང་རང་གཞུང་ལ།།
དངུལ་སྒོར་འབུམ་ཕྲག་དུ་མའི་ཕན་ཐོགས་བྱུང་།།
ལྷན་ཁང་ཡོངས་རྫོགས་ཡུལ་ཁྲིམས་མཐུན་པར་མཛད།།
གཟུར་གནས་ཀུན་གྱིས་ཁྱེད་ཀྱི་མཁྱེན་སྤྱོད་ལ།།
བསྔགས་བརྗོད་མེ་ཏོག་ཡང་ཡང་འཐོར་བར་མཛད།།
ཕྲག་དོག་ཁྲག་གིས་སྨྱོས་པའི་སྐྱེ་བོ་འགས།།
དོན་མེད་ཁྱེད་ལ་སྐྱོན་བརྗོད་བྱེད་ཁུལ་དེ།།
ངལ་བའི་རྒྱུ་ལས་ཡིན་པ་སེམས་སུ་བཟུང་།།
ཆོལ་ཁའི་དབྱེ་བ་ཁྱེད་ལ་མེད།།
ཆོས་ལུགས་དབྱེ་བ་ཁྱེད་ལ་མེད།།
ཕོ་མོ་དབྱེ་བ་ཁྱེད་ལ་མེད།།
རིགས་རུས་དབྱེ་བ་ཁྱེད་ལ་མེད།།
མཐོ་དམའ་དབྱེ་བ་ཁྱེད་ལ་མེད།།
ལུང་ཚན་དབྱེ་བ་ཁྱེད་ལ་མེད།།
དགའ་ཉེ་དབྱེ་བ་ཁྱེད་ལ་མེད།།
གངས་ཅན་བོད་འབངས་ཡོངས་ལ།།
ཤེས་རིག་འོད་སྣང་འབར་བ།།
ཤེས་ཡོན་སྲིད་ཇུས་ལམ་བཟང་།།
ངལ་བ་ལྷོད་མེད་མཛད་པོ།།
གངས་ཅན་བོད་མིའི་མང་གཙོ།།
དེང་དུས་མཐུན་པའི་ཁྲིམས་ལུགས།།
གཏན་འབེབས་ཡོངས་སུ་མཛད་པོ།།
ཡོད་ཚད་བློས་བཏང་མཛད་ནས།།
བོད་དོན་བདེན་མཐའ་སེལ་ཆེད།།
སྐུ་ལས་ཡོངས་སུ་མཛད་པོ།།
སྙིང་ཁོང་རུས་པའི་གཏིང་ནས།།
ཁྱེད་ལ་སྙིང་ནས་བསྟོད་དོ།།
ཞེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་ལོ་ངོ་དོན་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཅས་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་འདུན་ཤུགས་དྲག་བཅས། ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ ཉིན་མོར་བྲིས་སོ།།
མར་ལེ་རིང་ལུགས་སྦྱངས་བའི་རྟོགས་དམན་པོ།
མྱི་བཀོལ་དགོས་སར་རང་ཉིད་བཀོལ་བ་པོ།
ཨ་མདོའི་མཁས་པས་ཁ་ནས་འཆི་ལ་ཁད།
དོལ་ཚོགས་ལག་ནང་མེ་རུ་འབར་ལ་ཁད།
ཏཱ་ལའི་ལག་རྟེན་ལག་ཏུ་འཛིན་པ་ཕོ།
རྒྱ་ནག་གཞུང་ལ་མཛུམ་མདངས་སྟོན་པ་ཕོ།
འཁྱམས་པོར་བདེན་པའི་ཨུ་ཚུགས་བཤད་པ་ཕོ།
ཕྱུག་པོ་འདུག་སར་སྤྲང་མདོག་སྟོན་པ་ཕོ།
རྒྱ་གར་རྒྱལ་བོ་གནས་ཚང་བྱེད་པོ།
རྒྱ་ནག་རྒྱལ་བོར་ངོ་ཚ་སྟོན་པ་པོ།
ཆོས་ལ་ཆགས་ནས་བསུན་བགྱི་མེད་པ་པོ།
མགོ་རིལ་འདི་འདྲར་ཨ་མས་ཅིའི་ཕྱིར་འདུད།
ཨ་མས་ཉི་ཟླ་ཁ་ནས་བཏོན་ཏོན་ནས།
ནམ་མཁར་མི་ཤོང་རྡ་རམ་ས་རུ་བསྐྱལ།
དགོས་འཁོ་མེད་པའི་ཆབ་སྲིད་བཤད་བཤད་ནས།
ཨ་རིར་འབྱོར་ཡང་ཟམ་གདོང་དབུ་དཀར་དྲན།
མར་ལེ་རིང་ལུགས་སྦྱངས་པ་མེད་ན་ཡང་།།
དེང་དུས་མང་གཙོ་འགྲོ་ལུགས་ཡོངས་སུ་རྟོགས།།
ཟུར་གནས་ཕྱི་ནང་ཀུན་གྱིས་ཁྱེད་ལ་བསྟོད།།
ཏཱ་ལའི་མས་ཅི་གསུང་གཙུག་ཏུ་བཀུར།།
རྒྱ་ནག་སྲིད་གཞུང་ངོ་ཚ་ཕབ་པ་པོ།།
བདེན་པའི་ཨུ་ཚུགས་བདེན་པ་བཤད་པ་པོ།།
ཕྱུག་སྤྲང་སྟོན་མདོག་མེད་པ་འཛིན་པ་པོ།།
རྒྱ་གར་གཞུང་དམངས་བཀའ་དྲིན་དྲན་པ་པོ།།
རྒྱ་ནག་རྒྱལ་བོར་ངོ་ཚ་ཕབ་པ་པོ།
ཆོས་ལ་མཁས་ཤིང་སྲིད་ལ་མཁས་པ་པོ།།
ཨ་མ་བུ་ལ་ཟུར་གནས་ཀུན་གྱིས་འདུད།།
བདེན་པའི་བདེན་དོན་གསུང་གསུང་ནས།།
འཛམ་གླིང་ཀུན་གྱིས་ཁྱེད་ལ་བསྟོད།།
དྷ་སའི་སྒྲིག་འཛུགས་སྲ་བརྟན་མཛད།།
ཟུར་གནས་ཀུན་གྱིས་ཟམ་གདོང་བསྟོད།།
བྲག་ཕུག་ཅིག་ཏུ་འཛུལ་ནས་མ་བཞུགས་ཤིང་།།
སློབ་ཆེན་ཞིག་ནས་འགྱིང་ནས་མ་བསྡད་པར།།
དྷ་སའི་རི་ངོགས་དེ་ན་རྒས་སོང་བའི།།
ཟབ་གདོང་བླ་མའི་འཁྲུངས་སྐར་རྟེན་འབྲེལ་ཞུ།།