ཉི་མ།
དགུང་གི་ཉི་མ་སེར་བོའི་ཞལ་རས་དམར་ནག་ཆགས་ཤིང་ཉི་དུག་མདའ་རྣོན་ཨོ་ཛོན་བརྒྱུད་ནས་འཕྲོས་བྱུང་མི་ཡི་འགྲོ་བས་རྫས་དུག་ངན་པས་ཡང་ཡང་བདུག་པས་དགོང་ཚོམ་བྱུང་བ་མིན་ནམ་ང་ལ་ཐེ་ཚོམ་དྲ་བས་བཅིངས།
ཟླ་བ།
བཅོ་ལྔའི་ལྷ་ཟླ་དཀར་པོའི་ཞལ་ཁྱིམ་རྫས་དུད་ངན་པས་སྦགས་པས་སེམས་པ་སྐྱོ་སྐྱོ་བྱུང་འདྲ་ནོར་འཛིན་བདག་པོར་འཛུམ་དཀར་འཕེན་ལ་དང་ལྷོད་ཡང་ཡང་འཆོར་གི་ཨ་ཁ་ཁ།
སྐར་མ།
ནམ་མཁའི་སྐར་ཚོགས་ཁྲ་མོར་དུག་རླངས་ཕོག་ནས་བཟི་འཐོམས་བྱུང་འདྲ་གསལ་ལ་མི་གསལ་འོད་ཟེར་ཟ་མ་ཟི་ཞིག་སྤྲོ་འདིར་ལེ་བདའ་བྱེད་ས་གཞན་ཞིག་ཡོད་མེད་ངས་མི་ཤེས།
སྤྲིན་པ།
ས་ཡི་རྫས་ངན་མ་ལུས་འཇིབ་པས་ལོས་ཡིན་ནམ་མཁའི་སྤྲིན་པ་དཀར་པོ་ནག་པོར་གྱུར་ཅིང་ལྗིད་ཀྱིས་ནོན་འདྲ་གོམ་པ་ག་ལེར་ག་ལེར་མཁའ་ན་སྒྱུར་བ་གླང་ཆེན་ཆད་པ་ཞིག་དང་འདྲ་ལ་ཁད།
ཆར་བ།
སྦྲང་ཆར་བསིལ་མ་ཟེར་ཡང་ཁྲེལ་གཞུང་མི་འདུག་ཞིང་པ་མགོན་པོ་རྒྱལ་གྱིས་སྒུག་སྒུག་མཐའ་ལ་དུག་ཆར་དྲག་པོ་གཅིག་གིས་ལོ་ཏོག་མ་ལུས་བཅོམ་སོང་ལོ་གཅིག་ཡོང་སྒོ་བརླག་སོང་སྙིང་རེ་རྗེ།
རླུང་།
ཡུན་རིང་མི་ཡི་ཡུལ་ནས་སྒུག་མཐར་བསིལ་ལྡན་ལྗོངས་ཀྱི་བསིལ་རླུང་རྔུབ་པའི་གོ་སྐབས་ཐོབ་འདི་དགའ་དགོས་མོད་ཀྱང་དགའ་རྒྱུ་མི་འདུག་མིད་ཐག་ཕྲ་མོར་ན་ཟུག་བསླངས་སོང་ལུད་པ་ནག་པོ་འཕེན་དགོས་བྱུང་།
གངས་རི།
བསྐལ་བར་ཆགས་པའི་ལྷོ་དང་བྱང་སྣེའི་འཁྱག་རོམ་དང་ནི་སྲིད་པའི་གངས་རྒན་མིག་ཆུ་ཁྲུམ་ཁྲུམ་བཞུར་བཞིན་བཞུ་མགོ་རྩོམ་ཡང་དེ་ལ་ཨ་ལན་ཨང་ལན་མེད་འདི་ཅི་ཞིག་ཡིན་ནམ་སུ་ཡིས་ང་ལ་དྲི་ལན་ལྡོན།
རྫ་རི།
རྫ་རི་སྨུག་པོ་དག་གི་མགུལ་བ་བཅད་ཅིང་ལྟོ་བ་དབྲལ་ནས་གཏེལ་ཤ་འཁོར་ལོ་བྱས་འདུག་རྔ་བར་ཞི་རྒོལ་ལངས་སྐབས་བསད་པའི་དཔའ་བོ་རྣམས་ཀྱི་བེམ་པོ་དག་དང་མཚུངས་པ་ཉིད།
ཆུ་བོ།
གངས་ཅན་ལྗོངས་ཀྱི་ཡན་ལག་བརྒྱད་ལྡན་གཙང་ཆབ་སྔོན་མོ་འཐུང་དུ་ཕྱིན་ཡང་འཐུང་ས་མ་སོང་རྫས་ངན་བརྒྱ་ཡིས་ལྷད་ནས་ཡོད་གི་སྐྱོ་བའི་གླུ་ཞིག་ལེན་དགོས་བྱུང་བར་དགོངས་སེལ་ཞུ།
མི
ཨ་ཞང་འཇའ་ཅོར་མཆིན་ནད་འདུག་ཟེར་ཨ་ཅེ་སྒྲོལ་པོར་སྙིང་གི་ནད་འདུག་ཕལ་ཆེར་ཞིག་ལ་ཕོ་ཁའི་ནད་འདུག་ང་ཡི་གཉེན་ཉེའི་ཕྱེད་ཀ་ནད་ཀྱིས་བཟུང་འདུག་སྨན་པ་མཁས་པ་འཚོལ་དུ་གང་ལ་འགྲོ།
སའི་གོ་ལ།
ས་ཡི་གོ་ལ་ཧྲིལ་བོ་སྦོམ་ཞིག་བཞིན་དུ་འགད་ལ་ཉེ་བའི་སྣང་བ་སྟེར་གི་གད་གཏོར་བྱེད་མཁན་ང་དང་ཁྱོད་དང་ཁོ་དང་མོ་ཡིན་ལེ་ཁག་དཀྲི་སའི་འཇིགས་སྐུལ་བ་ཞིག་གཞན་ན་མེད།
སྨན་པ།
སྨན་པ་འགའ་རེ་བཙལ་ནས་རྙེད་ཀྱང་ཤན་པ་དཀར་པོ་ཟེར་ནས་ཡིད་ཆེས་བྱེད་མཁན་ཉུང་གི་ད་ནི་སུ་ཡིས་སུ་ལ་ཡིད་ཆེས་བྱེད།
དཔོན་པོ།
གཞུང་གི་དཔོན་པོ་འགའ་རེར་ཞུ་བ་འཐེན་ཡང་ལྐོག་རྔན་རུལ་བསུང་ཁྲོད་ན་རུལ་བ་ཆགས་འདུག་འདི་དང་འདི་འདྲའི་ཉམས་ཉེས་གཟིགས་མཁན་དཀོན་པོ་རེད།
རི་སྤྱང་ཁེར་འགྲོ།
སྐྱོ་བའི་མཆི་མ་ཁོག་ལ་མིད་ནས་ཁ་བརྡ་དྲ་ཁང་ནང་ལ་ཉི་མ་གཏོང་དུ་ཡོང་བས་རི་སྤྱང་ཁེར་འགྲོ་ཞིག་ལ་ལམ་དུ་ཐུག་བྱུང་རང་སེམས་གསོ་རོགས་གྲོགས་ཤིག་རྙེད།
སྙན་ངག་ཁེར་སྐྱ་མ་འདི་དེ་རིང་གི་ཡེ་ཤུའི་འཁྲུངས་སྐར་ལ་རོལ་བའི་ཚབ་ཏུ་བཀླགས་ཟིན། ནང་དོན་དང་རྣམ་པ་གཉིས་ཀའི་ཆ་ནས་ཡིད་དབང་འཕྲོག་པ་ཞིག་འདུག
བླ་མ
རང་ཉིད་ག་དུས་ཡིན་ན་ཡང་སྤོབས་ཉམས་ཀྱིས་ཁེངས་ན་ཡང་། དུས་ནམ་ཡང་གཞན་དག་ཅིག་གི་ཚོང་རྫས་ཡིན། ཚོང་རྫས་ཡིན་པ་ཤེས་ན་ཡང་རང་ཉིད་ཀྱིས་གོ་གནས་དེ་ལས་འདས་པའི་སྤོབས་པ་མེད།
གྲྭ་བ ག་དུས་ཡིན་ན་ཡང་ཡིད་ལ་ལྐོག་གྱུར་ཅིག་ལ་རེ་བ་བཅངས། ཀློག་གྱུར་དེ་ཐོབ་མ་མྱོང་ན་ཡང་མུ་མཐུད་དུ་གདོང་གི་གཉེར་མ་རེ་རེ་བཞིན་རེ་བས་ཁེངས།
གྲྭ་ལོག
ག་དུས་ཡིན་ན་ཡང་རང་ཉིད་ཉེས་ཅན་ཞིག་ཏུ་སྒོམ་ཞིང་། རང་ཉིད་ཀྱི་ཉེས་པ་འགེབ་བྱེད་ཀྱི་ཡོལ་བ་ནི་དགེ་འདུན་ཆོས་འཕེལ་ལ་རེ། དགེ་ཆོས་ཀྱི་ཡོལ་བའི་འོག་ནས་རང་ཉིད་ལ་ཡོན་ཏན་ཅིག་རྙེད་པར་རེ།
ཨ་ཨ། རྒན་མདའ་ཚན་པའི་སྙན་ངག་འདི་གཅིག་མི་འཇིགས་ཀི་ན།བཀླགས་ཀྱིན་བཀླགསཀྱིན་ཚིམ་པ་མི་འདུག
བོང་བུ།
གལ་ཏེ་འཕྲང་འགག་དོག་ས་ཞིག་ཏུ་སླེབས་ན། རྒྱབ་གྱི་འཁེལ་རྫོག་འེ་ཐུབ་བལྟ། གལ་ཏེ་སྐྲག་དགོས་ས་ཞིག་ཏུ་སླེབས་ཚེ། ཕེ་འདེབས་འེ་ཐུབ་བལྟ། གལ་ཏེ་ངོ་འཚོ་དགོས་ས་ཞིག་ཏུ་སླེབས་ཚེ། རྒྱོ་རྒྱག་འེ་ཐུབ་བལྟ།
ཟླ་མེད་བཟེ། ཁ་སང་དེ་རིང་འདིར་ཁྱོས་རྐང་མགྱོགས་སྒྲུབ་ཡོད་ནི་ཟིག་འ་རིག་གི། ག་ས་གང་འ་ག་ཐོན་འདི་ཐོན་མེད་ཀི།
མྱི།
ཚུར་འཁོར་ནས་འོང་དུས་ལྷ་ཡི་གཟུགས་གཞི་ཅན།
ཕར་འཁོར་ནས་སོང་དུས་འདྲེ་ཡི་གཤིས་སྤྱོད་ཅན།
རང་།
ཁ་མེ་ལས་ཚ་ཞིང་།
ལག་ཆུ་འཁྱག་ལས་ཀྱང་གྲང་།
གོ་མེད་ཚོར་མེད་ཀྱི་སྙན་ངག་དེ་སུས་བྲིས་པ་རེད། རྗེས་སུ་འདི་ལྟར་མུ་མཐུད་ནས་འབྲི་ན་ངའི་རྭ་རྣོ་པོ་འདི་ལ་སྙིང་རྗེ་ཡོད་མ་རེད་ད་་་་་་་་་
ཡཡཡ་ བགྲོ་གླེང་བྱེད་དགོས་ན་ཤོག་ཨ ངས་སྒུག་ཡོད
གོང་གི་སྙན་ངག་ཁེར་སྐྱ་མ་འདི་ངོ་མ་ཡག་པོར་བྲིས་འདུག་ཐུགས་རྗེ་ཆེ།
གཅིག་གིས་སྙན་ངག་ཡག་གི་ཟེར།།
གཅིག་གིས་ཡིད་དབང་འཕྲོག་གི་ཟེར།།
གཅིག་གིས་སྙན་ངག་འཇིགས་གི་ཟེར།།
གཅིག་གིས་གོ་མེད་ཚོར་མེད་ཟེར།།
མི་རེའི་དགའ་ཕྱོགས་ལོགས་ཀ་རེད།།
དགའ་སའི་སྙན་ངག་ལོགས་ཀ་རེད།།
བསྟོད་པ་བརྗོད་ན་ལོས་དགའ་སྟེ།།
ཞན་ཆ་བརྗོད་ན་ཕན་ཐོགས་ཆེ།།