སྤོབས་པ་མཐའ་ཡས།
———–
ང་ཚོས་དྲྭ་ཐོག་ཏུ་ཉིན་འདི་འགའི་རིང་ང་ཕོད་ངག་དབང་འཇིགས་མེད་གྲོངས་པ་དང་བསྟུན་ནས་ཁོ་གསོན་པའི་རིང་གི་བྱ་སྤྱོད་ལས་འཕྲོས་ཏེ་མང་པོ་ཞིག་བཤད། མི་མང་པོ་ཞིག་གིས་ང་ཕོད་ནི་བྱས་རྗེས་ཆེ་བའི་རླབས་ཆེན་མི་སྣ་ཞིག་ཡིན་ཚུལ་དང་། ལ་ལས་བླ་མ་ཆེ་གེ་མོས་ལུང་གིས་ཟིན་པའི་བདུད་ཅིག་ཡིན་ཚུལ་སོགས་སྡུག་ཚུལ་ཟུར་ཙམ་རེ་གླེངས་སོང་། ཡིན་ན་ཡང་མི་མང་པོ་ཞིག་རང་གི་བསམ་ཚུལ་ངོ་མ་དེ་ཤོད་འདོད་མེད་པའམ་བཤད་རྒྱུར་ཞེད་ཀྱིན་ཡོད་པ་འདྲ། ངས་ལོ་རྒྱུས་དང་ཆབ་སྲིད་སོགས་གང་ཡང་མི་ཤེས་མོད་བོད་མི་དཀྱུས་མ་ཞིག་གི་གོ་མྱོང་ལས་བྱུང་བའི་སེམས་ཚོར་དེ་འདིར་བཤད་འདོད་བྱུང་། སྤྱིར་ང་ཚོའི་མགོ་ཐོག་ཏུ་ལྷུང་བའི་ཆག་ཆེ་ཉམས་ང་ཡོངས་རྫོགས་ང་ཕོད་མི་གཅིག་གིས་བཟོས་པ་ཡིན་ཟེར་ན་ཐལ་ཆེ་ལོས་འགྲོ་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་དུ་ང་ཕོད་ཀྱིས་བསགས་པའི་ནག་ཉེས་དེ་ཡང་ཆུང་ཆུང་ཞིག་མིན། མདོ་ཚུར་བསྡུས་ན་ང་ཕོད་ལ་གདམ་ཀ་གཞན་མེད་དུ་ཆུག་ཀྱང་ང་ཕོད་ཀྱིས་ཆབ་མདོའི་གོ་མཛོད་མེར་བསྲེགས་སྐབས་ཁོ་ག་རེ་བྱས་ནས་མེ་ནང་དུ་ལྕེབས་ནས་ཤི་མ་ཐུབ་པ་རེད། དང་པོ་ཁོས་གོ་མཛོད་མེར་བསྲེགས་ནས་ཝ་བྲོས་བྱས་ཤིང་འབྲོ་ས་མ་རག་སྐབས་མགོ་འདོགས་བྱས། དམག་དཔོན་ཟེར་བ་དེས་འཐབ་དགོས་པ་རེད། རྒྱལ་ཁ་ལེན་དགོས་པ་རེད། དེ་མ་བྱུང་ན་ཤི་ཐུབ་དགོས་པ་རེད། སྲོག་ཁྲིམས་ཡོད་སའི་ལུང་པ་ཞིག་ཡིན་ན་དམག་དཔོན་ཞིག་གིས་བྱས་ཉེས་དེ་འདྲ་ཞིག་བྱས་ན་སྲོག་ཁྲིམས་ཀྱི་ཉེས་ཆད་མ་གཏོགས་འགྲོ་ས་མེད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་མ་བཀོད་གོང་ང་ཕོད་ཀྱིས་ག་རེ་བྱས་ནས་དུག་འཐུང་ནས་ཤི་མ་ཐུབ་པ་རེད། འདི་མི་གཅིག་གཉིས་ཤིག་གི་ཚེ་སྲོག་གི་གནད་དོན་མ་རེད། ཁྱིམ་ཚང་གཅིག་གཉིས་ཤིག་གི་འབྱོར་རྒུད་ཀྱི་གནད་དོན་མ་རེད། འདི་རྒྱལ་ཁབ་ཅིག་ཤིི་གསོན་གྱི་གནད་དོན་ལ་ཐུག་ཡོད་རེད། ཉི་མ་དེ་ལ་ཁོས་རྒྱལ་ཁབ་ཅིག་གི་ཚེ་སྲོག་ལས་ང་ཕོད་རང་གི་ཚེ་སྲོག་བདམས་པ་རེད། སྡེ་པ་གཞུང་གི་བཀའ་དྲིན་ལས་གུང་ཁྲན་ཏང་གི་གཡོ་སྒྱུའི་འཛུམ་མདངས་དེ་བདམས་པ་རེད། རྒྱལ་བ་རིན་པོ་ཆེའི་ཞལ་བཀོད་ལས་མའོ་ཙེ་ཏུང་གི་ལམ་སྟོན་བདམས་པ་རེད། མདོར་ན་བོད་མི་མང་ལས་ཁོ་རང་གི་གོ་གནས་དེ་བདམས་པ་རེད། ཁོས་བོད་མི་མང་བློས་གཏོང་ཐུབ་ས་ནས་ང་ཚོས་ག་རེ་བྱས་ནས་ཁོ་བློས་མི་ཐོང་བ་རེད།
ཁྱོད་ཚོ་ང་ཕོད་ལ་ཁག་མེད་ཟེར་མཁན་ཚོས་ཅི་བསམ་པ་ཡིན་མི་ཤེས། དེ་འདྲ་ལ་ཁག་མེད་ཟེར་བ་ཡིན་ན་ཁག་ཡོད་མཁན་སུ་གཅིག་ཀྱང་མེད། ཝ་བྲོས་བྱེད་པར་ཡང་ཁག་མེད། མགོ་འདོགས་བྱེད་པར་ཡང་ཁག་མེད། ཐོག་མར་ཁྲིམས་འགལ་གྱིས་བཙན་འཛུལ་བ་ལ་བསུ་བ་བྱས་པར་ཡང་ཁག་མེད། བར་དུ་དགྲ་བོའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཁྲིམས་མཐུན་གྱི་ངོ་བོར་བཟོ་ཆེད་ཆིངས་ཡིག་ནག་པོ་ལ་མིང་རྟགས་བཀོད་པར་ཡང་ཁག་མེད། ཐ་མ་བོད་མི་མང་གི་སྡུག་མ་ཐེག་པར་ཞི་རྒོལ་བྱས་པར་ཡང་འཁྱོག་བཤད་བྱས་པར་ཡང་ཁག་མེད། ད་སུ་ལ་ཁག་ཡོད་པ་རེད། མཚམས་རེ་ལ་ནི་ཁྱོད་ཚོས་ཡ་གི་རྒྱ་མིའི་རྒྱུགས་ཁྱི་རེད། དེ་གསད་དགོས། མ་གི་གུང་ཁྲན་གྱི་ཉུལ་མ་རེད། དེ་ཤེས་དགོས་ཞེས་གྲུང་གྲུང་ངར་ངར་ཆེ་བ་ལ་ཚོད་ཅིག་མི་འདུག མཚམས་རེ་ལ་ནི་ཅིག་ཅིག་ལ་ཁག་མེད། ཅིག་ཅིག་སྙིང་རྗེ། ཉིས་ཉིས་ལ་བྱས་རྗེས་ཡོད་སོགས་དད་པ་དག་སྣང་སྙིང་རྗེ་བཏང་སྙོམས་ཆེ་བས་ཕལ་ཆེར་བྱང་ཆུབ་སེམས་དཔའ་འམ་དེ་མིན་ནམ་བསམ་པ་རེ་ཡང་འཁྲབ་རྒྱུ་འདུག
དོན་ཚན་གཅིག་ནི་ང་ཕོད་བདུད་ཡིན་མིན་དེ་རེད། སྤྱིར་ང་རང་ཉིད་ལ་མིའི་མིག་ཐེབས་ཆག་འདི་ལས་ལྷ་འདྲེ་མཐོང་བའི་མིག་སོགས་མེད་དུས་འདི་ལྷ་རེད་དང་དེ་འདྲེ་རེད་ཅེས་ཐག་གཅོད་མི་ཐུབ། ཡིན་ན་ཡང་བདུད་ཅེས་པ་དེ་མཐའ་གཅིག་ཏུ་མགོ་ལ་རྭ་དང་ཁ་ལ་མཆེ་བ་ཅན་རེ་ཡིན་དགོས་ན་མི་ཤེས་མ་གཏོགས་དེ་མིན་ན་ང་ཕོད་བདུད་རེད་ཟེར་ན་ཡང་མི་ཆོག་པ་ཞིག་མིན་པ་འདྲ། འདི་ང་ཕོད་གཅིག་པོས་རྒྱལ་བློན་བླ་སློབ་དཔོན་འབངས་བར་གྱི་དམ་ཚིག་བསྲུངས་མེད་པའི་གནད་དོན་ཙམ་མིན་པར་ང་ཕོད་དང་ང་ཕོད་འདྲ་བ་ཁག་གཅིག་གི་བྱས་ཉེས་ལ་བརྟེན་ནས་བོད་གངས་རིའི་ལྗོངས་པ་ཡོངས་རྫོགས་ལ་དཀའ་སྡུག་ག་ཚོད་ཅིག་བྱུང་ཡོད། བསྟན་པ་དེ་འཛིན་དང་བཅས་པ་ལ་ཉམས་ཆག་འོ་བརྒྱལ་ག་ཚོད་ཅིག་བྱུང་ཡོད། འདི་ཚོས་དོན་དངོས་ལོག་འགྲེལ་བྱས་ནས་རྒྱ་ནག་མི་མང་གཙོས་པའི་མི་མང་ག་ཚོད་ཅིག་ལོག་ལམ་དུ་འཁྲིད་བཞིན་ཡོད། འདི་འདྲ་ཞིག་ལ་བདུད་མི་ཟེར་ན་སུ་ལ་བདུད་ཟེར་དགོས།
བོད་གཞུང་བཀའ་ཤག་གིས་མྱ་ངན་ཞུས་པ་དེ་ཡང་ང་ཕོད་དང་ང་ཕོད་ཀྱི་ནང་མིར་དུང་དྲགས་ནས་ཡིན་ནམ་རྒྱ་དམར་གཞུང་ལ་ཞེད་དྲགས་པ་གང་ཡིན་མི་ཤེས། འདི་ནོར་འཁྲུལ་ཡིན་པ་གསལ་པོ་རེད། ང་ཚོས་ང་ཕོད་དང་ང་ཕོད་ཀྱི་ནང་མི་སྙིང་ག་ཚོད་རྗེ་ན་ཡང་མི་རིགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་དེ་ཚོ་ནམ་ཡིན་ཡང་དཀར་ནག་གོ་ལྡོག་གིས་བཤད་ན་ཕུགས་སུ་གནོད་ཆེན་པོ་སྐྱེལ་གྱི་རེད། ཉི་མ་གཅིག་ལ་རྒྱ་དམར་གྱིས་ང་ཚོས་གྲོས་མཐུན་གྱི་ནང་དུ་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོའི་གོ་གནས་མི་ཕབ་པར་ཁས་ལེན་བྱས་པ་བཞིན་ང་ཕོད་སོགས་ལ་གོ་ས་མཐོ་ཤོས་གྲས་སྤྲད་ཡོད་ལ་ལས་དོན་དེས་བོད་མི་མང་གི་འདོད་བློ་ཚིམས་ཡོད་པ་ཏཱ་ལའི་རུ་ཚོགས་ཀྱིས་ཀྱང་ཁས་བླངས་ཡོད། དེ་མིན་ན་ཁོང་ཚོས་ང་ཕོད་གྲོངས་སྐབས་གཟེངས་བསྟོད་དང་མྱ་ངན་ག་ལ་ཞུ་ཞེས་བརྗོད་ཀྱི་རེད།
རྒྱ་དམར་གཞུང་གིས་བསྐོ་བཞག་བྱས་པའི་ང་ཕོད་དང་ང་ཕོད་ལྟ་བུའི་མི་སྣ་ཚོས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་མི་འདུག བོད་མི་མང་གི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཐུབ་ཀྱིན་མི་འདུག བོད་མི་མང་གི་སྐྱིད་སྡུག་ངོ་མ་དེ་ཀྲུང་དབྱང་ལ་ཞུ་ཕོད་ཀྱིན་མི་འདུག མི་འདི་འདྲས་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་པ་ལས་ལྡོག་སྟེ་མི་རིགས་དང་དབུས་གཞུང་བར་དང་མི་རིགས་དང་མི་རིགས་བར་གྱི་སེམས་ཐག་ཇེ་རིང་དུ་གཏོང་གིན་འདུག་ཅེས་རྒྱ་ནག་གཞུང་ལ་ཡང་བཤད་ཕོད་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་ཀྱང་མི་རིགས་ལྔ་བཅུ་ང་དྲུག་ཡིན་ནམ་དེའི་ཚབ་བྱེད་ནུས་པའི་སྲིད་གཞུང་ངོ་མ་ཞིག་བྱེད་འདོད་ཡོད་ན་མི་རིགས་ཀྱི་དབུ་ཁྲིད་ལ་ང་ཕོད་འདྲ་བ་ཚོ་བསྐོ་བཞག་བྱས་མ་ཡོང་ན་ཡག་པོ་རེད།
༡༩༨༠ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་དགོས་སྐོར་པཎ་ཆེན་བླ་མའི་རྗེས་ཟློས་ལྟ་བུ་རེ་བྱས་འདུག་པ་དེ་ལ་བཤད་རིན་ཤིག་མེད། དེ་ནི་ཁོའི་སྒེར་གྱི་ཁེ་ཕན་སྲུང་ཐབས་ཤིག་ཡིན། གསལ་པོར་བཤད་ན་དུས་ཚོད་དེ་ལ་སྐད་ཆ་དེ་འདྲ་རེ་མ་བཤད་ན་མི་རིགས་ཀྱི་ཚབ་མཚོན་མགོ་ཁྲིད་གྱི་གོ་ས་ལ་སྡོད་མི་ཐུབ་པའི་དུས་ཚོད་ཅིག་ཤར་གྲབས་བྱས་པ་རེད། ཡིན་ན་ཡང་རྒྱ་ནག་གི་ཚོད་ལྟ་དེ་ལ་ཕམ་ཉེས་བྱུང་སྟབས་པཎ་ཆེན་བླ་མ་བཀྲོངས་པ་དང་གནམ་བདེ་སྒོ་ཆེན་གྱི་ཞི་རྒོལ་ལ་དྲག་གནོན་གྱི་དོན་རྐྱེན་རྗེས་སུ་ང་ཕོད་སླར་ཡང་བཞུགས་སྟེགས་མཐོན་པོ་དེའི་སྒང་དུ་བཞུགས་ནས་རྒྱ་དམར་གྱི་ཁྱབ་བསྒྲགས་དམ་དུམ་འགའ་རེ་ཁ་འདོན་ཞིག་གི་ཚབ་ལ་བགྲང་བཞིན་དུ་གྲོངས་པ་རེད།
སྙིང་གཟེར་སྟབས། མུད་པའི་སྒོ་མོ་ཕྱེ་སོང་།
རྩུབ་ནས་རུས་པ་འཐོར་ཡང་མ་རིག་ཐལ།།
ནང་ནས་ཤ་ཁྲག་སད་ཀྱང་མ་ཤེས་ཐལ།།
འཁྲིས་ནས་རང་མི་གཏུབ་ཀྱང་མ་མཐོང་ཐལ།།
འདི་འདྲ་འདི་ནི་རྒུད་པའི་སྔ་འདྲེན་རེད།།
རྒྱང་གི་བྲན་གཡོག་བྱེད་ལ་རྨི་ལམ་གཏོང་།།
རྒྱང་གི་གྲོང་ཁྱེར་འགྲིམ་ལ་རེ་བ་མང་།།
རྒྱང་གི་བུད་མེད་འགྲོག་རྒྱུར་འདོད་པ་ཆེ།།
རིགས་རུས་རྩ་མེད་གཏོང་བའི་སྔ་ལྟས་རེད།།
བརྩེ་བའི་ཞེ་འདང་མི་དགོས་སྒོར་མོ་དགོས།།
དྲིན་ཆེན་དྲིན་ལན་མི་འདོད་ངོ་གཡོག་འདོད།།
མི་ཚེ་རིན་ཐང་མི་སྙེགས་དཔལ་འབྱོར་བཙལ།།
འགྲོ་བའི་བྱམས་བརྩེ་བཤིག་པའི་ཆོ་འཕྲུལ་རེད།།
གོང་ན་སྐྲག་སའི་མི་ཞིག་མེད་ན་ཟེར།།
བར་ན་ཆགས་སའི་མི་ཞིག་མི་དགོས་ཟེར།།
གཞུག་ནས་འབོད་པའི་སྐྱེ་དམན་མི་མཁོ་ཟེར།།
དོན་ལ་འགན་འཁུར་མེད་པའི་འཁྱམས་པོ་རེད།།
བོད་ཡིག་སྤྱང་ན་རང་མགོ་མི་ཐོན་གླེང་།།
བོད་སྐད་བཤད་ནས་ཁ་ལག་མི་རེག་གླེང་།།
བོད་ལྭ་གྱོན་ན་ལུས་ལ་མི་བདེ་གླེང་།།
བོད་ཞེན་རྩ་བ་བརླག་པའི་གཡབ་མོ་རེད།།
རང་གི་ཤེས་པ་གཞན་གྱིས་མི་ཤེས་འདོད།།
གཞན་གྱི་ཤེས་པ་རང་གིས་ཁས་མི་ལེན།།
རང་གཞན་ནམ་ཡང་མཐུན་འདོད་མི་བྱེད་པ།།
རང་གཞན་མཐུན་ལམ་ཆད་པའི་སྔོན་བརྡ་རེད།།
རིགས་ཀྱི་བརྡ་དག་སེམས་ལ་མེད་སོང་ན།།
རིགས་ལ་རང་དབང་ཐོབ་ཀྱང་དོན་མེད་རེད།།
རིགས་ལ་ཞེན་རྩ་དཀར་པོ་མེད་སོང་ན།།
རིགས་པའི་རྒྱལ་བོ་ཡིན་ཡང་དགོས་མེད་རེད།།
དགེ་རབ་ལགས། སྐུ་ཉིད་ལ་དཀའ་ཚེགས་ཤིག་གཏོད་དགོས་ཐུག་སོང་། དྲ་དེབ་སྟེང་དུ་འགོད་རོགས་ཞུ་ལགས།
ད་ཐེངས་གོ་རྒྱུ་ཅན་ཞིག་གི་སྐད་ཆ་ཡག་པོ་དོན་དང་ལྡན་པ་ཤིག་བྲིས་འདུག་།་་དམག་དཔོན་ཡིན་ན་འཛིང་དགོས་ནི་རེད་།་མ་ཐུབ་ན་ཤི་དགོས་ནི་རེད་།་དེ་མིན་གྱི་སྐད་ཆ་མང་པོ་ཡོད་པ་མ་རེད་།་ཤི་མི་ཐུབ་པར་སྐད་ཆ་མང་པོ་ཤིག་བཤད་པ་ནི་།་དམག་མི་མ་ཡིན་པའི་རྟགས་རེད་།་མུ་འཐུད་དུ་རྩོམ་འདི་འདྲ་ཕྲིས་།་ང་ཚོར་དགོས་བ་ནི་།་སྐད་ཆ་དྲང་མོ་བཤད་མཁན་དང་།་ལས་ཕོད་པ་དག་ལས་གཞན་ཅི་ཡང་དགོས་ནི་མ་རེད་།་བུ་རྒོད་པོ།་
ངས་དེང་སང་དཔྱད་བརྗོད་དང་རྩོམ་ཡིག་གང་མང་ཞིག་ཀློག་གིན་མེད། རྩོམ་མཁན་གྱི་མིང་ལ་བལྟས་ནས་བཞག་འཇོག་གི་ཡོད། ཡིན་ན་ཡང་གོང་གི་དེ་སྤོབས་པ་མཐའ་ཡས་ཀྱི་རྩོམ་རེད་འདུག་པས། ཨེ་འདིས་དོན་དག་ཅན་ཞིག་བཤད་ཀྱི་ཡོད་ངེས་སྙམ་ནས་གཅིག་ཀློག་པ་ཡིན། ང་པོད་ཀྱི་རང་སྲོག་དོར་མ་ཐུབ་པ་དེ་ནག་ཉེས་རེད། དེ་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་རྒྱུ་ག་ལ་ཡོད། དཔེར་ན་ང་རང་ང་པོད་ཀྱི་ཚབ་ལ་ཡོད་ཀྱང་རང་སྲོག་དོར་ཨེ་ཐུབ་མི་ཤེས་ལ། གཅིག་བྱས་ན་དོར་མི་ཐུབ་ན་ཡང་ཐང་མོད། འོན་ཀྱང་རྒྱལ་ཁབ་གཅིག་གི་ཆག་འཇིག་གི་དོན་དུ་བཀའ་བློན་ཆེ་ཤོས་ཤིག་གི་སྲོག་འདོར་མ་ཐུབ་པ་དེ་ཚབས་ཆེན་ཀྱི་ནག་ཉེས་རེད། བུ་མ་རྒོད་པའི་རྟགས་རེད། ཁ་བཤད་འབྲུག་དང་ལག་ལེན་འཇའ་ཟེར་བའི་དཔེ་ལྟར་རེད།
ད་དུང་སྟག་ལྷ་ཕུན་ཚོགས་ཀྱི་ལོ་རྒྱུས་རེད་དམ་ཅིག་གི་ནང་དུ། ༧གོང་ས་མཆོག་གིས་པན་ཆེན་རིན་པོ་ཆེ་དང་ང་པོད་གཉིས་ལ་ཕྱག་ཡིག་རེ་རེ་གནང་ཡོད་པ་༧གོང་ས་མཆོག་གི་སྐུ་ཚབ་རྣམས་ཀྱིས་ཁོང་གཉིས་ལ་ཕུལ་དུས། པཎ་ཆེན་རིན་པོ་ཆེས་ཕྱག་ཡིག་དེ་ཕྱག་གཉིས་ཀྱིས་དབུ་ཐོག་ཏུ་བཞག་ནས་ཐམས་ཅད་མཁྱེན་པ་སྐུ་ཁམས་བཟང་ངམ་སོགས་ཀྱི་བཀའ་འདྲི་གནང་བ་དང་། ང་པོད་ལ་གནང་བའི་ཕྱག་ཡིག་དེ་ཁོ་ལ་སྤྲོད་སྐབས། སྣང་མེད་ཀྱི་རྣམ་པས་ཐད་ཀར་མདུན་ཅོག་སྟེང་དུ་གཡུག་སོང་ཞེས་བཤད་འདུག འོན་ཡང་དེ་གང་གི་ནང་དུ་ཡོད་པ་དེ་རིང་དྲན་གྱི་མི་འདུག་ཀྱང་། ཁྱེད་ཚོ་མཐོང་རྒྱ་ཅན་ཚོས་མཐོང་ཡོད་ངེས།
རེད་རེད། དེ་སྟག་ལྷའི་དེབ་ནང་དུ་འདུག ད་དུང་དེབ་དེའི་ནང་དུ་རྒྱལ་ནག་གི་རྒྱལ་སྟོན་སྐབས་བོད་དང་ཐེ་ཝན་བཅིང་འགྲོལ་གཏོང་རྒྱུ་ཞེས་པའི་སྒང་ཕུག་དམར་པོ་ཆེན་པོ་གཉིས་གནམ་བདེའི་སྒོ་ཐང་ནས་ནམ་མཁར་བཏང་བས། བོད་བཅིང་འགྲོལ་རྟགས་ཅན་དེ་ཐོགས་ཐུག་མེད་པར་ནམ་མཁའི་དབྱིངས་སུ་འཕུར་སོང་བ་དང་། ཐེ་ཝན་བཅིང་འགྲོལ་རྟགས་ཅན་དེ་གློག་གི་ཀ་བ་རིང་བོ་ཞིག་ལ་འཁོན་ནས་འཕུར་མ་ཐུབ་པར་ལུས་སོང་བས། ང་ཕོད་ཀྱིས་ཐེ་ཝན་བཅིང་འགྲོལ་གཏོང་རྒྱུ་དེ་ལས་སླ་བོ་ཞིག་མིན་ས་རེད་ཅེས་བརྗོད་པས། སྟག་ལྷས་ནམ་རྒྱུན་ང་ཕོད་དོགས་པ་རྣམ་རྟོག་དེ་ཙམ་མེད་མཁན་ཞིག་ཏུ་མཐོང་ཡང་ཉིན་དེར་ཏོག་ཙམ་ཧངས་སངས་ལུགས་ཀྱང་བྲིས་འདུག
རེད། སྤོབས་པས་བཤད་པ་དངོས་བདེན་རེད།
མི་རིགས་གི་ཆེད་དུ་སྐད་ཆ་ཤོད་མཁན་ཞིག་ཡིན་ན། མི་རིགས་དེའི་ལོ་རྒྱུས་ཤོད་དགོས་པ་རེད།
ལོ་རྒྱུས་དེ་ཡང་དྲང་པོ་ཞིག་ཤོད་དགོས་གི་རེད། ཡིན་ན་ཡིན་པ་དང་མིན་ན་མིན་པ། བྱུང་ན་བྱུང་ཚུལ་དང་མ་བྱུང་ན་མ་བྱུང་ཚུལ་ངེས་པར་དུ་ཤོད་དགོས་གི་རེད། མི་ལ་ལས་དེ་འདྲ་མ་ཡིན་པར་ཡོད་མིན་མེད་མིན་དང་ར་མིན་ལུག་མིན་གྱི་སྐད་ཆ་སྤྱི་མ་སྦོམ་ཞིག་རྟག་པར་ཤོད་གི་ཡོད་པ་རེད། དེ་འདྲ་བའི་སྐད་ཆར་ནུས་པ་དང་ཆ་འཇོག་གང་ཡང་མེད།
མི་ལ་ལས་མི་རིགས་ཀྱི་ཆེད་དུ་རང་སྲོག་མེ་མདའི་འབེན་ལ་བཞག་ཏེ་ཤི་གི་ཡོད་པ་རེད། ཁོང་ཚོའི་བྱས་བརྗེད་ནི་ཀེ་ལ་ཤའི་རི་བོ་ལྟར་དུས་རྟག་ཏུ་ང་ཚོའི་མིག་མདུན་ན་ཁྲ་ལམ་མེར་ཡོད་པ་རེད། དཔེར་ན། པཎ་ཆེན་སྐུ་ཕྲེང་བཅུ་བས་མཚོན་རང་རིགས་ཁྲི་ཕྲག་མང་པོ་བྱུང་ཡོད་པ་རེད།
ཡང་མི་ལ་ལ་དེ་འདྲ་མིན་པར་རང་དང་རང་གི་འཚོ་བ་དང་ཚེ་སྲོག་གི་ཆེད་དུ་མི་རིགས་གི་ལྡེ་མིག་དགྲ་ལག་ཏུ་བཞག་པ་རེད། དཔེར་ན། ང་ཕོད་དང་ང་ཕོད་འདྲ་བའི་བོད་མི་ཚོ་རེད། ཁོ་ཚོ་ནི་ཤི་ཡང་ཤི་བའི་ནག་ཉེས་དུས་ནམ་དུ་ཡང་བགྲངས་ཚར་གི་མ་རེད།
མི་ལ་ལས་མི་རིགས་ལ་མཐོང་ཆུང་དང་མི་སྒེར་ལ་མཐོང་ཆེན་བྱེད་གི་རེད། མི་ལ་ལ་དེ་འདྲ་མིན་པར་མི་རིགས་གི་ཆེད་དུ་མི་སྒེར་གི་ལོ་རྒྱུས་ག་འདྲ་ཅིག་ཡིན་ན་ཡང་སྤོབས་པ་ཆེན་པོས་ཤོད་ཐུབ་གི་རེད། དེའི་རིགས་ང་ཚོའི་སྤྱི་ཚོགས་ནང་གྲངས་ཀ་ཉུང་ངུ་ཙམ་ལས་བརྩི་རྒྱུ་མི་རྙེད།
སྤོབ་པ་མཐའ་ཡས་གིས་གསུངས་པ་ལ་རྒྱུ་འཚན་འདུག དམག་དཔོན་ཞིག་གིས་གོ་ས་ལ་བཞུགས་ནས་འགན་མ་ཁུར་ན་ནག་ཉེས་ཡིན་པ་སྨྲོས་མེད་རེད་ ད་དུང་བཙུན་བྱོལ་གཞུང་གི་ཁག་ཡོད་མ་རེད་ཟེར་ནས་མྱ་ངན་གུས་མདུད་ཞུ་གི་ཡོད་རེད་ འོ་ན་མོའུ་ཚེ་ཏང་ལ་ ཁག་ཡོད་མ་རེད་ ཁོང་རང་གི་རྒྱལ་ཁབ་རྒྱ་སྐྱེ་གཏང་དགོས་ཡོད་ཙང་ཁོང་ལ་ཡང་མྱ་ནང་གུས་འདུད་ག་རེ་བྱས་ནས་མ་ཞུས་པ་རེད་
ང་ཕོད་འཇིགས་མེད་ཕ་བུ་གཉིས་ལས་ཨ་ཕས་ཀྲུང་གོ་བདམས་པ་རེད། བུ་ཡིས་མེ་གོ་བདམས་པ་རེད། ཁྱད་པར་འདུག་གམ།
དང་པོར་ང་ཕོད་རང་ལ་བསྟིམས་ཏེ་དེ་དུས་ཀྱི་ང་ཕོད་སྐྲག་ཤོར་དེ་ང་རང་ཚོ་ཡིན་ན་ག་རེ་བྱས་ཡོད་ཀྱི་རེད་ཅེས་བསམ་བློ་ཞིག་ཐོངས། དེ་ནས་ང་ཕོད་མདུན་དུ་གསལ་བཏབ་ནས་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ན་ཤོད། དེ་བཞིན་ལོ་སྔོན་མའི་ཞི་རྒོལ་གྱི་སྐབས་སུ་རང་རང་གིས་ག་རེ་བྱས་ཡོད་མེད་ལ་བསམ་བློ་ཞིག་ཐོངས། དེ་ནས་རང་ཉིད་གཉིས་པ་ཞིག་མདུན་དུ་གསལ་བཏབ་ནས་དེ་ལ་ཡང་དཔའ་བོ་རེད་དང་སྡར་མ་རེད་ཀྱི་སྐད་ཆ་ག་རེ་ཡོད་ན་ཤོད།
གྲོགས་པོ་ཚོས་བའི་བསམ་ཚུལ་དེ་བཀླགས་ནས་དགོངས་འཆར་གསུངས་པ་ཐུགས་རྗེ་ཆེ། ངས་ཁར་སང་འདི་དུས་བབ་ལ་བསྐུར་ཡོད་ཀྱང་ད་དུང་བཀོད་མི་འདུག་པས་དེ་རིང་འདིར་འགོད་རོགས་ཞུས་པ་ཡིན། གཅིག་བྱས་ན་དུས་བབ་ཚང་ཞེད་པ་འདྲ་མིན་ནམ།
ཨ་ཁ་།་ཀླུ་སྨྱོན་གྱི་བཤད་པ་དེ་བདེན་པ་རེད་།་ང་ཚོ་་རང་གིས་མགོ་ལ་སྐོར་ན་ཅི་ཞིག་བྱེད་པ་ང་ཚོས་གནས་ཚུལ་ཛ་དྲག་ཅན་དེ་ལྟ་བུ་ཞིག་གི་ནང་ལ་ལྷུང་མ་གཏོགས་ཤེས་གིན་མ་རེད་།་ཡང་ང་ཕོད་ང་ཚོད་དང་འདྲ་གིན་མ་རེད་།་གཅིག་།་ཁོ་བོད་ཀྱི་སྡེ་བ་གཞུང་གི་དམག་དཔོན་རེད་།ཁོའི་མི་རབས་ཚ་རྒྱུད་དང་བཅས་བ་བོད་མི་མང་གིས་ཐོག་ནས་ཤ་ཟོས་།་ཁྲག་མཐུང་དེ་འདྲ་བྱས་ནས་བསྡད་པའི་སྐུ་དྲག་རེད་།ཁོ་ཚོས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་འདེགས་སྒྲུབ་པའི་མིང་ཐོག་ནས་སྒེར་གཞིས་སྤྲད་པ་རེད།་དེ་མིན་ཁོ་ང་ཚོ་དང་གཅིག་པ་རེད།ཁོ་ཚོའི་རང་གི་འགན་སྒྲུབ་མ་ཐུབ་ན་།བོད་མི་མང་གི་ཐོག་ནས་བཟོས་ནས་རྒྱུ་ནོར་ལོངས་སྤྱོད་ཚང་མ་བཀོར་གིན་ལོག་པ་རེད།་གཉིས།ང་ད་དུང་ང་ཕོད་ཀྱི་མཐའ་མཇུག་གི་སྐད་ཆ་ཤིག་ལ་སྒུག་བསྡད་ཡོད།་ཨ་རི་ན་ཡོད་པའི་ང་ཕོད་ཀྱིས་སྐད་ཆ་ཚང་མ་བཤད་པའི་དུས་རེད།་གྲགས་མེད་འགུལ་མེད་ཀྱི་བུད་སོང་ན་སྤོབས་པ་མཐའ་ཡས་ཀྱི་སྐད་ཆ་ལས་ང་ཕོད་ཀྱི་མི་ཚེ་མཇུག་བསྡུ་རྒྱུ་ལས་གཞན་པ་མེད་གིན་།་
ང་ཚོ་བོད་པའི་ནང་ནས་ཨེ་རཀ་གི་ས་ཏིན་ཧོ་སན་ལྟ་བུའི་སྲིད་འཛིན་ཉུང་ནི་རེད། ཚང་མ་རང་གི་སྙིང་ལག་པའི་ནང་ལ་བཟུང་བཟུང་པ་རེད། ས་ཏིན་ཧོ་སིན་ཡིན་ན་ཨ་རིས་གལ་ཏེ་ཁྱོད་རང་ཡོ་རོབ་སོགས་རྒྱལ་ཁབ་གཞན་དག་ས་སོང་ན་ཁྱོད་རང་གི་ནང་མི་ལ་རྙོག་དྲ་ཡོད་པ་མ་རེད་ཅེས་པར། ངའི་སྲོག་ཤོར་ན་ཡང་རང་གི་མི་རིགས་དང་རྒྱལ་ཁབ། ཆོས་ལུགས་བཅས་ཀྱི་ཆེད་དུ་ཡིན་པས། ཨེ་རཀ་གི་ལོ་རྒྱུས་ཐོག་བསྡད་ཀྱི་རེད། ང་རང་གི་སྐྱེ་ས་གཡུག་ནས་ཡོ་རོབ་ལ་ཕྱིན་པ་ཡིན་ན། ངའི་ལོ་རྒྱུས་དེ་ནམ་ཡང་ནག་པོ་བཀྲུས་མི་ཐུབ་པ་ཆགས་ཚར་བ་རེད་གསུངས་མྱོང་། འདི་འདྲ་ཅིག་བོད་པའི་སྤྱི་ཚོགས་ནང་དུ་པན་ཆེན་རིན་པོ་ཆེ་མ་གཏོགས་མཐོང་ཐུབ་པ་མི་འདུག
ད་ང་ཕོད་ཟེར་བ་དང་། དགེ་སྟེགས་སྤྲུལ་སྐུ། འབའ་བ་ཕུན་དབང་དེ་ཚོ་སྔ་མ་མེད་པའི་ཁྱི་རེད། བོད་ནང་ན་དེ་འདྲའི་ཁྱི་མང་ནི་རེད། ཚང་མ་ལ་ཅེའུ་ཅེའུ་ཧྥིན་ཙི་ཟེར་བ་དེ་རེད། རྒྱ་རྒན་ཚང་གིས་བཏགས་ནི་ཡིན་ས་རེད།
ཀླུ་སྨྱོན། གསལ་བཏབ་རུང་མ་བཏབ་རུང་ལས་ཀ་དེ་འདྲ་རང་གཞན་སུས་བྱས་ན་ནག་ཉེས་ཡིན་པ་གསལ་པོ་མ་རེད་དམ།
ཟླ་མེད། ཅེའུ་ཅེའུ་ཧྥིན་ཙི་ཟེརན་ག་རེ་རེདཉ
ང་ཕོད་ཨུ་ཡོན་ཀྲང་ལ་བཙོག་བཤད་བྱེད་རྒྱུ་ཅང་མེད། རྒྱ་རིས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་བོད་དོན་ཐག་གཅོད་ཡོང་ཐབས་ཞེས་བཤད་ཡོང་གི་འདུག
རྒྱ་རིས་དོན་ཚན་བཅུ་བདུན་གྱི་ཐོབ་ཐང་དེ་ཙམ་ཡང་སླར་གསོ་བྱེད་ཐུབ་ཀྱི་ཡོད་མེད་ལ་དོགས་པ་འདུག ད་དུང་ ༢༠༠༢ ལོ་ནས་རྒྱ་བོད་གྲོས་མོལ་སླར་གསོ་བྱུང་བ་དེ་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་བ་ཡིན་ཚུལ་ཞིག་བཤད་སྡོད་ཀྱི་འདུག་མོད། ན་ནིང་དགུན་ཁ་ཀྲང་ཅུན་ཝུའི་ཡི་སྐྱག་པ་རློན་པ་སྤྲད་སོང་ང་། བཤད་རྒྱུ་ཡིན་ན་སྐྱག་པའི་དྲོད་མ་ཡལ་བར་རླངས་པ་ཐིལ་ལི་ལི་ཡོད་པ་འདི་ཤོད། རྒྱ་ལོ་ཡིས་མ་འཇོན་པ་ཞིག་ ༢༠༠༢ ལོ་ནས་འཇོན་བཏང་ཁུལ་ཞིག་བཤད་དེ་བདུན་ཕྲག་གཅིག་གཉིས་ཀྱི་སྔོན་ལ་ཡང་ཀྲང་ཅུན་ཝུའུ་ཡིས་ནམ་ཐང་དཀྱིལ་ནས་ལངས་སུ་བཅུག་སོང་ང་། བཤད་ན་མི་ཤི་བོ་ཞིག་གི་རོ་ལ་མ་བཤད་གསོན་པོ་ཞིག་གི་ངོ་ལ་ཤོད།
རེད་ཡ། གཡུ་འབྲུག རྒྱ་རི་འགྲོ་སའི་ལམ་སྡུག་ཆག་འདི་དེའི་སྔོན་མ་ཚོས་བཏོད་ཚར་བ་རེད། དེའི་ནག་ཉེས་དེ་ཡང་ཕར་་དེད་ན་ང་ཕོད་སོགས་ལ་ཐུག་ཡོད་རེད།
འུར་སྒྲ་ཆེ་བའི་དབྱར་དུས་ཀྱི་རྔ་སྒྲ་ནི་དོན་དངོས་ཐོག་སྟོང་སྐད་ཙམ་ལས་གཡུ་འབྲུག་སྔོན་མོའི་ཁ་ནས་གྲག་པ་གང་ཡང་མིན་པས་སྙིང་བོ་དང་རྒྱུ་མཚན་གྱིས་དབེན་པ་ཡིན། རང་ཁྱིམ་གཞན་ལ་བཙོང་བ་དང་། རང་ཁྱིམ་རང་གིས་ཉོ་མཁན་གཉིས་མི་འདྲ། རང་གིས་རང་མི་བསད་པ་དང་གཞན་གྱིས་རང་མི་བསད་པ་འདྲའམ། རྒྱ་མིས་བོད་མི་བསད་པ་དང་བོད་མིས་བོད་མི་བསད་པ་ལ་ཁྱད་པར་ཡོད་དམ་མེད། གཡུ་འབྲུག་མིང་ཅན། སྙིང་བོའི་དབེན་པའི་སྟོང་སྐད་མ་སྒྲོག
ཨ་ལེ་རེད་པས། ཉིན་མ་ཁ་ཤས་ཀྱི་སྔོན་ལ་ཨ་མདོ་ཞི་མོ་ཞིག་གིས་ང་ཕོད་ཤི་བ་ནི་ “ལོ་རྒྱུས་ཀྱི་མགོ་ཁུངས་མཚོལ་སའི་ཁོང་བཤེགས་སོང་བ་རེད་”ཅེས་བཤད་པ་དེ་ཡིན་རྒྱུ་ནི་འདི་འདྲ་ཞིག་ལ་བཤད་པ་འདྲ། བོད་ཀྱི་ད་ལྟའི་གནས་སྟངས་འདི་ང་ཕོད་ནས་བཟུང་མ་བྱུང་མ་འགྲིག་པ་ཞིག་ཡིན་པ་དེ་རིང་མ་གཏོགས་ཧ་གོ་མ་སོང་། ངས་འདིར་ང་ཕོད་ལ་དཀར་འདོན་དང་རྒྱབ་རྩ་བྱེད་ཀྱི་ཡོད་པ་དེ་འདྲ་མིན་པར། མིའི་རོ་ལ་མ་བཤད་པར་ངོ་ལ་ཤོད་ཅེས་ཁ་སང་དེ་རིང་འབྱུང་བཞིན་པའི་གནས་ཚུལ་གྱི་ཐོག་ལ་བཤད་ཐུབ་ན་ང་ཚོའི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་ཐག་གཅོད་ལ་མ་འགྱོད་མ་ལན་པ་ཞིག་ཡོང་རྒྱུ་རེད་བསམ་པ་ཡིན། དེས་ན་ང་ཕོད་དང་རྒྱ་ལོ། རྒྱ་རི་སུམ་སྦྲེལ་བྱས་ནས་བཤད་ཀྱིས་ཉོན་ཤིག
བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་མོ་ཟེར་བ་ལ་སོགས་ཆབ་སྲིད་ཀྱི་ལས་འགུལ་གང་རུང་གི་འཐབ་རྩོད་ཀྱི་གྲིབ་མ་ཙམ་ཡང་མ་ཕོག་པའི་གཞིས་ལུས་བོད་མི་ཞིག་ནི་ང་ཕོད་ངག་དབང་འཇིགས་མེད་ཡིན། རྒྱུ་མཚན་ནི་ཁོ་ནི་སུས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པའི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་དང་ལོ་རྒྱུས་ཀྱི་བདེན་དཔང་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
བཙན་བྱོལ་ནས་རྒྱ་ལོ་དོན་འགྲུབ་རེད། ཡིན་ནའང་རྒྱ་ལོའི་དམིགས་བསལ་གྱི་གོ་བབས་དེ་ད་སྐབས་རྒྱ་རི་ལ་ཤོར་ཡོད། རྒྱ་རི་ལ་ཇི་ལྟར་ཤོར་སྟངས་ཀྱི་ཐད་ལ་འགྲེལ་བཤད་སྣ་ཚོགས་ཡོད་སྲིད། ཡིན་ནའང་ངའི་བསམ་པར་ཕྱིའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རྒྱ་རི་ཡི་ཨ་མི་རི་ཀའི་སྲིད་དོན་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་དང་། ནང་རྐྱེན་ནི་ཟམ་གདོང་གི་སྲིད་འཛིན་དོ་དམ་ལ་ཐུག་ཡོད་པར་འདོད།
རྒྱ་ལོ་ཡི་སྐབས་སུ་རྒྱ་བོད་འབྲེལ་མོལ་གྱི་གནས་ཚུལ་དང་ཟིན་ཐོ་འདི་ཡིན་ཞེས་གཞུང་འབྲེལ་ཡིག་མཛོད་ཅིག་སྟོན་རྒྱུ་མེད་མོད། ཡིན་ནའང་ད་ལྟ་ང་ཚོའི་སྐབས་སུ་དེ་ལྟར་མིན་ཞེས་རྒྱ་རི་ཡིས་ཡང་ཡང་བཤད་པ་དེ་ནི་ཟམ་གདོང་གི་དོ་དམ་འོག་ནས་བྱུང་བ་ཞིག་མ་གཏོགས་རྒྱ་རི་ཡི་མིག་རྒྱང་ལས་བྱུང་བ་ཞིག་ཏུ་མི་བསམ།
རྒྱ་རིས་འགོ་འཁྲིད་པའི་འདས་པའི་འབྲེལ་མོལ་ཐེངས་བརྒྱད་ཀྱི་གྲུབ་འབྲས་ནི་རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་སྲིད་དོན་བཤད་རྒྱུའི་ཐོབ་ཐང་མེད་ཅེས་ན་ནིང་རྒྱ་ནག་གཞུང་གིས་བཤད་སོང་བ་དེ་ཡིན། ན་ནིང་རྒྱ་རིའི་ཕྱོགས་ནས་བོད་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དེ་ལ་རྒྱ་ནག་གཞུང་གིས་ལན་འདེབས་ཇི་ལྟར་བྱས་པ་ཚང་མས་མཁྱེན་གསལ་རེད། སྐབས་དེར་རྒྱ་ནག་གཞུང་གིས་ཐ་ན་ 79 ལོར་ཏིན་ཞའོ་ཕིན་གྱིས་བོད་རང་བཙན་མིན་པའི་གནད་དོན་གང་རུང་གི་ཐོག་ལ་གྲོས་མོལ་བྱས་ཆོག་གི་རེད་ཅེས་བཤད་མེད་པའི་གསལ་བསྒྲགས་ཀྱང་བྱས་པ་རེད།
ཏིན་ཞའོ་ཕིན་གྱིས་རྒྱ་ལོ་དོན་འགྲུབ་ལ་དེ་ལྟར་བཤད་ཡོད་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རབས་དགུ་བཅུའི་ནང་དུ་བཏོན་པའི་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་དུ་གསལ་བོར་བཀོད་ཡོད། ཡིན་ནའང་བོད་ཀྱི་ཕྱོགས་ནས་སྐབས་དེར་རྒྱ་ལོ་དང་འཇུ་ཆེན་གཉིས་ཀྱིས་གསར་འགོད་ཚོགས་འདུ་ཞིག་བསྐྱངས་པ་མ་གཏོགས་དེ་ལ་གསལ་བཤད་དང་ལན་འདེབས་ཅི་ཡང་བྱས་མ་སོང་། མཚམས་མཚམས་ལ་འདི་ནི་ཟམ་གདོང་དང་རྒྱ་རི་གཉིས་ཀྱིས་རྐང་བཙུགས་ནས་རྒྱ་ལོ་དོན་འགྲུབ་ཀྱི་བྱས་རྗེས་ནག་གསུབ་གཏོང་གི་མེད་དམ་བསམ་པའི་དོགས་པའང་སྐྱེས་ཀྱི་འདུག མངོན་ལྐོག་ནས་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་མཐར་གཏུགས་ན་གནས་ཚུལ་གྱི་ངོ་བོ་ཅི་ཡིན་ཟམ་གདོང་དང་རྒྱ་རི་གཉིས་ཀྱི་སེམས་སུ་ཝ་ལེར་གསལ་ངེས། འདི་ནི་ཆབ་སྲིད་ཀྱི་ཟློས་གར་ཟེར་བ་དེ་རེད། མང་ཚོགས་ཀྱིས་འདིའི་ཐད་ལ་དགའ་སྐྱོ་ཆགས་སྡང་གི་བསམ་ཚུལ་ཙམ་བཤད་པ་ལ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་ཀྱི་དྲི་བ་ཆེན་པོ་དེ་འདྲ་མ་དྲིས་ན་དགའ་གི་རེད། དྲི་བ་འདྲི་ས་མང་ཚོགས་མ་རེད། སྲིད་ཇུས་བཟོ་མཁན་གྱི་ཟམ་གདོང་དང་དམིགས་བསལ་སྐུ་ཚབ་རྒྱ་རི་སོགས་རེད།
དུས་བབ་གསར་འགོད་པས་རྒྱ་རི་ཚོགས་ཁག་གི་དྭགས་པོ་བསོད་ནམས་ལ་རྒྱ་བོད་ཀྱི་འབྲེལ་མོལ་སྐོར་ལ་དྲི་བ་དྲིས་པ་འདིར་གཟིགས་དང་བློ་སྐྱེད་ཏོག་ཙམ་ཐོབ་ངེས་རེད། http://www.tibettimes.net/news.php?showfooter=1&id=822
རྒྱ་རི་ཚོགས་ཁག་ཅེས་བོས་ཚེ་ཁ་ཤས་ལ་དོགས་འདྲོགས་ལངས་སྲིད། ངས་ནི་ཝ་ཤིན་ཊོན་གྱི་བུ་ཆུང་ཀེ་ཚེ་རིང་ཞེས་གཞུང་ཞབས་མིན་པའི་མི་ཞིག་རྒྱ་བོད་འབྲེལ་མོལ་གྱི་བོད་ཕྱོགས་ཀྱི་སྐུ་ཚབ་ཀྱི་གྲས་སུ་སླེབས་སྟངས་ཀྱི་ཐོག་ནས་བཤད་པ་ཡིན། ད་དུང་། སུད་སི་ཡི་དོན་གཅོད་ཚེ་བརྟན་བསམ་འགྲུབ་དང་ཡུ་རོབ་ཀྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན། སྐུ་སྒེར་དྲུང་ཆེ་འཆི་མེད་ལ་སོགས་རྒྱ་རི་དང་ཇི་ལྟར་འབྲེལ་ཆགས་སྟངས་སོགས་ཀྱི་ཐད་ལ་བལྟས་ཚེ། ངས་ནི་དམངས་གཙོ་ཚགས་པར་དང་དེའི་རྩོམ་སྒྲིག་པ་རྣམས་ཀྱི་མིག་རྣོན་པོ་དང་རིག་པ་གསལ་བོ། ཁ་ཚ་བོ་ལས་ཐོན་པའི་སྐྱོན་བརྗོད་དང་ལྟ་རྟོག་གི་རྩོམ་ཡིག་དེ་དག་མུ་མཐུད་ནས་སྤྱི་ཚོགས་ཐོག་ཀློག་རྒྱུའི་སྐལ་བ་ལྡན་ན་ཅི་མ་རུང་ཨང་བསམ་བྱུང་།
གཅིག་།་མི་ཚང་མས་ད་དུང་ང་ཕོད་ཀྱི་ལོ་རྒྱུས་ཆ་ཚང་ཧ་གོ་གིན་མི་འདུག་།་གཉིས།་ང་ཕོད་ལ་རྒྱ་དམར་གྱིས་གནོད་སྐྱོན་གཅིག་ཡང་བཏང་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་མ་རེད་།་རིག་གསར་གྱི་སྐབས་སུ་ང་ཕོད་བཟའ་མི་དང་བཅས་བ་པེ་ཅིན་མགྲོན་ཁང་དུ་སྒོ་ལའང་འགྲོ་མ་ཐུབ་པར་བཟང་བཙོན་ལྟ་བུའི་ལོ་གསུམ་ཙམ་ལ་བསྡད་པ་རེད་།
གཉིས་།་ང་ཕོད་ཀྱི་སྐད་ཆ་ཚང་མ་ད་བཤད་པའི་དུས་སྐབས་རེད་།་ང་ཕོད་འཇིགས་མེད་ལགས་ཀྱིས་བཤད་པའི་རེ་བ་ཡོད་གལ་སྲིད་བཤད་རྒྱུ་ཤིག་ཡོད་ན།་
གསུམ།་གལ་སྲིད་རྒྱ་གཞུང་བཤད་པ་ཤིག་ལས་བཤད་རྒྱུ་མེད་ན་།་ད་སྤོབས་པ་མཐའ་ཡས་ཀྱི་སྐད་ཆས་ང་ཕོད་ཀྱི་ལོ་རྒྱུས་མཇུག་རྫོགས་པ་དེ་རེད་།་
བཞི་།་ང་ཕོད་ཀྱི་ལོ་རྒྱུས་གོ་གནས་དེ་།་རྒྱ་ལོ་།་རྒྱ་རི་སོགས་ལ་འབྲེལ་བ་ཅི་ཡང་མེད་གིན་།་ད་ལྟ་ཁྱེད་ཚོས་བསམ་བཞིན་དུ་གླེང་བཞིན་པ་འདི་ཁྱེད་རང་ཚོའི་ཆབ་སྲིད་རེད།་
ལྔ་།་ཨ་མདོ་མཛེས་མ་ད་དུང་གནམ་ན་འཕུར་གྱིན་ཡོད་པ་རེད་།་མགྱོགས་པོ་ཐང་ལ་འབབ་གིན་རེད་།་
གོང་གི་འདི་ནི་སྤོབས་པ་མཐའ་ཡས་ཀྱི་རྩོམ་དང་མཆན་ཏེ། “རྒྱ་རི་འགྲོ་སའི་ལམ་སྡུག་ཆག་འདི་དེའི་སྔོན་མ་ཚོས་བཏོད་ཚར་བ་རེད། དེའི་ནག་ཉེས་དེ་ཡང་ཕར་་དེད་ན་ང་ཕོད་སོགས་ལ་ཐུག་ཡོད་པ་རེད་ཟེར་བ་དེའི་ལན་ཁོ་ན་ཡིན་མ་གཏོགས། བསྟན་དོན་གཞན་ཅང་མེད། ང་ནི་སྤོབས་པ་མཐའ་ཡས་ཀྱི་མཁྱེན་ཡོན་དང་ལྷག་བསམ་ལ་བརྩི་བཀུར་བླ་ལྷག་ཞུ་མཁན་ཞིག་ཡིན། སྤོབས་པ་མཐའ་ཡས་རྒྱུན་རིང་ཞིག་ལ་མ་མཇལ་བར་ཡང་སྐྱར་མཇལ་བར་དགའ་སྤྲོ་བྱུང་། ཁོང་ནི་དྲ་ཐོག་འདི་ནས་རྒྱུས་མངའ་ཆེ་ཤོས་ཀྱི་དྲ་གྲོགས་རྙིང་པ་ཞིག་ཡིན། འོག་སྨྱོན་ལ་མ་སོང་ཞིང་རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་དང་བོད་རང་གི་རིག་གཞུང་། ལྷག་པར་དུ་རྒྱ་ནག་གི་ཉེ་རབས་ཆབ་སྲིད་ལོ་རྒྱུས་ལ་གཞན་དྲིང་མི་འཇོག་པ་ཞིག་ཡོད། ཁོང་གི་རྩོམ་ཞིག་ལས་རྒྱ་ནག་གི་གྲོག་མ་སྔོན་པོ་ཞེས་པའི་ཚིག་དེ་ད་དུང་ཡང་སེམས་ན་གསལ་ཐིང་ངེར་གནས།
གཡུ་འབྲུག་གིས་སྐད་ཆ་གལ་ཆེན་ཞིག་བཤད་འདོད་ཡོད་པ་གོ་ཡོད། འདི་ན་མི་ཤི་བོའི་རོ་ལ་ཞེད་འདུག་མཁན་རྐྱང་རྐྱང་གིས་གང་བསྡད་ཡོད་ས་ཞིག་ན་གསོན་པོའི་ངོ་ལ་བཤད་ཕོད་མཁན་དཀོན་རྒྱུ་རེད་ཡ།
ལམ་གྱི་དྲང་ཐད་དུ་མི་འགྲོ་བར་གཡས་གཡོན་ལ་མཆོང་ལྡིང་བྱེད་པ་དག་ནི་ཁལ་ཐེག་གིན་མེད་པའི་བོང་བུའི་དཔེ་རུ་འགོད་པ་ལས་གཞན་མེད།
ཡར་ཐོན་གྱི་མི་རིགས་དང་ཚགས་ཚུལ་གྱི་གཞུང་རྣམས་ནི་དུས་ནས་དུས་སུ་སྤྱི་ཚོགས་རང་ཁོངས་གི་ཉེས་སྐྱོན་ཐེར་འདོན་དང་། ཞན་འགོག་དགེ་སྒྲུག་གི་དཔྱད་ཞིབ་ལ་གཞུང་སྒེར་ཐུན་མོང་གིས་འབད་བཞིན་ཡོད་ན་ཡང་། ང་ཚོའི་སྤྱི་ཚོགས་སུ་ད་དུང་ཡང་རང་ཕྱོགས་དང་རང་ཕྱོགས་གི་མི་ལ་ནག་ཉེས་རི་བོ་ཙམ་རེ་ཡོད་ན་ཡང་འགེབས་ཐབས་ཁོ་ན་བྱེད་པ་་ལས་ཡོ་བསྲང་གཏན་ནས་བྱ་འདོད་མེད་པའི་གོམས་གཤིས་འདིའི་རུལ་དྲི་ད་དུང་ཡང་ག་ས་ག་ལ་ཁྱབ་ཡོད་སྟབས་ཡར་རྒྱས་ཀྱི་སྣེ་འཛིན་ཐུབ་གི་མེད་པ་དང་། རང་ཚུགས་གི་ཀ་བ་འཛུག་དཀའ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་དེར་ཐུག་ཡོད།
མདོ་ལྷ་ཁམས་པས་སྐད་ཆ་བློར་འབབ་ཅིག་བཤད་སོང་། དེའི་ཁ་ངོར་བལྟས་ཁྱོད་ལ་གསང་གཏམ་ཤིག་བཤད། རྒྱ་མིས་སྡུག་པོ་བཏང་ན་སྡུག་བསྔལ་དང་། བོད་མིས་སྡུག་པོ་བཏང་ན་བདེ་སྐྱིད་ཅིག་རེད་རྩ་ནས་མི་བསམ་གི དེས་ན་ཁྱོད་ཀྱིས་དྲིས་པའི་སུས་སུ་བསད་ནའང་གཅིག་མ་གཏོགས་གཉིས་སུ་མི་མཐོང་གི
ཨ་རོག་ཆ་བོ་ད་ང་ཕོད་གླེང་ནས་ཆི་ཟིག་ཡོང་དེ་ལས་ཆང་རེ་འཐུང་ཞོར་ལ་ཞི་མོ་ཆ་རེ་ལ་ཅིག་བཤད་ན་ཧྲ་ག་ཟེར།
རྩམ་དགའ། དེ་རང་ད་ང་ཕོད་གླེང་ཞོར་དང་། ཆང་རྔུབ་ཞོར། ཞི་མོ་གླེབ་ཞོར་ཡིན་ད།
གོང་གི་མདོ་ལྷ་ཁམས་པའི་བཤད་ནོ་ཧྲ་གི
གནས་ལུགས་ཡོད་ཀིན་ད་དུང་ཤོད་ར་བསྒུགས་ནས་ཡོད།
ཡིན་ད་ཡིན་ང་ལ་མཚོན་ན་འདི་ལས་སྐྱིད་ཟིག་ཡོད་ནི་མ་རེད།
ཆང་འཐུང་ཆེ་ན་ཞི་མོ་ནོན་མི་ཡོང།
ད་ང་ཚོ་ལ་ཞི་མོ་ཡོད་ནོ་ཟོག་བཤད་ན་མཛེས་མ་ཚེ་སྐྱིད་ཡོད་ནི་རེད་ར་མོ་དེང་སང་བླ་རྒན་ཆ་རེ་ཡོང་ནས་འཕྲོག་འགྲོ་གི་ཨ་རོག།
ང་ད་ཆང་འཐུང་གིན་འཐུང་གིན་ཇེ་ངར་ལ་བུད་འགྲོ་ནོ་བྱ་བཙོག་གི
ཡིན་ནི་རེད། ཆགས་སྣེ་ཆང་གིས་འདྲེན་ཟེར་ནི་རེད། དེ་བཞིན་ཞི་མོ་ཞིག་གིས་གྲྭ་པ་ཞིག་ལ། ར་མ་གསོད་དམ་ཞི་མོར་རྒྱོའམ་ཆང་འདི་འཐུང་ཞེས་འདེམ་དུ་བཅུག་དུས་ཀྱང་གང་ཞིག་བདམས་པས་གང་ཞིག་ཏུ་བསྐྱལ་བ་དྲན་པར་གྱིས།
ཨ་རོག་ཁྱོད་སྡོད་ར་སྡོད་ད། ང་ཕྱི་ལ་སོང་ནས་མཛེས་མ་ཞིག་ཁྲིད་ནས་ཡོང་གོ
ཞི་མོ་ཞིག་གིས་ཨ་ཁུ་ལ་འདི་འདྲ་དྲིས་ན་ལྟས་ངན་མ་ཡིན་ནམ།
དེ་རིང་ཡིན་ན། སྤོབས་པ་མཐའ་ཡས་ཀྱིས་ འདི་ཡན་ཆད་བླ་མའི་ཆོས་རྭ་ཡིན། འདི་མན་ཆད་དཔོན་པོའི་ཁྲིམས་རྭ་ཡིན། ཞེས་བཤད་སོང་ང་། ཡག་པོ་རེད། དཀར་པོ་དཀར་པོ་རེད། ནག་པོ་ནག་པོ་རེད། དཀར་ནག་ཤན་ཕྱེས་པ་རེད།
འདིའི་སྐོར་གྱི་ལོ་རྒྱུས་ནི་ཧ་ལམ་ལག་མཐིལ་ལ་སྐྱུ་རུ་ར་བཞག་པའི་དཔེ་བཞིན་ཧ་ལམ་གསལ་པོར་ཡོད་པ་རེད། བོད་པས་བྲིས་ཡོད་པ་རེད། ཕྱི་རྒྱལ་བས་བྲིས་ཡོད་པ་རེད། སྐབས་དེའི་མིས་བྲིས་ཡོད་པ་རེད། མཐའ་མ་དེར་ང་ཕོད་ཆབ་མདོ་ནས་མགོ་སྒུར་སྐབས་ཁམས་དམག་ཉིས་བརྒྱ་ཙམ་གྱི་མཚོན་ཆ་གཡུགས་བཅུག་ནས་གུང་དམག་ལྔ་བཅུ་ཙམ་ལ་མགོ་སྒུར་པ་རེད་ཅེས་བྲིས་འདུག་ག འདི་ཚོ་ནི་གླེང་ཟིན་པ་རེད། གླེང་བཞིན་པ་རེད། གླེང་བར་འགྱུར་བ་རེད། བཀྲུས་ན་མི་དག་པའི་བདེན་པ་རེད། བོད་གཞུང་གིས་ང་ཕོད་ལ་ “བཀའ་ཟུར་”ཞེས་ཚུར་འཐེན་ཏེ་ཧ་ལམ་དཀར་འདོན་བྱས་སོང་ང་། བཀའ་ཤག་གིས་ལངས་ཕྱོགས་བརྟན་པོ་མ་བཟུང་བའི་སྐྱོན་གྱིས་ མི་མང་ལ་ལམ་ཁ་རབ་རིབ་ཅིག་ལས་ག་ལ་ཡོང་། ད་ཐེངས་བཀའ་ཤག་གིས་ཀྱང་། ང་ཕོད་ལ་གནས་ཚུལ་འདི་དང་འདི་ནས་ནག་ཉེས་ཡོད། ང་ཕོད་ཀྱི་བྱེད་ལུགས་འདི་དང་འདི་ལ་འགྱོད་པ་ཡོད། ཅེས་གསལ་པོར་གསུངས་ཡོད་ན་བསམས་ཀྱི་འདུག ང་ཕོད་འདི་ དངོས་རྫས་ཤིག་ཡིན་པ་ཆ་བཞག་ན། བོད་ལ་གྱོང་དང་རྒྱ་ལ་ཁེ་ཕན་ཅན་གྱི་དངོས་རྫས་ཡིན་པ་རེད། ད་དུང་ང་ཚོའི་གཞུང་གིས་སྤམ་མདོག་ཅིག་སྟོན་གིན་འདུག་ག་ གཞུང་གིས་ མི་མང་ལ་སྦས་གསང་བྱེད་པ་དེ་ལ་མཚམས་དང་ཚོད་ཅིག་ཡོད་པ་མ་རེད། གཞུང་གིས་ཡིག་ཆ་རྣམས་ཡིག་སྣོད་ནས་རྙིང་སྟེ་རུལ་འགྲོ་གི་ཡོད་པ་རེད། གལ་སྲིད་བཀའ་ཤག་ལ་ ང་ཕོད་ཀྱིས་ ༼མི་མང་གིས་མི་ཤེས་པའི་༽ “བཀའ་ཟུར་”གྱི་ཕྱག་ལས་ཤིག་གནང་བའི་ལོ་རྒྱུས་སྟོན་རྒྱུ་ཡོད་ན་ད་སྟོན་རན་པ་རེད། འོན་ཀྱང་ང་ཚོ་ལ་ང་ཕོད་ག་ཚོད་ཡོད་དམ། ང་ཕོད་འདྲ་བ་ག་ཚོད་ཡོད་དམ། ཧ་ལམ་སྡེ་བ་རེ་རེ་ན་ང་ཕོད་རེ་རེ་མེད་དམ་སྙམ་པ་ཞིག་མི་འདུག་གས། འདི་དག་ཀྱང་དཀྱུས་གཅིག་ལ་བཞག་ནས་བཤད་དགོས་པ་རེད། ཕ་ཡུལ་དྲ་རྒྱ་ན་ཡང་། “ང་ཕོད་ བོད་པ་རེད། རྒྱལ་གཅེས་པ་མ་རེད།”ཅེས་པའི་རྩོམ་ཡག་པོ་ཅིག་འདུག མུ་མཐུད་ནས་གསུངས་ཨ།
ཨོ། དགེ་ཆོས་རྗེས་སྐྱོང་བ་ཞུ་མཁན་འདི་རྡོ་སྦིས་བློ་ཡོན་འདྲ་སེ་ཞིག་འདུག་གཱ་ གལ་སྲིད་ཡིན་ན་མཚན་བཏོན་ནས་ཕེབས་ཤོག ང་ཚོ་རྩོད་པ་ཡོང་གི་རེད། ཡིན་ན་ཡང་། རྩ་ཡལ་དུ་འགྲོ་དགོས་པ་ཨེ་ཡོད།
ད་ཡིན་ན་ཆགས་སྣེ་ཆང་གིས་ཡིན་ནམ་ཨ་ཁུ་ཆ་བོའི་མཇེ་ཡིས་ཡིན་ན་སུ་ཤེས་གང་ལྟར་ཞི་མོ་ཆ་བོ་མི་འཇོག་གི
ལྟས་ངན་ཡིན་དང་ཡིན། ཡིན་ན་དེ་འདྲ་ཡིན་པ་རེད། ཞི་མོ་འགའ་རེས་བླ་རྒན་ཚོར་ཡང་དེ་འདྲ་འདྲི་གི་རེད། དེ་དུས་བླ་རྒན་བརྟན་པོ་མེད་ན་ད། རྡོ་གྲུབ་ཆེན་ཚང་གི་ལུང་བསྟན་ནང་ན། བན་གཟུགས་དང་བུད་མེད་གཉིས་ཚོགས་ནས། །ཞེས་པ་དེ་ཡོང་གིན་ཡོད་རེད།
ཡ་ད་ཡང་རྩོད་དགོས་དང་ཐལ། ཨ་རོག་ཁྱོའི་སྡེ་བའི་ནང་ན་ང་ཕོད་འདྲ་བ་རེ་ཡོད་ན་ཧྲ་གི
ཁོང་བཟང་རུང་ངན་རུང་བཀའ་བློན་ལ་བསྡད་དང་ཟིག་མོད་དི་མོ་སྡིག་ན་ཨེ་ཉན་གོ།
དགེ་རབ་ལགས་ངས་ཁར་ཉིན་དྲྭ་གྲོགས་ཚོས་གང་བཤད་ཉན་བསྡད་པ་ཡིན། བཀའ་ཤག་གིས་གིས་འདི་འདྲ་བྱས་ཡོང་དུས་ཚང་མས་འུར་གྱི་ལེར་ང་ཕོད་དཀར་འདོན་བྱེད་ཀྱིན་འདུག ང་ཕོད་ཟེར་དུས་བོད་མི་མང་གིས་ལྟ་སྟངས་ག་འདྲ་ཡོད་ང་ཚོ་ཚང་མས་ཤེས་ཡོད་རེད། ཡིན་ན་ཡང་མང་པོ་ཞིག་གིས་དཀྱོག་ནས་བཤད་ཡོང་ན་ཕན་པ་གང་ཡང་མི་འདུག
སྡེ་བའི་ནང་ནའང་སྡེ་བའི་ཚོད་ཀྱི་ང་ཕོད་ད་ལོས་ཡོད་ཡ།
རྡོ་གྲུབ་ཆེན་ཚང་གི་ལུང་བསྟན་ད་ལུང་བསྟན་བདེན་ནོ་ད་ཤེས་ཐལ་ཁྱོད་བཟང་ཐལ་གོ
ཨ་རོག་ངས་གོ་ནོ་ཡིན་ན་ཞི་མོ་ཆ་བོ་ཚུར་ལ་འགུག་ཐབས་སྔགས་ཟིག་ཡོད་ཀི་ཟེར་བདེན་མིན་མི་ཤེས་ཀོ
ཨ་རོག་སྡེ་བའི་ཚོད་ཀྱི་ང་ཕོད་དེས་ད་ང་ཕོད་ཡོང་ནི་མ་རེད་ཀོ
བསམ་བློ་དྲང་མོ་བཏང་ན་ང་ཕོད་ལ་སྐད་ཆ་དྲང་པོ་བཤད་རྒྱུའི་གོ་སྐབས་མ་བྱུང་བ་མ་རེད། ང་ཕོད་ཀྱིས་གོ་སྐབས་མ་བཟུང་བ་རེད།
གྲོགས་པོ། གོང་གི་ངའི་ཚིག་དེ་འཆོལ་ནས་ཤོར་འདུག ཚིག་ཤོར་དུས་འཛིན་སྲོལ་གང་ན་ཡོད། ད་དེ་ལ་བཅོས་ཤིག་བྱེད། གོང་ན་ཅིག་གིས་ ཅིས་ཅི་ཕིན་ཙི་ ཡིན་ནམ་ཅིག་བྲིས་འདུག་ག དེ་ད་ཚོའི་གྲས་རེད། ང་ཕོད་ལྟ་བུ་ཆེན་པོའི་གྲས་དང་། ཆུང་ས་ནས་དགོན་ཆུང་ཞིག་གི་ནང་ཡང་། བོད་ལ་དགའ་མཁན་དང་རྒྱ་ལ་སྤྲེལ་ལད་ཀྱིས་ཁེ་སྤོགས་ལེན་མཁན་ཡོད་ད་ཡོད། ད་མདོར་དྲིལ་ན། བོད་ལ་གནོད་བྱས་པའི་མི་དེ་ཚོ་ལ་ འདིས་གནོད་བྱས་སོང་ཞེས་ཤོད་དགོས་རྒྱུ་དང་ཤོད་ཐུབ་རྒྱུ་གཉིས་ཀ་གལ་ཆེན་པོ་རེད་དྲན། དེ་མ་བྱུང་ན། བོད་བསྟན་སྲིད་ཀྱི་དོན་དུ་ཚེ་སྲོག་བློས་བཏང་དང་གཏོང་བཞིན་པའི་མི་དེ་ཚོ་སེམས་ཕམ་གི་རེད་དཱ། དེ་བས། ད་ཐེངས་སྤོབས་པ་ངར་ནས་ཡོང་བ་དེ་ལ་ངས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་པ་ཡིན། ཐུགས་རྗེ་ཆེ།
ད་ཐེང་བཀའ་ཤག་གི་ལས་སྟངས་དེ་ཅོལ་ཆུང་རེད་བསམ་གྱི་འདུག བོད་སྤྱི་དོན་དང་། སངས་རྒྱས་ཀྱི་བསྟན་པའི་དོན། རྒྱལ་བ་རིན་པོ་ཆེའི་དོན་ཡིན་ཟེར་ནས་དངོས་སུ་རྒྱ་དམར་གྱི་ཁ་གཏད་དུ་ལངས་ནས་སྲོག་ཤོར་སོང་མཁན་ག་ཚོད་མང་པོ་ཞིག་ཡོད་རེད། འདི་ཚོ་རེ་རེ་བཞིན་དུ་བཀའ་ཤག་གིས་མྱ་ངན་རྗེས་དྲན་ཞུ་མྱོང་ཡོད་དམ། དེའི་ནང་མི་ཚོར་ཐུགས་གསོ་འབུལ་མྱོང་ཡོད་དམ། ངས་མ་འོངས་པར་བཀའ་ཤག་གིས་དེ་འདྲ་བྱེད་མིན་ལྟ་འདུག་ངེས་ཡིན།
བཀའ་ཤག་གིས་འཚམ་འཕྲིན་ད་གནང་དགོས་པ་རེད། གཅིག་ནས་བཀའ་ཟུར་ཅིག་ཡིན་པའི་ཆ་ནས། གཉིས་ནས་ནང་མི་ལ་མྱ་ངན་ཞུ་འཕྲིན་ཅིག དེ་མིན་དོགས་པ་ཅིག་ནི་བཀའ་ཤག་གིས་བཀའ་ཟུར་ཅིག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་མ་ཞུ་ས་ཡོད་མེད་མི་ཤེས་ཀ ཡིན་ན་ཡང་མྱ་ངན་གུས་འདུད་ཞུ་རྒྱུ་དང་ཆབ་ཅིག་ཏུ་༼ཡིན་ན་ཡང༽ལྟ་བུའི་མི་མཐུན་པའི་ཚིག་རྒྱན་ཁ་ཤས་བེད་སྤྱོད་མ་བཏང་ནོ་ཅུང་ཟད་མ་འགྲིག་ནི་རེད་བསམ།
གསལ་བྱེད། ཅིའུ་ཅིའུ་ཧྥིན་ཙི་ཟེར་བ་དེར་ས་ཆ་ལ་ལ་ན་སྔོན་ཐོན་པ་ཅེས་འབོད། ནང་དོན་ནི་རྒྱ་གཞུང་གི་ལས་བྱེད་རྒྱབ་ལོག་ནས་བསྡད་ན་དེའི་ལས་ཀ་ཡོངས་སུ་རྫོགས་པ་བོད་པ་ཅིའུ་ཅིའུ་ཧྥིན་ཙི་དེས་ལས་འགྲོ་གི་ཡོད་པ་རེད། དེས་ནས་སྔོན་ཐོན་པ་ཟེར་གི་ཡོད་པ་རེད། ངས་གོ་བ་གཞན་ཅིག་རྙེད་པ་ནི་བོད་པ་ཁྲི་ཕྲག་མང་པོའི་ཁྲོད་ནས་གཅིག་གཉིས་ཅིག་རྒྱ་གཞུང་གི་སྔོན་ལ་ཐོན་ནས་སྔ་མ་གཡུག་མཁན་དེ་ཚོ་ལ་སྔོན་ཐོན་པ་ཟེར་གི་ཡོད་ནི་རེད། དཔེར་ན་ང་ཕོད་ངག་དབང་འཇིགས་མེད་ལྟ་བུ།
ཨ་རོགས་དགེ་རབ་།ཁྱོད་མྱོས་དང་ནི་མིན་ན།ད་རིག་རིག་ཐུག་ཐུག་ལ་རྡོ་སྦིས་བློ་ཡོན་རེད་པ་ཟེར་ནས་དྲི་གིན་འདུག།ཧ་ཧཧ།་ང་རྡོ་ཡོན་མིན་ནོ་རེད་།ཨ་ཀོ་དགེ་འདུན་ཆོས་འཕེལ་ལ་དགའ་མཁན་ཡིན་ནོ་རེད།བློ་ཡོན་ལ་རྩོད་པ་རྒྱག་བསམ་མོད་།ད་ཁོ་གྲགས་རྒྱུ་གོ་རྒྱུ་མེད་གིན་།བོད་པས་ཁྲིད་ཟིན་འདྲ།འོ་ད་རུང་།ང་ཕོད་ཏང་གི་ནང་དུ་ཞུགས་དང་ནོ་རེད།ཏང་ཡན་ཡིན་ནོ་རེད།
གྲོགས་པོ་ཚོ་ བོད་གཞུང་བཀའ་ཤག་གིས་ མོའུ་ཙེ་ཏང་ལ་དཀར་འདོན་ཞིག་བྱེད་ན་ག་འདྲ་འདུག་
ངས་ནི་ང་ཕོད་ཀྱི་ཁ་ཆེམས་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་སྐད་ཆ་དེབ་བམ་ཡང་ན་ཀྲིབ་ཐག་འཁོར་ལོ་ནང་བཙུད་པ་ཅིག་ཡོད་པའི་རེ་བ་བྱེད་ཀྱི་ཡོད།
ཡ་་ལྷག་བསམ་ལགས།
ང་ཕོད་ཀྱིས་ཁ་ཆེམས་རི་འདྲ་བོ་ཞིག་བཞག་ཀྱང་བོད་མི་རིག་ལ་ཕན་པའི་ཡིད་ཆེས་མེད། ཁོ་གསོན་པའི་དུས་སུ་བོད་མི་རིགས་ཕན་པའི་བྱ་བ་མཐོང་རྒྱུ་མེད་པར་བལྟས་ན་ཤི་ཚར་བའི་རྗེས་སུ་རེ་བ་ཕལ་ཆེར་མེད་པར་ངེས། ཅིག་བྱས་ན་ཁོའི་ནང་མིས་བོད་མི་མང་མགོ་སྐོར་གཏོང་སྲིད། ཨེ་གོ་ཐལ།
བདེན་ ངོ་མ་བདེན་ཀི ང་ཕོད་ཟེར་བ་འདི་བདུད་ཡིན་མིན་མི་ཤེས་མོད་ གུང་ཁྲན་ལ་ངོ་དགའ་བཟོ་མཔཁན་གཅིག་ཡིན་ཁོ་ཐག་རེད། དེ་རིང་སྤོབས་པ་ཡིས་ཡག་པོ་ཞིག་བཤད་འཟདུག
ཡ་་་རྩམ་དགའ། དེ་རིང་ཁྱོད་གཉིད་སེལ་ཡོད་ས་མ་རེད། དེ་རིང་གཟའ་ཉི་མར་ཁྱོད་གུང་གསེང་ཡིན་རྒྱུ་རེད། ཨ་རི་ཞེས་པ་དེ་མི་ཁོམ་པའི་གནས་ཞིག་ཡིན་ཚོད་འདུག འོན་ཀྱང་ཁྱོད་ནི་སོས་དལ་བག་ཕེབས་ཤིག་ཡིན་པ་ངས་ཤེས་ཡ། ད་ང་གཉིས་ལྷོད་ལྷོད་བྱས་ནས་གནའ་གཏམ་རེ་བཤད་གོ
ལྷ་ཀླུ་གཉན་གསུམ་ཞེས་གོ་དུས་ངས་མའོ་ཚེ་ཏུང་དྲན་ཡོང་གི་འདུག མའོ་ཚེ་ཏུང་གི་འོག་ལ་ལྷ་ཀླ་གཉན་གསུམ་འདར་སིག་སིག་བྱས་པའི་གཏམ་རྒྱུད་མང་པོ་གོ་ཡ་འདུག་མོད། ད་སྐབས་མའོ་ཚེ་ཏུང་འདས་ཟིན་པས་ཡང་ལྷ་ཀླུ་གཉན་གསུམ་ལང་ཡོང་གི་འདུག ཧ་ཧ་ཧ་ཧ་ཧ་་་་་་་་་ཨ་ཙ་ཀུ་རེ་ཡིན་སྤོ་མ་ལངས།
ང་ཕོད་ལ་ནོར་འཁྲུལ་མེད་པ་བཀའ་ཤག་གིས་གང་དུའང་གསུངས་མི་འདུག མི་ཤི་དུས་མྱ་ངན་ཞུས་པ་རེད། དེ་ཡང་བཀའ་ཟུར་ཞིག་ཡིན་པའི་ཆ་ནས་དང༌། དོན་ཚན་བཅུ་བདུན་འཇོག་སྐབས་ཐེལ་ཙེ་ངོ་མ་ཡོད་བཞིན་དུ་མ་བརྒྱབ་པ་རྫུན་མ་ཞིག་བརྒྱབ་ནས་པྱིར་གཤེགས་བྱེད་ས་ཞིག་བཟོས་པ། རྒྱ་གཞུང་ནས་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲི་གཙོ་སྐྱོང་གོ་མན་ཏང་གིས་བྱས་པ་ཟེར་བའི་རྫུན་གཏམ་ལ་རྒོལ་ལན་བཏབ་པ། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་དགོས་པའི་ལངས་ཕྱོགས་གསལ་སྟོན་བྱས་པ། མི་རིགས་ང་དྲུག་ནང་ནས་བོད་ལ་དམིགས་བསལ་གྱི་ཐོབ་ཐང་དགོས་པའི་དགོས་འདུན་ལན་མང་བཏོན་པ་སོགས་རྒྱུ་མཚན་དུ་བྱས་ནས་མྱང་ངན་ཞུས་པ་རེད། ང་ཕོད་ཀྱི་སྐྱོན་བརྗོད་དགོས་པའི་ཉིན་མོ་ཞིག་ལ་བརྗོད་ཀྱི་རེད། ཤི་བ་དང་བསྟུན་ནས་བརྗོད་དགོས་དོན་མེད་པ་རེད།
ཆབ་མདོར་ཤོར་སྐབས་རང་ཤི་བརྒྱབ་མ་ཐུབ་ཀྱང༌། གོ་མཛོད་རྒྱ་ལག་ལ་མ་བཞག་པ་རེད། གོ་མཛོད་དེ་རྒྱ་ལག་ལ་ཐེབས་ཡོད་ན་བོད་མི་ག་ཚོད་བསད་ཡོད་རྒྱུ་རེད། སྐབས་དེར་ཆབ་མདོ་ཤོར་ན་ཡང་བོད་ཡོངས་རྫོགས་ཤོར་མེད་པ་རེད། དེར་བརྟེན་རང་ཤི་བརྒྱབ་དགོས་པའི་མཚམས་ལ་སླེབས་མེད། རྗེས་སུ་གོ་སྐབས་གཅིག་ཡོང་ངམ་སྙམ་པ་སུ་ལ་ཡོང་སྲིད། དཔེ་འབྲེལ་ཡོད་ཅིག་བཤད་ན། ལོ་རབས་སུམ་ཅུ་པའི་ནང་གོང་མིན་ཏང་གིས་གུང་ཁྲན་ཏང་ཕམ་ཉེས་བཏང་རྗེས། དམར་དམག་རྒྱང་སྐྱོད་ཅེས་ལེ་དབར་ཁྲི་ཕྲག་བྲོས་པ་ལས་མའོ་གཙོས་པ་སུ་ཡང་རང་ཤི་བརྒྱབ་མི་འདུག སྤྱི་བཏང་རང་ཤི་བརྒྱབ་པ་དེ་མཚམས་རེ་སྡར་མའི་བྱེད་སྟངས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་ཇིང་ཁི་སི་ཁང་ཐོག་མའི་ཆར་ག་ཚོད་བྲོས་པ་རེད། ག་ཚོད་ཕམ་པ་རེད། སྐབས་དེར་ཁོང་རང་ཤི་བརྒྱབ་ཡོད་ན་དེ་ནས་ཚར་བ་མ་རེད་དམ།
སྤྱིར་བཏང་ང་ཚོ་བོད་པའི་གཤིས་ཀ་ལ་སྡེ་པ་གཞུང་གི་ཇུས་གཏོགས་དེ་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་པའི་ལྟ་ཚུལ་ངན་པ་ཞིག་ཡོད་པ་འདི་གནོད་ཚབས་ཆེ་པོ་རེད་འདུག བཀའ་བློན་དང་དམག་དཔོན་ཡིན་ན་འཛིང་དགོས་པ། མ་ཐུབ་ན་ཤི་དགོས་པ། སོ་སོ་རང་ཉིད་གསོན་དགོས་པ། རྒྱ་མི་མིག་གིས་མི་མཐོང་སརབྲོས་ཆོག་པ། དེ་རང་གི་ཐོབ་ཐང་ཡིན་པ། ད་བཤད་ཀྱི་མིན།
ཐེལ་ཙེ་ངོ་མ་ངོ་མ་བརྒྱབས་པ་དེ་ཡག་རྟགས་ཤིག་གང་ཡང་ཡིན་རབས་མི་འདུག རྒྱ་ཕྱོགས་ཀྱིས་བཤད་ན་བོད་གཞུང་སྐུ་ཚབ་ཀྱི་ཐེལ་ཙེ་དེ་ཆེ་དྲགས་པའི་སྐྱོན་ཞིག་ཡོད་པས་ཐེལ་ཙེ་གསར་བཟོ་དགོས་སྐོར་བརྗོད་ཚུལ་འདུག མདོར་ན་ཐེལ་ཙེ་རྫིགས་པོ་ཞིག་ཡོད་པ་རྒྱག་གོ་མ་ཆོད་དེ་ཡང་བོད་རང་བཙན་གྱི་དཔང་རྟགས་ཤིག་སྐུང་ཆེད་ཡིན་ནམ།
ཐེལ་ཙེ་ངོ་མ་མ་བརྒྱབས་པ་དེ་་ ཞེས་བཅོས་རོགས
ཐེལ་ཙེ་རྫུན་མ་བཟོས་པར་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་མཛད་རྣམ་དང་། སྲིད་དོན་རྒྱལ་རབས་གཙོས་བཙན་བྱོལ་དུ་བྲོས་ཐར་བའི་གཞུང་ཞབས་ཕར་ཆེ་བའི་བྲིས་འདུག ཐེལ་ཙེ་ཆེ་དྲགས་ནས་གསར་བཟོ་བྱས་པ་ཟེར་བ་དེ་རིང་བར་གོ་མ་མྱོང་། ཁུངས་གང་ཡིན་གསུང་རོགས་གནང༌། ངའི་ཁུངས་ཤོག་གྲངས་དང་བཅས་པ་བསྟན་ཆོག
ཨ་རོགས་ཆ་བོ་ད་གཡུགས་ཞོག་ང་ཕོད་གླེང་ནས་ཆི་ཟིག་ཡོང་། སྙིང་རྗེ་ཁོའི་ནང་མི་ཚོས་གོ་ན་སེམས་སྡུག་སྒང་ལ་སེམས་སྡུག་རེད་ལགས།
དེའི་ཤོག་གྲངས་གང་ཡང་མི་དགོས། ཐེལ་ཙེ་རྫུན་མས་ཅི་ཕན། མི་ངོ་མས་མིང་རྟགས་བཀོག་པ་དེས་མ་འགྲིགས་པ་རེད། ངས་འདིར་བཤད་བཞིན་པ་དེ་ཐེལ་ཙེ་ངོ་མ་ཡང་རྒྱག་ཏུ་མི་འཇུག་པ་དེ་ཡག་རྟགས་ཤིག་མ་རེད་ཟེར་གྱིནཡོད། གཅིག་བྱས་ན་ཐེལ་ཙེ་དེས་ངོས་བོད་མི་རྒྱ་ནག་གི་ས་ཁོངས་ཤིག་མ་ཡིན་པ་སྟོན་བཞིན་ཡོད་སྟབས་རྒྱ་ནག་གིས་དེ་རྒྱག་མ་བཅུག་པ་རེད་སྙམ།
སྡེ་པ་གཞུང་གི་ལས་དོན་སྡེ་སྲིད་མགོ་ལེབ་མི་བྱེད་ན་སུས་བྱེད། དེ་མིན་ན་སྡེ་སྲིད་མགོ་ལེབ་ཚོ་ཕག་གསོ་གསོ་བྱས་པ་ལ་དོན་དག་མི་འདུག་ག
སྙན་ངག་པ་བློ་བཟང་ཡེ་ཤེས་མཐོ་རིས་བོ་དེས་ཁོ་རང་དང་ང་ཕོད་གཉིས་ཀ་མ་གྲོངས་གོང་སྟེ་སྤྱི་ལོ་༢༠༠༡ལོར་ང་ཕོད་ཀྱི་ལོ་རྒྱུས་ཤིག་འབྲི་རྒྱུ་ཡིན་ཟེར་ནས་དཔྱད་གཞིའི་ཡིག་ཆ་འཚོལ་སྒྲུག་བྱེད་བཞིན་འདུག་ཀྱང་ཁོ་རང་ལམ་སེང་གྲོངས་སོང་བས་དེ་མཇུག་སྐྱེལ་ཐུབ་མེད་བསམས། ཁྱོད་ཚོའི་འདིའི་སྐོར་ནས་སྐད་ཆ་རེ་མེད་དམ།
སྤོབས་པའི་སྐད་ཆ་འདི་ལ་གནས་ལུགས་འདུག ཐེལ་ཙེ་རྫུན་མ་ཡིན་མིན་ཙམ་མི་ཤེས་པའི་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་ཅིག་མངའ་འོག་ལ་བཅུག་ཐུབ་ཨེ་ཡོང་།
དེ་ད་ལོས་ཐུབ། སྟོབས་འབྱོར་མངའ་ཐང་དར་བའི་རྩེ་མོར་སོན་པའི་ཐང་རྒྱལ་རབས་ཀྱི་རྒྱལ་བློན་གླེན་པ་ཚོར་བློན་པོ་མགར་གྱིས་སོལ་བའི་མདུང་རིང་དང་མཚེར་ཁྲག་གྲོད་བུ་གང་། ནས་བསྔོས་པའི་ས་བོན་སོགས་ཀྱིས་ལོ་གཅིག་བྱིས་པར་རྩེད་མོ་རྩེད་པ་ཇི་བཞིན་མགོ་སྐོར་ཇི་འདྲའི་སྐྱིད་པོ་ཏག་ཏག་བཏང་འདུག གླེན་པ་དེ་ཚོའི་བུ་རྒྱུད་དག་ཀྱང་སྟོབས་ཤུགས་ཇི་འདྲའི་ཆེ་ཡང་སྔར་བཞིན་གླེན་པ་ཁ་ནག་ཏག་ཏག་ཡིན་ནི་རེད། འདི་ཙམ་ཡང་མི་ཤེས་སམ།
ཡེ་ཤེས། ད་དེ་ཡིན་ན་འདས་པོ་དེས་དེབ་ཐེར་ནག་པོ་ཡིན་ནམ་ཞིག་ཟེར་བ་ཞིག་བྲིས་བཞག་ཡོད་རེད་ཟེར་དེ་མིན་འགྲོ
ག་རེ་ཞེལ་ཙེ་རྫུན་མས་རྒྱ་མི་མགོ་སྐོར་གཏོང་། ཐེལ་ཙེ་ངོ་མ་དེ་རྒྱ་མིས་རྒྱག་མ་བཅུག་པ་རེད་ཟེར།
སྙན་ངག་པ་ཁོང་གིས་འདིའི་ཐད་ལ་དཀའ་ངལ་ཞེ་དྲག་གནང་ཡོད་ས་རེད་དེ་ལམ་འགྲོ་བྱུང་ཡོད་ཚོད་མི་འདུག རྒྱུ་རྐྱེན་སྣ་མང་ཞིག་གིས་ཁོང་གི་འདོད་ཐོག་ལ་སོང་ཡོད་མེད་གང་ལྟར་ཡང་ལོ་རྒྱུས་འཇུག་བུད་ཡོད་ས་མི་འདུག་ལགས།
དགོངས་དག ད་འདིའི་ཧི་གཟུགས་འདི་ལག་ལ་མ་གོམས་སྟབས་གཏགས་ནོར་མང་པོ་ཤོར་གྱི་འདུག
དེབ་ཐེར་ནག་པོ་དེ་ང་ཕོད་གཅིག་པུའི་སྐོར་མིན་བསམས། གང་ལྟར་དེ་ཡང་མགོ་བཙུགས་ཡོད་སྲིད་ཀྱང་མཇུག་བསྐྱངས་མེད་བསམས། ངས་ཁོང་གྲོངས་ནས་ལོ་གཅིག་གི་རྗེས་ནས་མ་གཏོགས་གོ་ཡང་མ་སོང་།
ཕལ་ཆེར་ལོ་གཅིག་དང་ཕྱེད་ཀའི་རྗེས་ཡིན་འགྲོ ངས་ཁོ་ཆུང་ཆུང་ཡིན་དུས་ནས་ངོ་ཤེས། ཀླུ་ཚང་དགོན་པར་ཡོད་དུས་སུ་གཟན་དམར་པོ་དམར་རྐྱང་ཞིག་གྱོན་ནས་འགྲོ་གི་རེད།
ནོར་སྡེའི་སྟེང་དུ་ཁོང་གིས་བརྩམས་པའི་རྒྱལ་བ་རིན་པོ་ཆེའི་དགུང་ལོ་དང་སྦྱར་ནས་བོད་ཀྱི་ལོ་རྒྱུས་གནད་བསྡུས་འདྲ་བོ་ཞིག་བཀོད་ཡོད་པ་དེ་ཡང་ལོ་རྒྱུས་དེའི་ཆ་ཤས་འདྲ་བ་རེ་ཡིན་ནམ།
ཡེ་ཤེས། སྔོན་མ་ནོར་གླིང་དུ་སྡོད་མཁན་ཞིག་ལ་བསྟན་པ་དར་རྒྱས་ཟེར་བ་དང་འཕྲིན་ལས་ལྷུན་གྲུབ་ཟེར་བ་དེ་ཚོ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
མི་ཤེས་ཡ། ངས་ཁོང་གྲོངས་ནས་མ་གཏོགས་དེབ་ཐེར་ནག་པོའི་སྐོར་ཅི་ཡང་གོ་མ་མྱོང་། ང་ཁོའི་ནང་དུ་ཞག་སྡོད་མཐའ་མ་དེ་བྱས་པའི་དགོང་མོ་དེར་དེང་སྐབས་ཡོ་རོབ་ཏུ་ཡོད་པའི་རེ་སྐོང་བ་བསོད་ནམས་ཚེ་རིང་དང་ངེད་ཅག་གིས་ཁ་བརྡ་རིང་མོ་ཞིག་བྱས་པའི་སྐབས། ངས་སྐྱག་བྲོ་བའི་བོད་པ་ཞེས་པའི་དེབ་ཅིག་འབྲི་གི་ཡིན་བརྗོད་པར་ཁོ་གཉིས་ཀས་དེ་ཡག་པོ་རེད་ཟེར་ནས་མཐུན་འགྱུར་འདྲ་བོ་རེ་བྱས་སོང་། དེ་ནས་བཟུང་སྟེ་ཐུག་རྒྱུ་མ་བྱུང་། ཤེས་བྱ་ཀུན་འདུས་ཚང་གིས་དཔར་བའི་ཁོའི་རྩོམ་དེབ་དེ་དག་ལ་ལྟ་དུས་སེམས་ཀྱིས་ཅིག་ཤེས་སོང་བ་བཞིན་ང་འཆི་གི་ཡིན་ནམ་འཆི་གི་རེད་ལྟ་བུའི་ཐ་སྙད་ཅན་གྱི་རྩོམ་ཡིག་རེ་བྲིས་འདུག ངས་ཁོའི་ཁྱི་གུ་ཆུང་ཆུང་དེ་ལ་སུ་པན་དམར་པོ་གོར་རེ་ཆུང་ཆུང་རེའི་ནང་དུ་སྦས་ནས་ཁོའི་མི་མཐོང་སར་བྱིན་པ་ན། ཁྱི་ཕྲུག་གིས་དེ་ཟོས་རྗེས་ཁ་ཚ་ནས་མ་བཟོད་པར་སྐོར་རྒྱུགས་བྱས་པས། ཁོ་རང་འཚུབ་ཆ་ལངས་ནས་ཨ་ཧ་བོ་ངའི་ཁྱི་ཕྲུག་ལ་ཅིག་བྱུང་དང་ས་རེད་ཅེས་སེམས་ཁྲལ་བྱས་པ་དེ་དྲན་ན་ངོ་མ་ངུ་རྒྱུ་ཞིག་དང་དགོད་རྒྱུ་ཞིག་གཉིས་ཀ་ཡོང་གི་ཡ། ད་གང་ཞིག་ན་སྐྱེས་ཡོད་དམ།
སྐྱུག་བྲོ་བའི་
སྤོབས་པ་ལགས།
དྲང་མོ་བཤད་ན་དེ་དེས་ཁོང་ཚོའི་ལག་ཏུ་ཐེལ་ཙེ་ངོ་མ་དེ་ཡོད་མེད་བཤད་ཁག་པོ་རེད། ཐེལ་ཙེ་རྫུན་མ་ཡིན་མིན་གྱི་སྐད་འདི་ག་དུས་བྱུང་བ་རེད། སྐབས་དེ་དེས་བྱུང་བ་རེད་དམ་བཙན་བྱོལ་ལ་སླེབས་ནས་བྱུང་བ་རེད།
བསྟན་པ་དར་རྒྱས་མི་དྲན་གི འཕྲིན་ལས་ལྷུན་གྲུབ་ལོས་ཤེས་ཕ་ཡུལ་ནས་རི་ཞིག་གི་ཕར་ནང་ཚུར་ནང་རེད། ཡིན་ན་ཡང་རྡ་ས་ནས་མ་གཏོགས་མི་ཤེས། ང་རྡ་སར་མཐའ་མར་འགྲོ་དུས་ཁོ་དང་ཁོའི་སྐྱེ་སྨན་གཉིས་མ་འགྲིགས་པར་ཁོ་རང་གྲོགས་པོ་ཞིག་གི་ས་རུ་བསྡད་འདུག ཁོའི་སྐྱེ་སྨན་གྱིས་ང་ལ་ཁོ་རང་ཨ་རིར་འགྲོ་གི་ཡིན་ཟེར་གི་ཡོད་ནི་རེད། ཨ་རིར་འགྲོ་ན་ང་དབྱུགས་དོན་མེད་ཁུ་ཟེར་ནས་སྨྱོ་གྲབས་བྱེད་ཀི་འདུག ངས་མོ་སྙིང་རྗེ་སོང་། མོས་ང་ལ་ཆམ་པ་ཐུ་མོ་ཞིག་བྱུང་དུས་སྐམ་ཁབ་འགའ་བརྒྱབ་ནས་སངས་དྲགས་བཟོས་སོང་། ཞི་མོ་སེམས་བཟང་ཞིག་འདུག ཁོ་གཉིས་ཀྱི་བར་ན་ལོ་ཚོད་ཏོག་ཙམ་ཆེ་ཆུང་ཞིག་ཡོད་ས་རེད། ཡིན་ན་ཡང་སྐྱེ་སྨན་འཇོན་པོ་གཟུགས་པོ་ཡག་པོ། ཕར་བལྟས་ཚོད་ཀྱིས་རླུང་ཚ་བོ་ཞིག་ཀྱང་མ་རེད་སྙམ་པ་ཞིག་འདུག མི་ཤེས། ད་ལྟ་མོ་དང་འཕྲིན་ལས་གཉིས་ཀ་གང་ན་ཡོད་དང་ག་རེ་བྱེད་བཞིན་ཡོད་མི་ཤེས།
ཀླུ་ཚང་དང་མང་རའི་བར་ན་ལམ་ཐག་རིང་ཅི་ཙམ་ཡོད་རེད།་ང་དེའི་རྨ་ཆུའི་ལྷོ་བྱང་གི་ས་ཆ་འགའ་རེར་འགྲོ་མྱོང་ཡང་མང་ར་གང་ཞིག་ཡོད་མེད་ཁྱོན་ནས་ཤེས་ཀྱིན་མི་འདུག དཔེར་ན། རྨ་ལྷོ་ཐུ་རིན་ཡིན་ནམ་ཐོ་རིན་ཡིན་ནམ་ག་རེ་ཟེར་རེད། མདོར་ན་རོང་བོ་དགོན་ཆེན་ཡོད་ས་དེ་ནས་གང་ཕྱོགས་སུ་འགྲོ་དགོས་རེད།
ང་རྡ་ས་དང་ནོར་གླིང་གི་ཨ་མདོའི་གསར་རྒོད་ཚོར་དགའ་བོ་ཡོད། རང་རང་ས་ན་ཅིག་འཇོན་བསྡད་ཡོད། མི་དགའ་ས་ཞིག་ཡོད་པ་ནི་ནོར་གླིང་ན་ཡོད་པ་ཚོས་རྡ་ས་ན་ཡོད་པ་ཚོར་ཅང་མེད་རབས་དང་རྡ་ས་ན་ཡོད་པ་ཚོས་ནོར་གླིང་ན་ཡོད་པ་ཚོར་ཅང་མེད་རབས་མུག་རབས་ཟེར་སྲོལ་ཞིག་འདུག་པ་དེ་ཡིན། དབུས་གཙང་དང་ཁམས་པ་ཚོས་དེ་ཙམ་ནང་ཚགས་ཀྱི་བླ་བཙག་གི་མ་རེད། འདི་ནི་ང་ཚོ་ཨ་མདོ་བའི་ཞན་ཆ་ཞིག་རེད་བསམ་གི་ཡོད། འདི་ནི་རྡ་ས་དང་ནོར་གླིང་ན་ཡོད་པ་ཚོས་ཤེས་ནི་རེད།
ཡེ་ཤེས། ངས་དེ་གཉིས་སྐོར་ནས་བཤད་དོན་འདི་ཡིན། ཀླུ་ཚང་བློ་བཟང་ཡེ་ཤེས་དང་ཁོང་ཚོ་ངོ་ཤེས་ཀྱིན་འདུག ང་ཁོང་ཚོའི་ལྷན་དུ་ཡོད་དུས་ཤིག་ཤིག་ཀླུ་ཚང་བ་དེ་དང་ཐུག་བྱུང ལ་སྐད་ཆ་རེ་ལྷན་དུ་བྱུང་མྱོང་།
ཀླུ་ཚང་ཟེར་བ་ནི་མང་རའི་སྟོད་ཕྱོགས་ཀྱི་འབྲོག་སྡེ་ཚོའི་མིང་ཟེར། མང་ར་རྫོང་གི་གཡས་གཡོན་ལ་མར་ར་ཟེར་གི་རེད། བསྟན་པ་སྔ་དར་གྱི་དུས་སུ་དབུས་ཕྱོགས་ཀྱི་མང་ཡུལ་ནས་འཁྲུངས་པའི་དཔལ་གསང་བ་འདུས་པའི་རྣལ་འབྱོར་བ་ཆེན་པོ་མང་ར་བ་སེང་གེ་རྒྱལ་མཚན་ཟེར་བ་ཞིག་ས་ཕྱོགས་འདིར་ཡོང་ནས་སྒྲུབ་ཁང་བརྩིགས་ནས་སྒོམ་བརྒྱབ་པས་དེ་ལྟར་ཐོགས་པ་རེད་ཟེར། རྒྱ་སྐད་དུ་ཐོང་རིན་དང་བོད་སྐད་དུ་རེབ་གོང་ནས་ནུབ་ཕྱོགས་སུ་ཁྲི་ཀ་བརྒྱུད་ནས་ཡོང་ན་ཉི་མ་གཅིག་གིས་མང་ར་རྫོང་དུ་སླེབ་གི་རེད་ལ། ལམ་བར་ནས་ཀླུ་ཚང་གི་འབྲོག་སྡེ་བན་ཤུལ་དང་རྒྱ་ཤིང་སོགས་བརྒྱུད་དགོས་པ་རེད། ཀླུ་ཚང་དགོན་པ་ནི་མང་ར་རྫོང་ངམ་རྒྱ་སྐད་དུ་ཀོས་ནན་རྫོང་གི་བྱང་ཕྱོགས་མང་རའི་བྱེ་འདབས་སུ་ཡོད་ཅིང་རྫོང་མཁར་ནས་ཀྱང་མཐོང་ཐུབ་ཀི་རེད། ངས་དེ་ནས་དགོང་མོ་ཇི་འདྲའི་མང་པོ་ཞིག་ལ་རྫོང་མཁར་དུ་ལྐོག་ལྐོག་སུད་སུད་ངང་གློག་བརྙན་ལ་ལྟ་རུ་སོང་ཡོད་པ་རེད། རྨི་ལམ་བཞིན།ན། སྒྱུ་མ་བཞིན།
མང་ར་བ་སེང་གེ་རྒྱལ་མཚན་འདི་དགེ་ཕྱོགས་ཀྱི་གསང་འདུས་བླ་བརྒྱུད་དུ་བཞུགས་པ་དེ་རེད། མང་རྫོང་གི་ཡར་ཕྱོགས་མང་རའི་བྱེ་མའི་འདབས་ཀྱི་གད་པ་མཐོན་པོ་ཞིག་གི་ངོས་སུ་ཁོང་གི་སྒྲུབ་གནས་ཡོད་ཅིང་། རིག་གསར་སྐབས་དེའི་ནང་དུ་གསེར་དངུལ་གྱིས་བྲིས་པའི་གླེགས་བམ་མང་པོ་ཞིག་དམར་སྲུང་དམག་གིས་རླུང་ལ་སྤུར་བས་ས་མང་ཡུལ་སྟོད་ཕྱོགས་གང་ས་ཁེངས་སོང་ཟེར་གིན་འདུག སྒྲུབ་ཁང་ནང་དུ་གད་ཐོག་ནས་ཐག་པ་བཏགས་ནས་མར་ཤུད་ན་མ་གཏོགས་ནང་དུ་མི་ཐར་གི་ཟེར་གི
ང་བླ་བྲང་ནས་ཐོང་རིན་ལ་སོང་ནས་ཞག་ཤས་བསྡད། དེ་ནས་རྩེ་ཁོགས་ལ་སོང་། སོག་རྫོང་ལ་ཡང་ཁྱུགས་ཙམ་སོང། ཡང་ཕྱིར་ཐོང་རིན་ལ་ཡོང་ནས་ཟི་ལིང་དུ་སོང་བ་ཡིན། དེ་ཙམ་ལས་སླེབས་མ་མྱོང་།
སོག་རྫོང་ནས་མང་རྫོང་ལ་ཐག་ཞེ་དྲགས་ཉེ་བོ་རེད། ཆུ་ཚོད་ལྔ་དྲུག་ཅིག་གིས་སླེབ་ཀི་རེད། རྩེ་ཁོག་ནས་ཆུ་ཚོད་བརྒྱད་ལོས་དགོས་བསམས།
ལྗང་བུ་དང་ཉི་ཟླ། ཚེ་རིང་དོན་གྲུབ་སོགས་སོག་རྫོང་གི་མྱི་རེད།
སོག་རྫོང་གཡས་གཡོན་གྱི་ས་ཆ་དེ་ཁྱད་མཚར་ཞིག་འདུག ས་ཆ་གཅིག་ཕར་མཐོང་དུས་ཐག་ཉེར་ཡོད་པ་ལྟ་བུ་ཞིག་ལ་འགྲོ་དགོས་གཏན་ནས་སླེབས་རྒྱུ་མེད་པ་འདྲ་ཞིག་འདུག གཅིག་བྱས་ན་ཐབ་ཆེ་དྲགས་པས་མིན་ནམ། ན་འབུར་དང་ན་རྩྭ་དེ་ཚོའི་ནང་ནས་ལས་སླ་པོར་རྐང་ཡར་འགྱོག་ཐུབ་ཀྱི་མི་འདུག ཁྱོད་ཚོའི་ལུང་ཡང་ཐང་ཆེན་པོ་དེ་འདྲ་རེད་པས།
རེབ་ཀོང་ཟེར་བའི་མིང་འདོགས་ས་ངོ་མ་འདྲ་བོ་དེ་རོང་བོ་དགོན་ཆེན་ཡོད་ས་དེའི་སྐོར་རེད་པས།
ཡོད་པ་རེད། མང་ར་འདི་ནི་ཀླུ་ཚང་ཐང་ཆེན་དང་ཐར་ཤུལ་ཐང་ཆེན་གཉིས་ལས་ལས་གྲུབ་པ་ལྟ་བུ་ཞིག་འདུག ཐང་ཆེན་འདི་གཉིས་འབྲོག་པས་བཟུང་ཡོད་པ་དང་། མང་རའི་རོང་བ་ཚོ་མང་ཆུའི་གཡས་གཡོན་གྱི་གྲོག་རོང་དུ་ཡོད་པ་རེད། སྙིང་རྗེ་གནམ་མ་གཏོགས་མི་རིག་ཡ།
ཡིན་ན་ཡང་རྩེ་ཁོག་གི་བྱ་དུར་ཐང་ལྟ་བུའི་ན་རྒོད་རྟས་མི་ཆོད་པ་ཞིག་ངས་སྐྱེས་ནས་བརྒལ་མ་མྱོང་།
མཚར་མོ་ཞིག་ལ་རང་རང་འགྲོ་དགོས་ས་དེ་ཕར་བལྟས་ན་ཐག་ཉེར་ཡོད་པ་འདྲ་ཞིག་འདུག སོང་ན་ག་ཚོད་སོང་ན་ཡང་སླེབས་རྒྱུ་ཞིག་མི་འདུག རོམ་བོ་ནས་མར་ཟི་ལིང་ལ་འགྲོ་ས་དེ་ད་ངོ་མ་གཡས་གཡོན་གཉིས་ཁ་ཐུག་གྲབས་བྱས་ནས་འདུག
དགོངས་དག ངས་ཧི་མ་ལ་ཡའི་ཡིག་གཟུགས་སྤྱོད་སྟངས་གསར་དུ་སྦྱོང་བཞིན་ཡོད་པས་ཆད་ལྷག་ནོར་བ་མང་པོ་ཤོར་གྱིན་འདུག
དེ་ད་ལོས་ཡིན། དགུ་རོང་ཉི་མ་དགུ་ཤར་ཟེར་ནི་རེད། མཚམས་རེར་རླངས་འཁོར་དགུ་ཆུའི་ནང་ལ་ལྷུང་ལོས་འགྲོ་བསམས་པ་ཡང་ལན་མང་བྱུང་མྱོང་ཨ་རོགས།m
ང་དེ་ནས་མར་འགྲོ་སའི་ལམ་དེ་ན་ཧོས་ཧོས་ཀྱི་གཞིས་ཆགས་གསར་པ་མིན་འགྲོ་སྙམ་པ་མང་པོ་མཐོང་རྒྱུ་འདུག་པས་ས་རྫོད་བྱི་བ་འདྲ་བའི་ཧོས་ཧོས་ཚོས་བོད་ཀྱི་ས་ཆ་འདི་ད་ཤོག་བུ་སྣུམ་གྱིས་ཟོས་པ་འདྲ་ཞིག་བྱས་ནས་ཡར་ཡོང་གིན་འདུག་ག་བསམ་བྱུང་། དེ་འདྲ་ཡིན་ནམ།
རེད་ཡ། ཡིན་ན་ཡང་དེ་ཚོའི་མང་པོ་ཞིག་གི་ཨ་མ་མགོ་ལོག་འབྲོག་མོ་དག་ཡིན་རབས་འདུག སྔོན་མར་མ་ཇག་གིས་མགོ་ལོག་བརྒྱབ་དུས་ཞི་མོ་མང་པོ་ཞིག་བཙན་ཁྲིད་བྱས་ནས་ཁོ་ཚོའི་མནའ་མར་ཉར་བ་རེད་ཟེར། དེ་ཚོའི་བུ་ཕྲུག་ཚོས་ཨམ་སྐད་ཐག་སྒྲ་ཅན་ཞིག་རྒྱག་གི་རེད། གདོང་གི་ཨ་ར་ནག་པོ་དང་མགོ་ཡི་རས་ལྷེབ་དེ་གཉིས་མེད་ན་ཨ་མདོའི་རོང་བ་རྣལ་མ་ཞིག་གི་བག་ཆགས་འཇོག་ཐུབ།
གླེན་པ་ཁ་ཤས་ཀྱིས་ང་ཕོད་ཀྱིས་བོད་དོན་ལ་ཕན་པའི་དྲང་བདེན་གྱི་ལོ་རྒྱུས་ཞིག་ལྐོག་ནས་བྲིས་ཏེ་བཞག་མེད་འགྲོ་བསམ་པའི་རེ་བ་བྱེད་ཀྱི་ཡོད་ཚོད། ཁོས་ནམ་ཡང་དེ་འདྲ་བྱེད་མི་སྲིད། དེ་འདྲ་བྱེད་རྒྱུར་ཁོ་རང་གི་གྲོགས་པ་བློས་ཐུབ་ཀྱི་རྒྱ་དཔོན་ཚོ་དང་ཀུང་ཁྲན་ཏང་ལ་ངོ་ཚ་གི་རེད།
མ་ཟད་ང་ཕོད་གསོན་དུས་མི་དཀར་ཡིན་དང་མི་ནག་ཡིན་མི་ཤེས་ལ། ཤི་དུས་ཀྱང་བཟང་པོ་བཅུ་འཛོམས་ཡིན་དང་ངན་པ་དགུ་འཛོམས་ཡིན་མི་ཤེས་པ་འདྲ་བོ་རེད།
འདི་རུ་བོད་པ་ཚོས་ང་ཕོད་ཀྱི་སྐད་ཆ་དྲང་པོ་ཞིག་བཤད་ཡོད་ན་བསམ་ནས་རེ་བ་བྱས་པ་དང་། དེ་ལྟར་བཤད་མ་སོང་བསམ་ནས་སྙིང་ན་གི་ཡོད་པ་འདྲ། བསམ་བློ་ཡག་པོ་བཏང་ན་ང་ཕོད་ཀྱིས་དྲང་པོ་ཞིག་བཤད་པས་བོད་ལ་ཕན་ཐོགས་རྒྱུ་ཁག་པོ་རེད། ང་ཚོར་ལོ་རྒྱུས་ཀྱི་བདེན་དཔང་གིས་མ་འདང་བའི་དབང་གིས་ཕམ་ཡོད་པ་མ་རེད། ང་ཚོར་སྟོབས་ཤུགས་དང་མི་འབོར་གྱིས་མ་འདང་བར་ཕམ་བསྡད་ཡོད་པ་རེད། དེ་ཕྱིར་ང་ཕོད་ཀྱིས་ཁོ་རང་གི་ཉམས་མྱོང་དམར་རྗེན་མ་ཞིག་བྲིས་ཡོད་ན། ང་ཚོའི་ཁ་ལ་བགྲང་རྒྱུ་དང་གསར་ཤོག་ཁག་ནང་འགོད་་རྒྱུའི་བསྔགས་ཡིག་གསར་བ་ཞིག་རག་པ་དང་གཅིག་རེད། འོན་ཀྱང་དེས་རྒྱ་གཞུང་ལ་འགྱུར་བ་ཐོངས་གི་མ་རེད། འདིར་གྱོང་རག་ས་གཙོ་བོ་ང་ཕོད་དང་ང་ཕོད་ཀྱི་བུ་རྒྱུད་ལ་ཕོག་ཡོད་པ་རེད། གང་ཡིན་ཟེར་ན་ང་ཕོད་བོད་རྒྱ་གཉིས་ཀྱི་བར་གི་ལོ་རྒྱུས་ལྡན་པའི་མི་སྣ་ཆེས་གལ་ཆེན་ཞིག་ཆགས་ཡོད་ནའང་། ཁོ་རང་གིས་གོ་སྐབས་དེ་ལྟོ་གོས་ཁོ་ནར་བརྗེ་བཞག་པ་རེད། ང་ཕོད་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་བྱེད་མ་ཐུབ་པ་རེད། གལ་སྲིད་ཁོས་རང་ཉིད་ལོ་རྒྱུས་ཀྱི་དཔང་པོར་གྱུར་བའི་མི་སྣ་གལ་ཆེན་ཞིག་བྱེད་རྒྱུའི་གོ་སྐབས་རྩ་ཆེན་པོ་ཐོབ་པ་དེ་ལྟོ་གོས་བཟང་པོ་ཙམ་ལ་བརྗེ་མེད་ན། ཁོ་རང་དང་ཁོ་རང་གི་བུ་རབས་ཚ་རྒྱུད་ལ་མུ་མཐུད་ལོ་རྒྱུས་ཀྱི་ཁྲོད་དུ་གཟི་བརྗིད་ཆེན་པོའི་གོ་གནས་ཤིག་བསྐྲུན་ཐུབ་ཡོད་པ་རེད། འོན་ཀྱང་ཁོས་རང་གི་བུ་རབས་ཚ་རྒྱུད་ལ་ལྟོ་གོས་བཟང་པོ་ཙམ་དང་མཉམ་དུ་ཞབས་འདྲེན་དང་ངོ་ཚ་ལུང་བ་གང་བཞག་ནས་ཁྱི་ནང་བཞིན་ཤི་སོང་བ་རེད། ཤི་ཚར་བའི་ཕྱིར་ཉིན་ནས་ལོ་རྒྱུས་ཐོག་དགོས་མཁོ་མེད་པའི་ཁྱི་རོ་ཞིག་དང་གཅིག་པ་ཆགས་ཚར་བ་རེད།
གོང་དུ་བར྄ྗོད་པ་བདེན་ག྄ྱི། ང་ཕོད་པ་ཟེར་མི་དེ་ངོ་མ་ང་ཕོད་མ་རེད། ང་ཕོད་ན་དེ་འད྄ྲ་མ་རེད་ཡ། དམག་དཔོན་ལ་དམག་དཔོན་ག྄ྱི་བ྄ྱེད་ས྄ྟངས་ཤིག་དང༌། ཕོགས་ཟན་ལ་ཕོགས་ཟན་ག྄ྱི་ལས་ས྄ྟངས་ཤིག་ལོས་དགོས། དེ་ཁ྄ྱོད་ཚོས་བཤད་པ་བདེན་ག྄ྱི།
ང་ཕོད་ངར་ནས་ཕྱིན་སོང་། །ཆབ་མདོ་བསྐྱལ་ནས་སླེབས་བྱུང་།
I try to type in tibetan but it is not working. So I am writing in English.
I have read all the articles on Ngabo in this section. Imagine if you are in the same shoe what will you do.
Empty vessels sounds much and you all falls in this catagory.
What a Irony time is! These days we are requesting our counter part china to accept us but invain we are struggling for the reunification.
For a country fifty years is not long. Hundred years from now, History will show you the glimpse of it. Please do not speculate unless you know the details of the person. It is like a tabloid, where useless and stubborn people just talk the talk, not walk the walk.