གནས་ཚུལ་མཁོ་གཏོང་བ། དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་རྣམ་མཛེས།
ཕྱི་ལོ་༢༠༡༣ ཕྱི་ཟླ་༡༡ པའི་ཚེས་༦ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ཡི་(Ram Leela maidan)ནས་(Jantar Mantar)བར་གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་ཁུར་། ཞེས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཏེ། ལྡི་ལི་བསམ་ཡས་གླིང་གི་མི་མང་དང་ལྡི་ལི་བྷོ་ངྷ་བྷི་ཧར་གྱི་ས་གནས་མི་མང་། ལྡི་ལི་ནང་ཁུལ་དང་ཉེ་འགྲམ་གྱི་བོད་པའི་ཁྲོམ་ས་གྷུ་རུ་གྷའོན་དང་ནོ་ཝཱི་ཌ། ལཱ་ལི་ཁཱུའི་ལཱ་དང་ཧྤེརི་ངྷ་བྷཱད། ཌོཝར་ཀ་བཅས་ཀྱི་ཚོང་པའི་མི་མང་། མཱ་ཋིར་ཧོམ་སློབ་གྲྭའི་སློབ་ཕྲུག བསམ་ཡས་གླིང་ཉི་མོའི་སློབ་གྲྭའི་སློབ་ཕྲུག ལྡི་ལི་ནང་ཁུལ་གྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག གཞན་ཡང་བོད་དོན་རྒྱབ་སྐྱོར་བའི་རྒྱ་གར་བ་སོགས་ཁྱོན་ལས་འགུལ་བ་མི་གྲངས་ཆིག་སྟོང་མ་ཟིན་ཙམ་གྱིས་ལས་འགུལ་ལ་མཉམ་ཞུགས་བྱས་འདུག སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༤༠ ཐོག་ལྡི་ལི་ (Jantar Mantar) ས་གནས་སུ་ལས་འགུལ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། མུ་མཐུད་བོད་དོན་ཆེད་སྐུ་སྲོག་དོར་བ་དང་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་གྱི་མར་མེ་མཆོད་འབུལ་དང་འབྲེལ་མྱ་ངན་ངག་བཅད་སྐར་མ་གཅིག བདེན་ཚིག་སྨོན་ལམ་གདངས་དབྱངས་ཐོག་བཏང་།
དེ་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ནས་ལས་འགུལ་དང་འབྲེལ་བའི་ཛ་དྲག་བསྒྲགས་གཏམ་བོད་ཡིག་ཐོག་སྒྲོག་སྦྱང་དང་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་སྐད་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་། ཆེད་དུ་གདན་འདྲེན་ཞུས་པའི་རྒྱ་གར་གྱི་ཆེས་མཐོའི་སྐུ་མགྲོན་དྲུག་གིས་སྔ་ཕྱིར་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག
ལས་འགུལ་མ་སྤེལ་བའི་ཉིན་འགའི་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་རྣམ་པས་རྒྱ་གར་གྱི་བློན་ཆེན་དང་གྲོས་ཚོགས་ཀྱི་འཐུས་མི། སྲིད་དོན་ཚོགས་པའི་མི་སྣ་གལ་ཆེན་སོགས་ལ་ཆེད་བཅར་གྱིས་བོད་དོན་ཞུ་གཏུགས་བྱས། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན། ཨ་རི་དང་རྒྱ་ནག མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་གཞུང་ཚབ་ཁང་དུ་ཛ་དྲག་གི་བོད་དོན་ཞུ་སྙན་ཕུལ། གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་ཁུར་ཞེས་པའི་ལས་འགུལ་དེ་ནི། མདོ་ཁམས་འབྲི་རུའི་ནང་གི་ཛ་དྲག་གི་གནས་སྟངས་གཙོ་བོ་བྱས་པའི་བོད་ནང་གི་རྒྱ་ནག་གི་དམ་བསྒྲགས་ལས་འགུལ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་སྣང་ཡོང་ཆེད་དང་གཙོ་བོ་རྒྱ་ནག་གཞུང་ལ་བརྡ་ལན་གྱི་སྐད་འབོད་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེར་བསྒྲགས་གཏམ་དོན་ཚན་བཞི་ཅན་ཞིག་ཁྱབ་བསྒྲགས་བྱས་འདུག་པ་དང་།
དེ་ནི་ ༡༽ བོད་ཀྱི་ལོ་རྒྱུས་ནི་ཡུན་རིང་གི་བྱུང་རབས་ཤིག་ཡིན་པར་འཛམ་གླིང་གི་ཆེས་མཐོའི་མི་སྣས་མཁྱེན་གསལ་ཡིན་པ་མ་ཟད། ཉེ་ལམ་བོད་ནང་གཅིག་པུར་རྒྱལ་གཅེས་དཔའ་བོ་ ༡༢༡ གིས་རང་ལུས་མེར་བསྲེག་གི་ལམ་ནས་བོད་ཀྱི་སྡུག་བསྔལ་རྣམས་འཛམ་གླིང་ཐོག་གསལ་སྟོན་གནང་ཡོད་ལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་བོད་ནང་གི་ཛ་དྲག་གི་གནས་ཚུལ་ཆ་ཚང་བ་ཞིག་ཐོན་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་གཞུང་འབྲེལ་ཁག་ནས། བོད་ཀྱི་དཀའ་ངལ་དེ་དག་མ་གོ་མ་ཐོས་པའི་ཟོལ་གྱིས་སྐྱུར་འཇོག་དང་སྣང་ཆུང་དུ་མི་གཏོང་བའི་རེ་སྐུལ་ཞུ་རྒྱུ།
༢༽ བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་ལྷག་པར་ཉིན་གྲངས་བརྒྱ་མ་ཟིན་པའི་ནང་། རྒྱ་ནག་གཞུང་གིས་མདོ་ཁམས་འབྲི་རུ་ལ་རྡུང་རྡེག་ཚ་ནན་བཏང་བ་དང་ས་གནས་མང་ཚོགས་ཀྱི་མངོན་འདོད་རྡོག་རོལ་བཏང་སྟེ་ས་གནས་གང་སར་དམག་མི་བཀྲམ་པ་དང་མི་མང་ནང་གང་བྱུང་མེ་མདའ་བརྒྱབ་པ། ཉེས་མེད་ཡུལ་མི་འཇུ་བཟུང་བྱས་པ་སོཌ་མི་སྦྱོད་ལས་འདས་པའི་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་དང་བོད་མི་དེ་རྣམས་མྱུར་དུ་གློད་གྲོལ་བྱ་དགོས།
༣༽ བོད་ཀྱི་ཡུལ་མི་དང་གནའ་བོའི་སྲོལ་རྒྱུན་རིག་གནས་སོགས་རྩ་མེད་གཏོང་བའི་ཇུས་ངན་བཤམ་སྟེ། བོད་པ་རིག་གནས་ཅན་དང་མི་རིགས་ཀྱི་སློབ་གསོའི་ལམ་སྟོན་པ་སོགས་འཇུ་བཟུང་བྱས་པ། གཏེར་ཁ་སྔོག་འདོན་སོགས་ཀྱིས་འཁོར་ཡུག་གཏོར་སྐྱོན་བཏང་བ། འབྲོག་སྡེ་རྣམས་ཤུལ་མེད་དང་ཞིང་པའི་ཞིང་སར་ནགས་ཚལ་ཅན་དུ་བསྒྱུར་བ་སོགས་སྲོལ་རྒྱུན་འཚོ་བའི་ཁ་ཕྱོགས་རྣམས་བཙན་སྒྱུར་བྱེད་བཞིན་པའི་བྱ་ངན་དེ་དག་འཕྲལ་དུ་ཕྱིར་འཐེན་བྱ་དགོས།
༤༽ རྒྱ་ནག་རང་ཉིད་ཀྱིས་གཏན་འབེབ་བྱས་པའི་རྩ་ཁྲིམས་ཀྱི་མང་གཙོའི་ཐོབ་ཐང་སོགས་ལ་སྣང་ཆུང་གཏོར་གཤིག་བཏང་བ་དང་། བོད་མི་རིགས་ཀྱི་སོན་རྩའི་མི་རབས་གསར་པའི་ན་གཞོན་ཤེས་ཡོན་ཅན་རྣམས་ལ་འོས་བབ་ཀྱི་ལས་ཀ་མི་སྤྲོད་པ་དང་ལས་སྣེ་ནས་ཕྱིར་འབུད་གཏོང་བ། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཁོང་ཚོའི་མདུན་ལམ་ལ་བར་ཆད་གཏོང་བ་སོགས་ཀྱི་གཡོ་ཇུས་ཇི་སྙེད་ཅིག་རྩོམ་བཞིན་པ་དེ་རྣམས་འཕྲལ་མར་མཚམས་འཇོག་བྱ་དགོས། ཞེས་པ་རེད་འདུག མཐར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་དཔལ་འབྱོར་འགན་འཛིན་བསྟན་འཛིན་རྒྱལ་མཚན་ལགས་ནས་ལས་འགུལ་དང་འབྲེལ་བའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གདངས་དབྱངས་དང་བཅས། གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་ཁུར་ཞེས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་འཇུག་སྒྲིལ་ཡོད།
འབྲེལ་བ་གནང་ཡུལ། 0091-1892-220865,
09418069179.09736831339
E-mail : tibetparty4@gmail.com
mangtso4@yahoo.com
Website : www.ndp4tibet.org
Blog : www.ndp4tibet.org
Facebook : https://www.facebook.com/ndptcentral
Youtube : http://www.youtube.com/user/NDPTibet
འོ་་ངོ་མ་བཟང་གི་ལགས།
ཚང་མ་ལ་འཚམས་འདྲི་ཡོད་ལགས།
བོད་ཀྱི་རྒྱལ་གླུ་རྒྱ་གཞུང་གིས་ཀྱང་གཏོང་གི་ཡོད་ཚུལ་གོ་རྒྱུ་འདུག
བདེན་མིན་དང་དོན་དག་ཅི་ཡིན་ཤེས་མ་སོང་།
ཞོ་ལྟར་ཆགས་སྡོད་དུས་ཁྲག་ལྟར་ག་དུས་ཡིན་ཀྱང་དཀྲུག་གིས་རེད།
ངོ་མ་བཟང་ཐལ། རྒྱ་ཁྱི་དེ་ཚོ་ཡང་སྙིང་གས་གྲབ་འདུག འདི་ཡང་རྒྱལ་ཁ་ཞིག་ཅི་ལ་མིན།