བཀྲ་ཤིས་དོན་འགྲུབ།
བས་མཐའ་ཉུལ་བའི་ཤྭ་ཁྱུ་ཞིག
སྐོམ་གདུང་དྲག་པོས་མནར་ཡོད
སྔོ་ལྡེམ་ལྡེམ་གྱི་གཙང་ཆུ་རླབས་སྒྲ་དང་བཅས
མིག་མདུན་ནས་བཞུར་བཞིན་ཡོད་ཀྱང
ཤྭ་ཁྱུའི་ཚོགས་ཀྱིས་ཅི་ཡང་མ་མཐོང་ཞིང་གང་ཡང་མི་ཐོས་པ་འདྲ་སྟེ
རྒྱང་རིང་རྒྱང་རིང་གི་སྨིག་རྒྱུ་ལ་ཅེར་འདུག
༡ གྲོང་རྡལ་གྱི་མི་ལྡོམ་རྣམས།
འགྱིག་བཟོས་མེ་ཏོག་དང་འགྱིག་བཟོས་ཁྲུ་གུས་བསླུ་བྲིད་ཐེབས་པའི་མི་ལྡོམ་རྣམས
ཡིན་མིན་གྱི་ཁ་བརྡ་སྣ་ཚོགས་བྱེད་ཅིང
བཅོས་འཛུམ་དང་གཡོ་ཟོལ་གྱི་ཁྲོད་ནས་མཚམས་མེད་པའི་འདུར་རྒྱུག་ལ་བྲེལ
གྲོང་རྡལ་གྱི་སྲང་ལམ་དང་རླངས་འཁོར་གཞུང་ལམ་གྱི་ཟུར་དག་ན
ཞལ་ཁ་ལྷུག་གེར་ཕྱེ་ཡོད་པའི་མེ་ཏོག་སྣ་ཚོགས
མི་ལྡོམ་ཚོའི་མིག་ལམ་དུ་བཙན་གྱིས་འཇུར་གྱིན་ཡོད་ནའང
མི་ལྡོམ་ཚོ་མེ་ཏོག་ལ་གཏན་ནས་མི་མོས་པས
འཇིགས་གཡེར་བའི་སྡང་མིག་གིས་གཙེ་ཞིང
ཡར་འགྲོའི་ས་ལ་མཆིལ་ལུད་རེ་དང
མར་འགྲོའི་ས་ལ་མཆིལ་ལུས་རེ་འཕེན་བཞིན་འགྲོ
༢ བདག་པོ་བུད་མེད་ཡིན་པའི་མགྲོན་ཁང་།
ཞེན་ཆགས་ཤིག་གིས་བསྐུལ་ཏེ
བདག་པོ་བུད་མེད་ཡིན་པའི་མགྲོན་ཁང་དེ་འཚོལ་དུ་སོང་མོད
མགྲོན་ཁང་གི་སྒོ་གླེགས་སྟེང་“སྡོད་མཁན་གཞན་ཡོད”ཅེས་པའི་འཕྲེད་བྱང་ཞིག་བཀལ་བ་མཐོང་བས
སེམས་པ་སྨྲེང་བས་བཟི་སྟེ་མཁུར་མགོ་གཤེར་གཟུགས་ཀྱིས་བརླན
ཡིན་ངོ་མ་ནི མགྲོན་ཁང་བདག་མོ་དེ་ང་རང་ཁོ་ནའི་གནས་མོར་རློམ་ཡོད་པས
དེ་རིང་གནས་མོས་བློས་བཏང་ན
སང་ཉིན་སུ་ཞིག་གིས་བློས་གཏོང་སྲིད་དམ… …