སེར་ཤུལ་རིན་ཆེན་དོན་གྲུབ།
—གནས་ལུགས་དང་དངོས་ཡོད་འཚོ་བའི་བར་གྱི་སྣང་ཞེན་ཐར་ཐོར་འགའ་མྱངས་རྗེས།
གནས་ལུགས་གོམ་པས་གཞལ་བ་དཀའ་ཚེགས་མ་བྱུང་།།
ཐོས་བརྩོན་ནུས་པས་འདེགས་པར་བཟོད་བློས་ནུས་སོང་།།
ངག་རིག་སྒྱུ་རྩལ་བུ་མོའི་ཟུར་མིག་ཐོབ་བྱུང་།།
བདེ་བའི་ལམ་ཆེན་འདི་ན་ཡོད་ཚོད་མི་འདུག །
བརྒལ་རྟགས་རིགས་པའི་ཀློང་ཡངས་རྩོད་པས་གཤེགས་ཤིང་།།
མཛེས་སྡུག་དབྱངས་ཅན་དགའ་མ་ཁབ་ཏུ་བསུས་ནས།།
སྲོལ་རྒྱུན་རིག་པའི་མཐོ་སྙེག་གོམ་པས་འཛེག་ཀྱང་།།
བསམ་ཚོད་བདེ་ཆེན་ལམ་ཞིག་འདི་ལ་མི་འདུག །
བྱམས་ལྡན་ཕ་མ་གཤེགས་པའི་མི་ཡུལ་ཁམས་ན།།
བརྩེ་བའི་གཉེན་ཉེ་བྲལ་བའི་ས་མཐར་འཁྱམ་དུས།།
དུང་སེམས་སྙིང་ལ་གློན་པའི་མཛེས་པ་བཀྱེད་པས།།
སྟོང་སེང་འདུ་ཤེས་སྒེག་མོས་གཏོང་དུས་མ་བྱུང་།།
སྡུག་བསྔལ་སེམས་ནས་ཞི་བའི་དམ་ཆོས་ནོར་བུ།།
ཉམས་ལེན་འོད་ཀྱི་གུར་ནས་བདེ་སྣང་འཕྲོ་ལས།།
སེམས་པར་རྒྱང་དུ་ཕྱིན་པའི་རྩོད་སྒྲུབ་སྐམ་པོས།།
བདེ་བའི་དགའ་སྣང་གསོན་པོ་འདྲེན་སྐད་མི་འདུག །
ཡག་ཡག་བསྟོད་པའི་རི་མོ་འབྲི་བའི་ཡུལ་ན།།
སྙན་སྙན་ཕྱི་ཚུལ་གསོན་པོར་རྒྱལ་ཁ་མཐོ་བས།།
ཁེངས་པ་གནམ་ལ་འདེགས་པའི་ངར་ཤུགས་ཁྲོད་དུ།།
སེམས་པའི་ཉེ་སར་བཅར་བ་ཉུང་ལས་ཉུང་ངོ་།།
ལྷུས་ཐིངས་མཐུན་རྐྱེན་བྲལ་བའི་ཡངས་པོའི་ཞིང་ན།།
བདེ་བའི་ཉམས་ལེན་འབྲས་བུ་སྐྱེས་སྐལ་སྟོང་བས།།
ཁ་གཡང་བསྟོད་ལ་ཆགས་པའི་ཧམ་ཆེན་བུས་པ།།
རྣམ་དག་བདེ་བ་ཐོབ་པའི་སྐལ་བ་ནམ་ཞིག །
ལྟ་གྲུབ་བློ་ལ་འཇགས་པའི་སེམས་པ་ཁེར་རྐྱང་།།
མི་རྟག་དཔྱོད་ལ་ཞུགས་པའི་རྣམ་ཤེས་ལྡོམ་པོ།།
སྡུག་བསྔལ་ཡིད་ནས་སེམས་པའི་བློ་གྲོས་རྐྱང་རྒྱུགས།།
ཕལ་བའི་སྣང་བར་འགྲན་བཟོད་མིན་པ་ཚོར་རོ།།
བདེ་སྡུག་རེས་ཀྱི་འཁོར་བ་སེམས་པའི་གཤིས་ལུགས།།
དགའ་སྐྱོ་འཐབ་ནས་འོང་བ་འཁོར་བའི་ངང་ཚུལ།།
སྐྱིད་ཀྱི་ཕ་མཐའ་སྡུག་གི་ངང་ཚུལ་ལགས་པས།།
རབ་དཔྱོད་བློ་གྲོས་ངོ་ན་སྙིང་པོ་ཅི་ཞིག །
སྟོང་བཤད་བག་ལ་བརྫུས་པའི་བཤད་པ་དོར་ནས།།
མགོ་རྣ་དགུང་ལ་འདེགས་པའི་སེམས་གཤིས་ཕབ་ན།།
སྙིང་གི་འདོད་པ་གང་ཞིག་སུས་ཀྱང་འདོད་པས།།
རྨི་ལམ་རེ་སྙེག་དེ་ཡང་བློས་གཏོང་དཀའ་འོ།།
རེ་བ་བློ་ལ་བཏེགས་པའི་ངལ་དུབ་ཁུང་གསེང་།།
བསྟོད་པའི་གླུ་ལ་ཆགས་པའི་གོས་ཀྱིས་བཀབས་པས།།
འགལ་འདུའི་གནས་ལུགས་གསོན་བཤད་ཉུང་བའི་ངང་ཚུལ།།
སྐྱོ་ཤས་ནར་མོའི་ཆ་ལ་སྔར་ནས་ཞུགས་སོ།།
སྤྱི་ལོ་ ༢༠༡༣/ཟླ ༡༡/ཚེས་ ༧ ཉིན་སྙིང་ཉེ་བའི་གྲོགས་པོ་ཞིག་དང་དྲ་ཐོག་ནས་གླེང་མོལ་ཅུང་ཟད་བྱས་པའི་རྐྱེན་བྱས་ནས་སེམས་ཀྱི་ན་ཟུག་དང་། མངོན་ལྐོག་བར་འཛིང་། ཁེར་རྐྱང་སྣང་བ་བཅས་ཀྱི་མྱོང་ཞིབ་ཅུང་ཟད་ཅིག་སྒོར་ཕྱུང་བའོ།།
གྲོགས་པོ་སེར་ཤུལ་ལགས་ཡག་པོ་བྲིས་འདུག་་་་་་མུ་མཐུད་འབྲི་རོགས་གནང་།
གྲོགས་པོ་སེར་ཤུལ་ལགས་་་་་ཡག་པོ་བྲིས་འདུག་་་་མུ་མཐུད་འབྲི་རོགས་གནང་།
སེམས་ཤུགས་མ་ཆགས་ཨ་གྲོགས་པོ་ལགས། ཧཧཧཧ། སྐུ་རྩེད་ཞུས་ཡིན། བཀླགས་ཟིན་ཡག་པོ་བྲིས་འདུག