གཉན་ཆེན།
ང་ནི་རླུང་གི་གཤོག་པ་བཅིབས་ནས་ཁ་བ་ཅན་ལ་དཀྱུས་གསུམ་རྒྱབ།།
ཁ་བའི་ཁྲོད་ཀྱི་རླུང་འཚུབ་རྒོད་རུང་ང་ཡི་གཤོག་པ་གཅོག་ནུས་མེད།།
ཁ་བའི་ཁྲོད་ན་འཁྱག་རོམས་ཆེ་རུང་ང་ཡི་ཁ་ལག་བྱིད་ཐུབ་མེད།།
ཁ་བའི་ཁོར་ཡུག་གཞི་རྒྱ་ཆེ་རུང་གཞི་བདག་མི་སླེབས་ས་ཞིག་མེད།།
ཁ་བ་འབབ་པའི་དགུན་གྱི་དུས་སུ་སློག་པ་གོན་ནས་རི་ལུང་ཉུགས།།
དྲག་རླུང་ལྡིང་བའི་དཔྱིད་ཁའི་དུས་སུ་ར་རྩག་གོན་ནས་རོང་ལ་སོང་།།
དབྱར་ཀའི་ཉི་མ་སེར་བོ་ཤར་དུས་རྫ་ནས་ཤ་རྗེན་ཉི་མར་དྲོས།།
སྟོན་ཁའི་རི་མགོར་སྤྲིན་པའི་གཡོགས་དུས་བྱིང་ཞྭ་དཀར་བོའི་ཆར་ཞྭ་གོན།།
ང་ལ་ཆགས་པའི་ཁྱིམ་གཞི་མེད་ལ་བརྩེ་བའི་བུ་ཕྲུག་གང་ནས་ཡོད།།
ཨ་ཕ་མེད་པའི་བྱི་བུའི་རིགས་ལ་ང་ལ་ཨ་ཕའི་སྒྲོ་འདོགས་བཏགས།།
སྡེ་པ་ཕན་ཚུན་དམག་ལ་ཐུག་དུས་ང་ཡི་མིང་ནས་ཡང་ཡང་བོས།།
རི་ནས་ར་ལུག་རྐུས་ལ་ཤོར་དུས་ང་ལ་རམ་མདའི་འོ་དོད་འབོད།།
གངས་དཀར་རི་བོའི་རྩེ་མོ་མཐོ་རུང་ང་ཡི་ངལ་གསོའི་སྟེགས་པུ་ཡིན།།
གངས་དཀར་ཏེ་སིའི་འགྱིངས་ཉམས་ཆེ་རུང་ང་ཡི་མཆོད་པའི་མདུན་ཅོག་ཡིན།།
མི་ཉག་གངས་དཀར་ནགས་ཀྱིས་བསྐོར་རུང་རི་དྭགས་གཅན་གཟན་སྒོ་ཟོག་ཡིན།།
གངས་དཀར་ཤ་མེད་མགོ་རིལ་སྒང་ལ་ང་ཡིས་གཅིན་པ་ལན་མང་བཏང་།།
བྱང་གི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ང་ཡིས་སྒོ་ཕྱུགས་འཚོ་ས་ཡིན།།
ཅོ་ནེ་ཁོག་གི་རྫ་རྒན་མགོ་ལེབ་ང་ཡིས་སོ་ལྟའི་སྟེགས་པུ་ཡིན།།
གཡའ་རི་སྤང་རི་འགྱིངས་སྟོབས་ཅན་པོ་ང་ཡི་འགྲམ་གྱི་སྲུང་དམག་ཡིན།།
ཧི་མ་ལ་ཡའི་གངས་རིའི་རི་རྒྱུད་ང་ཡིས་དབྱར་ཁའི་འཆམ་ས་ཡིན།།
བཞུར་རྒྱུན་རིང་བའི་རྨ་འབྲི་རྫ་གསུམ་ང་ཡི་གཙང་ཆབ་སྔོན་མོ་ཡིན།།
དྭངས་གཙང་བསིལ་མའི་ཡར་ཀླུང་གཙང་བོ་རྔུལ་ནག་རྒྱག་དུས་འཁྲུས་ཆུ་ཡིན།།
མི་ཕམ་གཡུ་མཚོ་འཁྱིལ་སྟངས་ཡག་ནོ་གཞི་བདག་ང་ཚོའི་འཁྲུས་གཞོང་ཡིན།།
ལྷ་མོའི་བླ་མཚོར་རྙོག་མ་མེད་ནོ་ཡར་མར་འགྲོ་དུས་སྐོམ་ཆུ་ཡིན།།
དར་རྒྱལ་ཀླད་ཀྱི་མཚོ་ཁར་སོང་དུས་སྤྱང་ལྟོགས་སྟོང་གི་ངུ་སྐད་ཟུག །
རྨ་རྒྱལ་སྤོམ་རིའི་རྩེ་ལ་འཛེགས་དུས་ཤ་བ་ཡུ་མོའི་ཁྱུ་ཚོགས་གཤར།།
ཁྲི་ཤོར་རྒྱལ་མོའི་འགྲམ་ལ་སླེབས་དུས་རྒྱ་འགྲུལ་གྲུ་གཟིངས་དུ་མ་བསྐྱོད་།།
གནས་ཆེན་ཙ་རིའི་རི་སྐམ་བརྒྱུད་དུས་ཙི་ནའི་དམག་གི་སྦྱོང་བརྡར་མཐོང་།།
སྐྱེས་ཆེན་དམ་པས་གཡར་དམ་བཞིན་དུ་ང་ནི་རྒྱ་བོད་མཚམས་ལ་ཡོང་།།
རྒྱ་བོད་གཉིས་ཀའི་ས་མཚམས་དེ་ན་རང་ཉིད་གཅིག་པུ་འགྲེངས་ངེར་ཡོད།།
རྩམ་མར་ཞིག་གི་རྒྱགས་ཕྱེ་མ་གཏོགས་ང་ལ་སྐྱེས་བཟང་སུ་ཡིས་སྤྲད།།
དཔའ་བོ་གླེན་པ་ང་རང་མ་གཏོགས་མཐའ་མཚམས་སྒོ་སྲུང་སུ་ཡིས་བྱེད།།
དཔའ་བོ་བརྒྱ་དང་ཉི་ཤུ་ལྷག་གིས་རང་སྲོག་དམར་བོ་མེ་ལ་སྤར།།
ར་བ་སྲུང་བའི་གཞི་བདག་རིགས་ཀྱིས་དྲི་མ་བྲོ་ན་བྲོས་ནས་འགྲོ །
ཅི་ཙམ་དཔའ་བོའི་རང་སྲོག་ཤོར་རུང་རང་ལ་འཐོབ་པའི་རྒྱལ་ཁ་མེད།།
བརྗོད་མཐའ་མེད་པའི་བོད་ཀྱི་གནས་སྟངས་ང་ཡིས་མཐོང་རུང་བྱ་ཐབས་མེད།།
རྒྱ་དམག་ཁྲི་ཕྲག་བོད་ལ་དྲངས་དུས་ང་ནི་རྫ་ན་ཡིབ་ནས་ཡོད།།
བོད་མི་འབུམ་ཕྲག་དམར་གསོད་བཏང་དུས་ང་ནི་འཇིགས་ནས་ལྟ་བཟོད་མེད།།
དང་པོ་ང་ཡིས་འགོག་ཁུལ་བྱས་རུང་ང་ལ་དམག་གི་རྒྱབ་དཔུང་མེད།།
བོད་ཀྱི་གཞི་བདག་གཞན་པ་ཆ་བོ་གར་སོང་ལམ་ན་དྲི་ཙམ་མེད།།
རྒྱ་དམག་འབུ་གཟན་གྲོག་ཚང་རྡོལ་དུས་ཁེར་རྒྱུག་ང་ཡིས་དོ་ཡ་མེད།།
།གཏུམ་དྲག་ཆེ་བའི་གཟུགས་ཅན་མི་ལ་གཟུགས་མེད་ང་ཡིས་ཅི་ཞིག་བྱ།།
དེང་རབས་དམག་གི་དཔུང་སྟོབས་དེ་ལ་གཞི་བདག་ང་ཚོས་ཟློག་ཐབས་མེད།།
མགོ་ནག་བོད་ཀྱི་སྲུང་མའི་རིགས་ལ་བོད་ཁམས་སྲུང་བའི་སྟོབས་ཤུགས་མེད།།
ལྕགས་ཀྱི་ཚེར་མའི་ར་བ་སྐོར་བའི་བཙོན་སྒོ་གཏོར་བའི་སྙིང་སྟོབས་མེད།།
དམྱལ་བའི་གཤེད་མས་བཙོན་སྡུག་མྱོང་བའི་ང་ཡི་སྤུན་ཟླ་སྐྱོབ་ཐབས་མེད།།
སྙིང་རྗེ་ཅན་གྱི་ལྷ་གཅིག་དེ་ཡི་ཕྱག་གིས་སྐྱོབ་པའི་ནུས་པ་མེད།།
དམྱལ་བ་སྲུང་མའི་ལས་མཁན་དེ་ཚོར་སྙིང་རྗེ་ཟེར་བ་སྤུ་ཙམ་མེད།།
བོད་ཡུལ་ཁེངས་པའི་རྒྱ་དམག་མཐོང་དུས་གསོས་པའི་སྲུང་མ་འདུག་བཟོད་མེད།།
བརྙས་བཅོས་བྱེད་པའི་རྒྱ་དཔོན་མཐོང་དུས་ཁོང་ནས་ཁྲོ་རུང་ཡ་ལན་མེད།།
གངས་རིའི་ར་བའི་གཏེར་ཁ་སྔོག་དུས་ང་ཚོར་ལྷིང་འཇགས་གནས་ས་མེད།།
གངས་རིའི་དཔའ་བོའི་སྙིང་རྩ་བྲེག་དུས་ང་ཡི་མིག་གིས་ལྟ་ཐུབ་མེད།།
དེང་རབས་ཅན་གྱི་ཅ་ལག་མཐོང་ན་ང་ལ་བཀོལ་བའི་ལག་རྩལ་མེད།།
དེང་རབས་དམག་གི་དྲག་ཤུགས་མཐོང་ན་ང་ཡི་ཁོག་ནས་འདར་སིག་རྒྱག །
དེང་དུས་རྒྱ་ཡིས་བཙན་བཟུང་འོག་ནས་ང་ལ་ཐར་བའི་ལམ་ཁ་མེད།།
དེང་སང་ཞི་བའི་བྱ་བ་དེ་ལ་མི་རིགས་སྐྱོབ་པའི་ནུས་པ་མེད།།
དེང་སང་བོད་དོན་རྒྱལ་སྤྱིའི་སྟེང་གི་ཡིག་ཚང་ནང་ན་ཉལ་ནས་ཡོད།།
ཡིག་རྨོངས་ཚོགས་ཀྱི་གཞི་བདག་རིགས་ལ་ཡིག་ཆ་ཀློག་པའི་ཡིག་རྩལ་མེད།།
བོད་དོན་གླེང་བའི་སྟེགས་བུའི་སྟེང་ན་ང་ཚོས་གོ་བའི་སྐད་སྒྱུར་མེད།།
ཁྲིམས་དང་སྲིད་ལ་དཔྱད་པ་གཏོང་བའི་རྣམ་དཔྱོད་རིག་པའི་སློབ་སྦྱོང་མེད།།
བོད་ཁམས་སྐྱོང་བའི་གཞི་བདག་ཡིན་རུང་ཚོགས་འདུ་ཆེ་ཆུང་དུ་མ་འཚོགས།།
ལྷ་འདྲེ་གཉིས་ཀའི་ཕྱོགས་གཏོགས་མང་བོའི་གྲོས་ཁ་མཐུན་པའི་རེ་བ་མེད།།
རི་རབ་རྫ་གསེང་ཉུག་མཁན་ཚོགས་ལ་བོད་ཡུལ་སྐྱོང་བའི་རེ་བ་མེད།།
གངས་རིའི་ར་བའི་ལྕགས་རི་གཏོར་བའི་དྲག་པོའི་དགྲ་ལ་ཟློག་ཐབས་མེད།།
ང་ཚོའི་གཞི་བདག་གཉན་པོའི་རིགས་ལ་འགོ་ན་བཀོད་འདོམས་འགོ་དཔོན་མེད།།
མགོ་ནག་བོད་མིའི་ལུགས་སྲོལ་ཞིག་ལ་ང་ཚོར་བཅོལ་བའི་འཕྲིན་ལས་ཙམ།།
རི་བོ་མཐོན་པོའི་རྩེ་ལ་ཡོང་སྟེ་ཀི་གསུམ་བཏབ་ནས་བསང་ཅིག་ཕུལ།།
སྐྱིད་སྡུག་སྨྲེ་ངག་དབྱངས་རྟ་འཐེན་ནས་ལས་དོན་མཐའ་དག་སྒྲུབ་པར་བསྐུལ།།
ཁྱེད་ཚོའི་རྣམ་དཔྱོད་བེད་སྤྱོད་མེད་པར་ལས་ཀ་ཚང་མ་ང་ཚོར་བཅོལ།།
གཟུགས་ཅན་ཚབ་ལ་གཟུགས་མེད་ཅིག་གིས་གཟུགས་ལྡན་ལས་ཀ་ཇི་ལྟར་བགྱི།།
སྟོབས་ཀྱིས་སྐྱོང་བའི་རྒྱལ་ཐབས་ལས་ཀ་སྟོབས་མེད་ཅིག་ལ་མ་བཅོལ་རོགས།།
སྟོང་ཁམས་འཇིག་རྟེན་ཉུལ་བའི་ཉམས་མྱོང་གཉན་པོའི་ཁ་ནས་ཤོར་ནི་ཡིན།།
ང་ཡི་ཉེན་བརྡ་ཉན་མཁན་མེད་ན་ང་ནི་མི་འདུག་འགྲོ་རྒྱུ་ཡིན།།
ང་ནི་སྐྱི་བསེར་རླུང་ལ་འགྲོགས་ནས་སྟོང་གསུམ་འཇིག་རྟེན་འགྲིམས་ནས་འགྲོ །
ཡང་ན་སྟེང་ཕྱོགས་ལྷ་ཡི་ཁམས་ན་ལྷ་མོ་སྟོང་གི་སྒུག་ནས་ཡོད།།
རྡུལ་ཕྲན་མཚོན་ཆའི་རྟེན་གཞིར་གྱུར་བའི་མི་ཡི་གོ་ལ་བརླག་ཉེན་ཡོད།།
མི་ཡི་བྱ་བ་མི་ཡིས་སྒྲུབ་ནས་ང་ལ་ལས་བཅོལ་མ་གནང་རོགས།།
དཔའ་བོའི་རང་སྲོག་དགྲ་ལ་སྤྲད་རུང་ང་ལ་སྐྱོབ་པའི་ནུས་མཐུ་མེད།།
ང་ལ་རྒྱ་འདྲེ་རྒྱ་གདོན་མ་གཏོགས་འགོག་པའི་ནུས་པ་ཅི་ཡང་མེད།།
དར་རོ་རྒྱལ་ལོ་ང་ཡིས་སྲུང་བྱའི་བོད་མིའི་རིགས་ལ་དགོངས་སུ་གསོལ།།
༢༠༡༣ ༡༡ ༥ ཉིན།
“ཁྱེད་ཚོའི་རྣམ་དཔྱོད་བེད་སྤྱོད་མེད་པར་ལས་ཀ་ཚང་མ་ང་ཚོར་བཅོལ།།
གཟུགས་ཅན་ཚབ་ལ་གཟུགས་མེད་ཅིག་གིས་གཟུགས་ལྡན་ལས་ཀ་ཇི་ལྟར་བགྱི།།
སྟོབས་ཀྱིས་སྐྱོང་བའི་རྒྱལ་ཐབས་ལས་ཀ་སྟོབས་མེད་ཅིག་ལ་མ་བཅོལ་རོགས།།” འདི་ཚོ་ཡིད་ལ་འཐད་པོ་བྱུང་།