རྨ་རོ་ལངས། ༼རྨ་ལྷོ༽
དྲན་པའི་སྙིང་ལ་གྲུབ་པའི་ཐང་ཆེན་ཁེར་རྐྱང་།།
སུན་སྣང་ལོ་ཟླས་བྱིན་པའི་འབོད་པས་བཏུས་ཏེ།།
མི་ཚོགས་རབ་རིབ་འགུལ་བའི་ཁྲོམ་གཞུང་སྐྱ་མོ།།
མཚན་གྱི་རྨི་ལམ་གཏོང་བའི་ལྗོངས་ལ་ཆས་ཡོང་།།
ཁེར་སྡུག་སྲིད་པ་རོལ་བའི་འཚོ་ལམ་རིང་མོ།།
གཞན་དབང་རླབས་ཀྱིས་ཁྱེར་བའི་དུས་ཚིགས་འདི་འདྲར།།
སྙིང་དང་མཆིན་པ་འདྲེས་པའི་མི་རྐྱང་ཁ་ཤས།།
གོམ་པའི་སྤོ་སྟངས་བར་ནས་ཡང་ཡང་དྲན་སོང་།།
གླུ་སྐད་སེམས་ལ་སྦྲུམ་པའི་ཁྲིམས་ཤིག་ཐོབ་པས།།
སྨྱོན་པའི་རང་རྣམ་འཁྲབ་པའི་ལོ་ཟླ་མ་དབང་།།
སྟོང་འདང་ལ་ཁར་འཛེགས་པའི་ཁ་སང་དེ་རིང་།།
གནས་མོའི་གདོང་འབག་གྱོན་པའི་ཁོ་མོ་དྲན་བྱུང་།།
ཡར་ལྟོས་རི་མཐོའི་དར་ལྕོག་ལྷབ་ལྷུབ་སྐྱོད་དུས།།
ཆེན་པོ་ཡར་འགྲོ་ཞིག་གི་རྣམ་ཐར་མྱུལ་འདོད།།
ཕར་ལྟོས་མི་ཚོགས་འདུ་བའི་སྟོང་བའི་གཞི་རུ།།
རང་ལམ་ཁྲིམས་ཀྱིས་འཇལ་བའི་ས་གཞི་རྙེད་སོང་།།
ཁེར་རྐྱང་ཐུ་འོག་ཆས་པའི་ལམ་གྱི་མཐའ་རུ།།
འཁྱམ་པོའི་མི་ཚེར་དབང་བའི་འཚོ་བ་རོལ་དུས།།
མ་ལོའི་བྲང་ནས་ཆས་པའི་མིག་ཆུ་དྲོན་མོ།།
སེམས་ཀྱི་གཏིང་ལ་འཁྱམས་པའི་དངོས་གྲུབ་ངོ་མ།།
ལམ་འགྲོའི་སྙིང་ཁར་བཏབ་པའི་མེ་ཏོག་དམར་པོ།།
ཐག་རིང་སྐྱེས་སུ་བཏེགས་པའི་སྨོན་པས་འཚོས་ཀྱང་།།
ཉི་མ་སྤྲིན་གྱིས་སྒྲིབ་པའི་བཟོ་ལྟ་ཁོ་ནས།།
མུན་པའི་ཐང་ཆེན་བརྒྱུད་པའི་འཁོར་བ་ཐོབ་ཡོང་།།
འཁྱག་གྲང་ལྟོགས་སྐོམ་རྔམས་པའི་སྲིད་པའི་ད་ལྟ།།
ཉམས་རྒུད་ཕྱི་ནང་འགྲིམས་པའི་ཚོར་བ་རྙེད་བྱུང་།།
རྒྱང་རིང་རླུང་རྟ་སྤུར་བའི་གཏམ་རྒྱུད་ཁ་ཤས།།
གཞུ་མོའི་ལྟོང་ལ་སྤྲད་དེ་འབེན་ལ་གཟས་ཡོད།།
མཚན་མོ་མལ་དུ་ཉལ་བའི་ཕྱིར་དྲན་ཀློང་ནས།།
སྒེའུ་ཁུང་ཕྱི་ན་འདར་བའི་སྐར་ཚོགས་མཐོང་བྱུང་།།
སེམས་པ་གཅལ་དུ་བཀྲམ་པའི་ཐང་ཆེན་སྐྱ་མོར།།
ཁེར་རྐྱང་གཡུལ་ལ་ཆས་པའི་སྲོག་སྤུན་ཆས་ཡོང་།།
རེ་སྒུག་ལག་པ་བསྲིངས་པའི་སྐྱོ་བའི་ཕ་མཐར།།
མི་སྡུག་བཞིན་རས་འཁུར་བའི་ཁྲིམས་དཔོན་སླེབས་བྱུང་།།
མཛེས་སྡུག་སྟོན་ལ་རེག་པའི་རོལ་དབྱངས་འཇམ་པོ།།
དགུན་གྱི་གྲང་རླུང་རྩུབ་མོས་རྒྱང་ལ་དེད་སོང་།།
ཐ་མག་ཤུགས་ཀྱིས་རྔམས་པའི་ཁེར་རྐྱང་གཞི་རུ།།
ཨ་རག་འདོད་རྒུ་སྤྱོད་པའི་རང་དབང་ཐོབ་སྟེ།།
དགའ་མའི་ཕྱི་ནང་སྤྱོད་པའི་འཇིག་རྟེན་བདེ་བ།།
སེམས་ཀྱི་སྣོད་དུ་བཞུར་བའི་ལོ་ཟླ་ཡོད་ན།།
དྲན་པའི་ཕ་མཐའ་ཟིན་པའི་གླུ་སྐད་དམར་པོ།།
སྐྱོ་བའི་སྤྲིན་པ་སྟུག་པའི་སེམས་ཀྱི་གཅོང་ནས།།
མི་སྡུག་ཕྱི་ནང་རོལ་བའི་ཚོར་བ་རྣལ་མས།།
ས་ཆེན་གོམ་གྱིས་འཇལ་བའི་བྱེད་པོར་བཏང་ཡོད།།
༢༠༠༧/༡༡/༡༢ ཉིན་གཞིས་རྩེ་ཁྲིམས་ཁང་དུ་སྐྱ་ཐིགས་ཙམ་ཕབ་སྟེ། ༢༠༡༣/༡༡/༠༨ ཉིན་རེབ་གོང་དུ་ཡི་གེར་བཀོད།
ཡག་པོ་བྲིས་འདུག