བསོད་ནམས་ནོར་བུ།
——འཕྲིན་ཕྲན་ནང་གྲོགས་དང་བགྲོ་བ།
ཕྱོགས་གླང་རལ་གྲི་གཡུགས་ལ་ཁྱོད་རང་ངར།།
དབྱངས་ཅན་པི་ཝང་དཀྲོལ་ལ་ང་རང་མཁས།།
ཤི་གསོན་འདུག་བདེ་སྒྲུབ་ལ་ཁོང་ཚོ་ཡག།
ང་རང་གསུམ་པོ་གོ་འཇོའི་གཟི་བྱུར་ཡིན།།
ཡ་ཀིའི་ཆོས་པ་བྱེད་ལ་ཁྱེད་ཉིད་བཟང་།།
མ་ཀིའི་འཇིག་རྟེན་སྐྱོང་ལ་ཁོང་ཚོ་རྒོད།།
གཉིས་ཀའི་བར་དུ་འཚང་ལ་ང་རང་དགའ།།
མདོར་ན་ང་ཚོ་ལམ་ཁ་སོ་སོ་རེད།།
མི་དགོས་ངོ་ཚ་བྱེད་ལ་ཁྱོད་རང་ཡག།
དགོས་དུས་མངར་ཁ་གཞིབ་ལ་ང་རང་བྲིམ།།
དོན་དུ་གཉིས་ཀར་ལེགས་ཉེས་རེ་མཆིས་ཀྱང་།།
ད་དུང་ང་རང་སེམས་པ་ཕྱི་ཡུལ་ཤོར།།
ཁྱེད་ཀྱི་སྡུག་བསྔལ་བྱང་ཁོག་ནང་ན་སྦས།།
ང་རང་ཚོར་བ་ལུས་ཀྱི་ཕྱི་ལ་ངོམ།།
ཐམས་ཅད་གཡན་པས་གདུང་བ་གཅིག་ཡིན་ཀྱང་།།
ང་ཚོ་ད་དུང་མང་པོའི་རྗེས་སུ་ལུས།།
རྒྱ་གར་བུ་མོའི་མིག་ལ་སྒེག་ཉམས་འབུར།།
དབྱིན་ཇིའི་མཛེས་མའི་འཕོངས་ལ་རློན་ཤ་དོད།།
ཀོ་རན་མཛངས་མའི་བཞིན་ལ་མཛེས་སྡུག་འབར།།
འོན་ཀྱང་ང་རང་དགའ་ས་བོད་མོ་ཡིན།།
གཞིས་ཀྱི་གྲྭ་པའི་ཟ་འཕྲུག་སོར་མོས་དྲེད།།
གྱེས་ཀྱི་བན་དེའི་ཚ་གདུང་བརླ་བར་བསྟིམ།།
གང་ལྟར་རང་རང་ཟུག་རྔུ་འདྲ་ན་ཡང་།།
སྒྱུ་རྩལ་རྣམ་པ་ཁ་ཁ་ཁ་ཁ་རེད།།
འདོད་པ་ཁ་ཡིས་བསང་བ་སེར་མོའི་ལུགས།།
ཚོར་བ་རྩ་ཡིས་དེད་པ་སྐྱ་བོའི་སྲོལ།།
ལུས་པོ་སྒྲོག་གིས་སྡོམ་མིན་མི་མཚུངས་ཀྱང་།།
འདོད་པའི་སྡུག་བསྔལ་སེལ་བ་གཅིག་པ་རེད།།
གྲྭ་པའི་ངང་ལག་ལྕགས་ཀྱི་ཟྭ་ཆེན་བརྒྱབ།།
ཨ་ནེའི་མོག་མོག་ཟངས་ཀྱི་སྐུད་པས་བཙེམ།།
ཕྱི་ནས་ལུས་ཀྱི་རྣམ་པ་ཅི་བསྟན་ཀྱང་།།
དོན་ལ་ཉེས་མེད་བཙོན་པ་འདི་འདྲ་མེད།།
ཚངས་དབྱངས་རྒྱ་མཚོ་སུ་ཡི་འགར་བ་རེད།།
འབྲུག་པ་ཀུན་ལོད་གང་གི་ཐོ་བ་རེད།།
དགེ་འདུན་ཆོས་འཕེལ་ཅི་ཡི་སྐམ་པ་རེད།།
དེ་འདྲ་བསམས་ན་ང་རང་གང་ཞིག་ཡིན།།
གླེན་རྟགས་རལ་གྲི་གཡུགས་ལ་ཁྱེད་རང་ངར།།
ཕྱུག་པོའི་ཉམས་དེ་སྟོན་ལ་ཁོང་ཚོ་མཁས།།
སྙན་ངག་རྩོམ་རིག་ཕྱོགས་ལ་ང་རང་ཡག།
ང་རང་གསུམ་པོའི་འགྲོ་སྟངས་ཁ་ཁ་རེད།།
སེར་མོས་སེར་མ་རུམ་ན་སྐྱིད་པོ་རེད།
སྐྱིད་པོ་གཏོང་ཞོར་ལྐོག་ལ་སྦེད་ཞོར་རེད།
ཞ་དང་ཞོར་ནས་གཞན་གྱིས་ཚོར་སོང་དུས།།
ཁ་རྐུབ་གཉིས་ཀ་མི་གཙང་ཁྱེད་འདྲ་རེད།
སྐྱ་བོའི་སེར་ཆས་གྱོན་ལ་ཁྱོད་རང་རྒོད།། སེར་མོའི་སྐྱ་ཆས་གྱོན་ལ་ཁོ་རང་དགའ།། སྐྱ་སེར་གཉིས་གོ་ཆོད་ལ་ང་རང་མཁས།། བསྟན་པ་རྨང་ནས་བཤིགས་པའི་མགོ་རིལ་རྐྱང་།།