འབའ་སྲས།
ས་མཐའི་འཚོ་བའི་རླུང་གིས་སྐྱོམ་པའི་མཚོར།།
དཀའ་སྡུག་སྙུ་གུ་གྲུ་ཡི་དེད་དཔོན་གྱིས།།
བརྩོན་པ་རྒྱ་ཆེར་བརྟེན་པའི་མཐའ་མ་རུ།།
སྙན་ངག་རིག་གི་གྲོང་ཁྱེར་མཐོང་བས་སྤོབས།།
ཅ་དངོས་འབྱོར་བ་ས་ལ་མ་བཀྲམས་ཤིང་།།
བདེ་སྐྱིད་འཚོ་བའི་སྟེགས་བུར་མ་བསྡད་པར།།
དབྱངས་གསལ་སོ་བཞི་སྲོག་དང་བསྡོས་པ་ཡིས།།
ཚངས་སྲས་ཕྱག་གི་པི་ཝང་བདག་གིས་རྙེད།།
མུག་གེ་དཔའ་བོས་རལ་གྲི་གདེངས་པའི་ཁས།།
ཁོ་ཡི་སྙུ་གུའི་མགོ་བོ་མ་ཆོད་པར།།
ས་སྟེང་ཁྲག་དམར་བསྐྱིལ་བའི་དཔའ་རྒོད་ཀྱང་།།
བདག་གི་སོར་མོའི་རྩེ་ནས་དུར་དུ་བཅུག །
འཁོར་བ་ཝ་མོའི་གཡོ་སྒྱུའི་མཇུག་མ་ཡིས།།
ཟང་ཟིང་རྣམ་འཕྲུལ་ཟློས་གར་སྟོན་བྱེད་ཀྱང་།།
གཡོ་མེད་རྡོ་རྗེ་རིག་པའི་དབྱངས་འཁྲོལ་བའི།།
བདག་སྙུག་ལུས་ཀྱི་བ་སྤུ་གཡོ་མ་གྱུར།།
ཉི་ཟླ་སྐར་གསུམ་ཟ་བའི་གཟའ་ཅན་གྱིས།།
ཁོ་བོའི་དུས་ཀྱི་ལང་ཚོ་མིད་འདོད་ཀྱང་།།
དབྱངས་ཅན་ཕྱག་གི་པི་ཝང་བརྡུངས་བྱས་ཚེ།།
འདྲེ་རྣར་རྐང་གླིང་བཞིན་དུ་རྒྱང་དུ་བྲོས།།
འཁོར་བ་འདྲེ་རྒོད་མང་བའི་དུར་ཁྲོད་དུ།།
ང་རྒྱལ་ཅན་གྱི་གསོན་འདྲེ་མང་ན་ཡང་།།
ཁོ་ཡི་སྙུ་གུ་ལྷ་ལས་བྱུང་བ་ཡིས།།
ལྷ་མིན་གསོན་འདྲེ་མིག་གཉིས་ལོང་བར་བྱས།།
དེ་ལྟར་ལྷ་འདྲེ་བཙན་གྱིས་མ་ཐུབ་པའི།།
ཁོ་བོའི་སྙན་ངག་གྱི་ལིང་རྒོད་པོའི་ཁར།།
ལྕགས་ནག་འཛེར་མ་ཅན་གྱི་སྲབ་བཞག་ཀྱང་།།
མ་ཐུབ་ངག་གི་འཚེར་སྐད་ཅི་དགར་བསྒྲོགས།།
འདི་ན་ས་གསུམ་འཛིན་མའི་སྤྱན་ཟུང་གདངས།།
གངས་ཅན་བོད་ཕྲུག་གླུ་སྐད་རླུང་གིས་བསྐྱོད།།
གངས་ཁྱིམ་གཙང་མོའི་ལ་རྒྱ་འབྲུག་གིས་ལྡིར།།
སྙན་ངག་ལམ་བགྲོད་སྐེས་རྐང་ལུང་གིས་བཙུགས།།
མངར་སྐྱུར་འཚོ་བའི་རི་མོ་འདི་ན་གསལ།།
འཇིག་རྟེན་རྫུན་མའི་ངོ་གདོང་འདི་ནས་གཤགས།།
ཕ་ཡུལ་དྲན་པའི་སྐྱོ་གླུ་འདི་ནས་ཐོས།།
ཀྱེ་ཧུད་མ་ཡི་མིག་ཆུ་འདི་ན་བཞུར།།
སེམས་ཚོར་དམར་པོ་འཇིག་རྟེན་ཁམས་སུ་ལུད།།
ཚོར་རྟོག་མངར་སྐྱུར་སྙུ་གུའི་རྩེ་ནས་བསྐྱུགས།།
གསང་བའི་ཕྱི་ནང་ཤོག་དཀར་ངོས་སུ་བཀོད།།
རྟོག་འགྱུའི་རི་མོ་ལྟ་ན་འདི་ན་གསལ།།
ཚོར་བའི་སྤྲིན་ཕུང་གངས་དཀར་སེམས་སུ་བསྡུས།།
དཔྱོད་ཤེས་གློག་དམར་འཚོ་བའི་གསེབ་ཏུ་འཁྱུག །
མངོན་ལྐོག་འཇིགས་རུང་གདོང་འབག་ཐད་ཀྱིས་དབྲལ།།
སེམས་ཁམས་ཁྲག་རྩ་ཁོལ་བའི་རྦ་རླབས་འཕྱུར།།
རང་ཁྱིམ་དྲོད་མོ་ཀླད་པའི་གཙུག་ཏུ་འཛིན།།
གཅེས་པའི་ཆུང་མ་དཔྲལ་བའི་མིག་ལྟར་གཅེས།།
བུ་ཕྲུག་ཚོམ་བུ་བཀྲ་བའི་ཆུན་པོ་ལ།།
སྦྲང་ཆར་བསིལ་མའི་བདུད་རྩི་འདི་ན་བསྟམས།།
གྱི་ལིང་རྟ་ཡི་འཚེར་སྐད་བསྒྲོགས་པའི་རྗེས།།
སྒོ་འགྲམ་གསང་བའི་ལམ་ཁ་བདག་གིས་ཉུལ།།
སྙིང་ཕྱེད་རྣག་གིས་ཟོས་པའི་ལོ་ཟླའི་རིང་།།
ན་ཆུང་མཛེས་མ་སྟོང་གི་རྨི་ལམ་དཀྲུགས།།
སྙུ་གུའི་འཁྱུག་རྩལ་དྲ་བའི་ཐང་ལ་བཀོད།།
སྙན་འཇེབས་ལ་གཞས་གླུ་མའི་སྙན་ལ་བླངས།།
ཚོར་བའི་མེ་སྟག་མཆེད་པའི་གྲི་ཁ་ནས།།
སྨན་ཤར་རྨ་བྱའི་སྒྲོ་མདོངས་ས་ལ་ཐོར།།
མཚམས་སྤྲིན་འབར་བའི་མེ་ལྕེ་མཁའ་རུ་འཁྱུག །
རྟོག་བཟོ་ཟླ་བ་ཆུང་མའི་རུམ་ནས་གང་།།
དངོས་དང་དངོས་མིན་སེམས་ཀྱི་ཕྱི་ནང་ཡི།།
དམར་རྗེན་ལུས་གཟུགས་དེབ་ཕྲེང་གཉིས་ལ་དཔར།།
དེ་མཐོང་བཙན་གྲོལ་ཨ་ཚེ་དགྱེས་པ་ཡིས།།
བདག་གི་ཡིག་འབྲུ་རེ་རེ་འཇའ་ལ་སྤྲོས།།
རྨ་དུག་ལྕེ་ཡིས་བདག་གི་གསང་བ་དག །
དུར་ཁྲོད་རིམ་པ་དགུ་ཡི་སྒམ་ནས་ཕྱུང་།།
དེ་ལྟ་མོད་ཀྱང་བསྔགས་ན་མི་འཕུར་ཞིང་།།
སྨད་ན་མགོ་བོ་སྐེ་ནས་མི་ཆག་པ།།
བདག་གི་སེམས་ཀྱི་དམ་ཚིག་དང་པོ་ནི།།
མ་ཤི་བར་དུ་སྙན་ངག་འབྲི་དེ་འོ།།
ཤོག་གྲངས་ཉུང་ཉུང་ཅན་གྱི་དེབ་རྒན་གཉིས།
རིན་གོང་རེ་རེ་ཟ་པའི་ཚོང་རྒན་འདིས།།
ཡིག་རྩ་སྡེབ་དྲུག་སྦྱར་བར་བརྩོན་པ་ལ།།
ནམ་ཡང་བསྔག་པའི་ཡུལ་ནས་མ་ཤོར་ཤོག།
འཚམས་འདྲི་ཞུ།
སྙན་དེབ་གཉིས་ལབ་འདུག སྙན་ངག་བྲིས་ཡོད་མེད་ལྟ་བར་ད་དུང་ཆུ་ཚོད་གང་མཚམས་འགོར་སྲིད་པ་འདྲ། དེབ་གཉིས་ཀའི་ནང་གི་རྩོམ་གོང་གི་འདི་འདྲ་ཨེ་ཡིན། གོང་གི་རྩོམ་འདི་ཚིགས་བཅད་དུ་བསྡེབས་པ་ཙམ་མ་གཏོགས་བོད་པའི་སྙན་ངག་གི་ཉམས་ཅི་ཡང་ཐོན་མི་འདུག་སྙམ། མ་གཞི་ནས་བོད་པའི་སྙན་ངག་ལ་འགྱུར་བ་ཆེན་པོ་ཞིག་འཐེབས་སོང་བ་འདྲ། གང་ལྟར་དཀའ་ལས་མི་ཉུང་བ་ཞིག་བརྒྱབ་ནས་བྲིས་ཡོད་ངེས་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ལགས་སོ། དེ་ཙམ་ཡིན།
ང་ཚོའི་དགེ་རྒན་འོས་སྦྱོང་སྐབས་གྲུབ་དབང་རིག་རྡོར་ནས་ཞང་ཞུང་་ཆོས་དབང་གྲགས་པའི་ར་མ་ནའི་རྟོགས་བརྗོད་ཁྲིད་སོང་། བོད་ཀྱི་སྙན་ངག་པ་ཚོས་ཀྱང་དེ་འདྲའི་སྟེང་ནས་སྦྱང་ཏེ་རྩོམ་བྲིས་ན་ཡག་པོ་ཡོད་རེད་བསམ་སོང་། བསམ་ཚུལ་ཙམ་ཞུ་བ་ཡིན།
ཕྱི་གླིང་ཡུལ་ན་རང་རིགས་སྐད་ཡིག་གིས།།
ཇ་ཕོར་གཅིག་ཙམ་ཐོབ་པ་དཀའ་ན་ཡང་།།
ལག་སོའི་སྨྱུ་གུ་ཐང་ལ་མ་གཡུག་པར།།
བྲིས་པའི་སྙན་དེབ་ཟུང་ལ་རྟེན་འབྲེལ་ཞུ།།
ཕལ་ཆེར་རྒྱ་དབྱིན་ལད་ཟློས་དགའ་བའི་དུས། །
དབྱངས་གསལ་དུང་བ་འདྲེན་པའི་སྙན་ངག་བྲིས། །
འབའ་སྲས་སྨྱུ་གུའི་རྩེ་མོ་མ་གྱོང་བས། །
ཕྱག་རྩོམ་རྒྱ་མཚོ་འཕྱུར་ལ་རྗེས་ཡི་རངས། །
རྟེན་འབྲེལ་ཞུ།
ཨ་ཕྱི་མ།
ཕལ་ཆེར་རྒྱ་དབྱིན་ལད་ཟློས་དགའ་བའི་དུས། །
དབྱངས་གསལ་དུང་བ་འདྲེན་པའི་སྙན་ངག་བྲིས། །
གོང་གི་འདི་གཉིས་ལ་གོ་ནོར་གནམ་སས་མི་ཁེབས་པ་ཞིག་འདུག་པས། བཅོས་རྒྱུ་ཡོད་ན་བཅོས་ཤིག། དེ་ལྟར་མེད་ན། བདག་གི་ཡིད་ངོགས་ནས་བསུབ་གི་ཡིན།
འོང་གི་ཚིག་རྐང་འདི་གཉིས་འགྲིགས་འདུག།
འབའ་སྲས་སྨྱུ་གུའི་རྩེ་མོ་མ་གྱོང་བས། །
ཕྱག་རྩོམ་རྒྱ་མཚོ་འཕྱུར་ལ་རྗེས་ཡི་རངས། །
བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་ཞུ།ཁྱེད་ཀྱི་སྙན་དེབ་གང་མགྱོགས་ཀློག་ཐུབ་པར་སྨོན།
རྟེན་འབྲེལ་ཞུ་་་་་
རྟེན་འབྲེལ་གྲངས་མེད་ཞུ།
རྟེན་འབྲེལ་གྲངས་མེད་ཞུ།
རྒན་སྐམ་པོ་ལགས་ནས། སྙན་དེབ་སྒོ་ཁར་བཏོན་པར་རྟེན་འབྲེལ་ཞུ།
ཐོན་མའི་བཀའ་དྲིན་ཉི་ཟླའི་འོད་ལས་གསལ།།
དབྱངས་གསལ་སོ་བཞི་བདག་གི་སྐྱེས་སུ་སྦྱིན།།
སྙན་ངག་སྨྲ་བས་འཚོ་བའི་འགྱུར་ཁུག་ནས།།
དབྱངས་གསལ་སོ་བཞི་་རང་གི་བུ་བཞིན་གཅེས།།