ཆུང་ཚེ་རིང།
༅༅།། རྩོམ་ཡིག་འདིའི་བརྗོད་གཞི་གཙོ་བོ་བོད་ནང་རང་ལུས་མེ་སྲེག་གི་ལས་འགུལ་ཞིག་བྱུང་དང་འབྱུང་བཞིན་པ་དེའི་འབྱུང་རྩ་དང་། མ་འོངས་པར་དེ་ཚོའི་ཐད་གནང་ཕྱོགས་ཀྱི་སྐོར་ཡིན། སྤྱིར་བཏང་འཛམ་གླིང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཉུང་ཉུང་མ་རེད། དཔེར་ན། བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་ནང་དུ། འདས་པའི་ལོ་༡༥ རིང་ལོ་ལྟར་རང་ལུས་མེར་བསྲེགས་ཏེ་རང་ཤི་རྒྱག་མཁན་ཆིག་ཁྲི་བརྒལ་བ་ཡོང་གི་ཡོད་པ་དེས། རང་ཤི་རྒྱག་མཁན་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༡༡ ཟིན་གྱི་ཡོད། [1] རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་པར་མཚོན་ནའང་། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་ནང་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༤༥༡ དང་། ཕྱི་ལོ་ ༢༠༠༡ ལོར་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༥༨༤ བྱུང་ཡོད་པ་ [2]དང་། ཏུ་ནི་ཤི་ཡའི་ནང་གསར་བརྗེ་བྱུང་ཚར་བའི་རྗེས་སུ་མི་ ༡༠༧ གྱིས་ལྐོག་ཟ་རུལ་སུངས་དང་ལས་མེད་ཀྱི་གནས་སྟངས་ལས་གྲོལ་ཆེད་རང་སྲེག་ངོ་རྒོལ་བྱས་པར་གྲགས་པ་ [3]ལྟ་བུ་ཡིན།
བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་བལྟས་ནའང་། བོད་དུ་རང་ལུས་མེར་བསྲེགས་ཏེ་དབང་སྒྱུར་སྟོབས་ཤུགས་ལ་ངོ་རྒོལ་བྱས་པ་དང་། རང་ལུས་མེར་བསྲེགས་ཏེ་མཆོད་ཡུལ་གོང་མར་མཆོད་པ་ཕུལ་བ་གཉིས་ཀ་ལོ་བརྒྱ་ཕྲག་མང་པོའི་གོང་དུ་བྱུང་མྱོང་བ་ཞིག་ལས། བོད་དུ་རྩ་བ་ནས་བྱུང་མ་མྱོང་བ་ཞིག་མ་རེད། [4]
ཡིན་ནའང་། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ། ཐུན་མོང་གི་དགོས་འདུན་ཆེད་དུ། མི་བརྒྱ་ཕྲག་བརྒལ་བས་གཅིག་མཇུག་གཉིས་མཐུད་དུ་རང་སྲེག་བྱས་ཏེ། དབང་སྒྱུར་སྟོབས་ཤུགས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པའི་ཉེ་ཆར་གྱི་གནས་ཚུལ་ལྟ་བུ་ནི། བོད་ལ་དེ་སྔོན་རྩ་བ་ནས་བྱུང་མྱོང་མེད་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་ལའང་མཐོང་ཧ་ཅང་དཀོན་པ་ཞིག་རེད།
ཕྲན་གྱི་རྩོམ་ཡིག་འདིའི་ནང་། ༡) རང་སྲེག་གི་རྣམ་པ་གཞན་ཁག་དང་རང་སྲེག་ཞི་རྒོལ་གྱི་ཁྱད་པར། ༢) བོད་ཀྱི་རང་སྲེག་ཞི་རྒོལ་གྱི་འབྱུང་རྩ། ༣) དེའི་ཁྱད་ཆོས། ༤) རང་སྲེག་ཞི་རྒོལ་གྱི་ནུས་པ། ༥) མ་འོངས་བྱེད་ཕྱོགས་བཅས་རྩ་བའི་དོན་ཚན་ལྔ་ལ་དབྱེ་ནས་ཞུ་གི་ཡིན།
རང་སྲེག་དང་རང་སྲེག་ཞི་རྒོལ་གྱི་ཁྱད་པར།
ང་རང་གི་བསམ་ཚུལ་ལ། ང་ཚོས་ངེས་པར་དུ། སྤྱིར་བཏང་གི་རང་ལུས་མེར་སྲེག་དང་། རང་སྲེག་ངོ་རྒོལ་གྱིས་གཞན་ལ་འཚེ་བ། རང་སྲེག་ཞི་རྒོལ་གསུམ་གྱི་ཁྱད་པར་དེ་གསལ་པོ་འབྱེད་དགོས་རེད་དྲན་གྱི་འདུག དེ་ཡང་རང་ལུས་མེར་བསྲེགས་པའི་གནས་ཚུལ་ལ་རགས་བལྟ་ཞིག་བྱས་ན།
- འཚོ་གནས་ལ་སྙིང་པོ་མེད་པར་མཐོང་སྟེ་མེ་རུ་ལྕེབས་མཁན་དང་།
- ཡུལ་སྲོལ་ལ་ལར་ཁྱོ་ག་འཆི་བ་དང་མཉམ་དུ་རང་ཉིད་ཀྱང་མེར་བསྲེགས་ཏེ་འཆི་བ།
- མཆོད་ཡུལ་གོང་མ་རྣམས་ལ་རང་ལུས་མར་མེའི་ཚུལ་དུ་འབུལ་བ།
- དགོས་འདུན་གང་ཞིག་གི་སླད་དུ། རང་ཉིད་བསྲེགས་ཏེ་ངོ་རྒོལ་བྱེད་པ་དང་མཉམ་དུ་ཆེད་མངགས་སྐྱེ་བོ་གཞན་གྱི་ལུས་སྲོག་དང་རྒྱུ་ནོར་ལའང་གནོད་འཚེ་བྱེད་པ།
- མི་རིགས་སམ་སྤྱི་ཚོགས་ཀྱི་དགོས་འདུན་ཆེད་དུ་རང་ཉིད་མེ་རུ་བསྲེགས་ཏེ་ངོ་རྒོལ་བྱེད་པ་ལས། སྐྱེ་བོ་གཞན་དང་དེ་དག་གི་རྒྱུ་དངོས་ལ་ཆེད་དུ་གནོད་འཚེ་མི་བྱེད་པ་བཅས་རྩ་བའི་དབྱེ་བ་ལྔ་ཙམ་འདུག་ཅིང་། ད་ལྟ་བོད་ཕྱི་ནང་གཉིས་སུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནས་ཚུལ་ནི་ཕྱི་མ་དེར་གཏོགས་པ་ཡིན་པས། ཕྱི་མ་འདི་ལ་རང་སྲེག་ཞི་རྒོལ་ཞེས་འབོད་འོས་པ་ཡིན།
རང་སྲེག་ཞི་རྒོལ་གྱི་མཚན་ཉིད་གཅིག་མཐུན་ཞིག་ད་ཕན་བཞག་པ་མ་མཐོང་ཡང་། གནད་འདིར་ཞིབ་འཇུག་གནང་མཁན་ཨོག་སེ་ཧྥོར་ཌི་གཙུག་ལག་སློབ་གྲྭའི་མའེ་ཁལ་ བྷིག་སེ་ (Michael Biggs) ཡིས་ཁྱད་ཆོས་བཞི་ལྡན་དགོས་པ་གསུངས་པ་གཞི་ལ་བཞག་སྟེ་བཤད་ན།
- སྐྱེ་བོ་སྒེར་པ་རང་ངོས་ནས་རང་སྲེག་བྱས་ཏེ་འཆི་བའམ། འཆི་ཉེན་ལ་ཐུག་པའི་འཚིག་སྐྱོན་བྱུང་བ།
- སྐྱེ་བོ་གཞན་དང་གཞན་གྱི་རྒྱུ་ནོར་ལ་གནོད་འཚེའི་སྦྱོར་བ་མིན་པ།
- མང་ཚོགས་འཛོམས་སར་རང་སྲེག་ངོ་རྒོལ་གྱི་སྦྱོར་བ་བརྩམས་པའམ། མང་ཚོགས་འཛོམས་སར་མིན་རུང་ཆབ་སྲིད་ཀྱི་དབུ་ཁྲིད་དམ་མང་ཚོགས་ལ་མངོན་འདོད་ཀྱི་ཡི་གེ་བཞག་པ།
- སྤྱི་དོན་ཆེད་དུ་ལས། རང་སྒེར་རམ་ཁྱིམ་ཚང་གི་དཀའ་ངལ་དབང་གིས་མ་ཡིན་པ་བཅས་རེད།[5]
གོང་གསལ་ཁྱད་ཆོས་བཞི་འདིས། རང་སྲེག་ཞི་རྒོལ་འདི། འཚོ་གནས་ལ་སྙིང་པོ་མེད་པར་མཐོང་སྟེ་མེ་རུ་ལྕེབས་པ་དང་། ཆོས་ཕྱོགས་ཀྱི་འདུ་ཤེས་རྐྱང་པས་རང་ལུས་མེ་མཆོད་དུ་འབུལ་བ། ཁྱོ་ག་འཆི་བ་དང་མཉམ་དུ་རང་བསྲེགས་པ། བཙོན་ཁང་དང་རང་ཁྱིམ་སོགས་སུ་རྒྱུ་རྐྱེན་གནས་སྟངས་གསལ་ཁ་མེད་པར་རང་སྲེག་བྱས་པ། རང་བསྲེགས་པ་དང་མཉམ་དུ་སྐྱེ་བོ་གཞན་གྱི་ལུས་སྲོག་དང་རྒྱུ་དངོས་ལ་ཆེད་མངགས་གནོད་འཚེ་བྱེད་པའི་འཇིགས་སྐུལ་གྱི་བྱ་སྤྱོད་
དག་ལས་རྣམ་པར་འབྱེད་ནུས་པ་ཡིན། འོན་ཀྱང་ཆ་རྐྱེན་གསུམ་པ་“མང་ཚོགས་འཛོམས་སར་རང་སྲེག་ངོ་རྒོལ་གྱི་སྦྱོར་བ་བརྩམས་པའམ། མང་ཚོགས་འཛོམས་
སར་མིན་རུང་ཆབ་སྲིད་ཀྱི་དབུ་ཁྲིད་དམ་མང་
ཚོགས་ལ་མངོན་འདོད་ཀྱི་ཡི་གེ་བཞག་
པ་”ཞེས་པ་དེས། ཉེ་དུས་བོད་ནང་བྱུང་བའི་རང་སྲེག་གི་གནས་ཚུལ་ཁ་ཤས་ལ་ཁྱབ་ཀྱི་མེད་རུང་། རང་སྲེག་གནང་མཁན་དེ་ཚོའི་ནམ་རྒྱུན་གྱི་དགོངས་པ་བཞེས་ཕྱོགས་དང་། ཆབ་སྲིད་ཀྱི་ཁོར་ཡུག་སོགས་ནས་ང་ཚོས་རང་བཞིན་གྱིས་རང་སྲེག་ཞི་རྒོལ་བའི་ཁོངས་སུ་བརྩིས་ཡོད་པ་རེད།
བོད་ཀྱི་རང་སྲེག་ངོ་རྒོལ་གྱི་རྐྱེན་རྩ།
རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་ད་བར་གྱི་དུས་ཡུན་ནང་། བོད་མི་ཚོས་རང་སྲོག་བློས་གཏོང་གི་སྒོ་ནས་འཐབ་རྩོད་བྱེད་མཚམས་རྩ་བ་ནས་ཆད་མྱོང་མེད། ཡིན་ནའང་རྒྱ་གར་ནང་ ༡༩༩༨ ཕན་དང་། བོད་ནང་ ༢༠༠༩ ཕན་དུ་རྒྱ་ནག་གི་དབང་སྒྱུར་རམ་སྲིད་བྱུས་ལ་རང་སྲེག་ཞི་རྒོལ་གནང་མཁན་གཅིག་ཀྱང་བྱུང་མེད་པ་དང་། དེའི་རྗེས་ནས་གློ་བུར་དུ་རང་སྲེག་ཞི་རྒོལ་བྱེད་མཁན་གཅིག་མཇུག་གཉིས་མཐུད་དུ་མང་པོ་འབྱུང་དོན་ག་རེ་ཡིན་མིན་དེ་དྲི་བ་ཆེན་པོ་ཞིག་ཆགས་ཡོད། ང་རང་གིས་བལྟས་ན། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་ངེས་ཀྱང་གཙོ་བོ་དྲུག་མཐོང་གི་འདུག
༡) བོད་མི་མང་གི་མངོན་འདོད་ལ་རྩིས་མེད་རྡོག་རོལ་བཏང་པ།
བོད་ནང་གི་བོད་མི་ཚོས། རྒྱ་ནག་གི་དབང་སྒྱུར་རམ་སྲིད་བྱུས་ལ་ཞི་བའི་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་པ་དང་། སྙན་ཞུ་འབུལ་བ། བསམ་འཆར་འདོན་པ་སོགས་རབས་དང་རིམ་པ་བྱས་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཏེ། བོད་མིའི་མངོན་འདོད་གསལ་འདོན་བྱས་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་དེའི་རྩ་བའི་རྒྱུ་རྐྱེན་གང་ཡིན་ལ་བཟང་ཕྱོགས་ཀྱི་བརྡ་ལན་བྱེད་རྒྱུ་ལས་ལྡོག་སྟེ། ལམ་སང་ཕྱི་ཕྱོགས་ནས་བརྒྱུད་སྐུལ་དང་སྒྲིག་འཛུགས་བྱས་པར་ཁ་གཡར་ཏེ། དྲག་གནོན་བྱས་པར་མ་ཟད། བཙན་བྱོལ་བོད་གཞུང་གིས་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆར་ཡང་འཁྱོག་བཤད་ཀྱིས་བོད་མིའི་མ་མཐའི་མངོན་འདོད་རྩིས་མེད་རྡོག་རོལ་དུ་བཏང་དང་གཏོང་བཞིན་པ་དེ་ཚོ། བོད་ནང་གི་བོད་མི་ཚོས། ད་ཆ་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་དགོས་པའི་རྒྱུ་རྐྱེན་གཅིག་རེད་དྲན་གྱི་འདུག
༢) རྒྱ་ནག་གཞུང་གི་དམ་དྲག་དང་བཙན་གནོན་གྱི་སྲིད་བྱུས།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་རྩ་བའི་ཆར་བཙན་གནོན་དང་དམ་དྲག་གི་སྲིད་བྱུས་ལ་འགྱུར་བ་འགྲོ་མྱོང་མེད། ཡིན་ནའང་། ལྟོས་འཇོག་གི་ཐད་ནས་བཤད་ན། ༡༩༨༠ གྱ་གྲངས་ནས་སྲིད་བྱུས་ཅུང་ཟད་ལྷོད་དུ་བཏང་བ་དང་། ༡༩༨༧།༨༨།༨༩ སོགས་ལ་གཙོ་བོ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མིས་ཞི་བའི་ངོ་རྒོལ་བསྟུད་མར་བྱས་རྗེས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དང་། ལྷག་པར་དེའི་ནང་གི་དགོན་སྡེ་ཁག་ལ་ཧ་ཅང་གིས་དམ་དྲག་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་ཞི་རྒོལ་ཆེན་མོ་བྱས་རྗེས། དེ་སྔོན་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལག་བསྟར་བྱས་པའི་གདུག་རྩུབ་ཀྱི་སྲིད་བྱུས་རྙིང་པ་དེ། བོད་ཀྱི་ས་ཁུལ་གཞན་དུའང་ལག་བསྟར་བྱེད་འགོ་བཙུགས་ཡོད། སྲིད་བྱུས་དེ་ནི། ཆབ་སྲིད་ཀྱི་ཐོག་ནས་ཕྱི་ཕྱོགས་སུ་སྒོ་བརྒྱབས་ཏེ་བོད་ཁུལ་དུ་མཐའ་གཅིག་ཏུ་དྲག་གནོན་བྱེད་པ་དང་། དཔལ་འབྱོར་གྱི་ཐོག་ནས་བསླུ་བྲིད། རིག་གཞུང་གི་ཐོག་ཕྱི་མིར་སྟོན་ཆེད་ཙམ་ལ་དོན་དམ་དུ་རྩ་མེད་གཏོང་ཐབས་བྱེད་པ་དེ་རེད།
གནས་སྟངས་དེ་ནི་འགྲེལ་བཤད་མང་པོ་མི་དགོས་པར། བོད་ས་སྟོད་སྨད་ཡོངས་སུ་དམག་དཔུང་དང་ཉེན་རྟོག་པ། ཞིབ་བཤེར་ས་ཚིགས། ལྐོག་ལྟ་ལྐོག་ཉན་བྱེད་ཆས་སོགས་ཧ་ཅང་ཕོན་ཆེ་ཞིག་ཆེད་འཛུགས་ཀྱིས། བོད་མིའི་འགྲོ་སྡོད་ལ་དམ་དྲག་དང་སྟངས་འཛིན་བྱེད་པ་དང་། དགོན་སྡེ་ཁག་གི་འཛིན་སྐྱོང་ལ་སྟངས་འཛིན་དང་། གྲྭ་བཙུན་གྱི་གྲངས་འབོར་དང་ལོ་གྲངས་ལ་ཚོད་འཛིན། བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཇེ་ཆུང་དུ་བཏང་བ་སོགས་ནས་མཚོན་ཐུབ་པ་ཡིན།
བོད་ནང་ཉེ་ཆར་བྱུང་དང་འབྱུང་བཞིན་པའི་དམ་དྲག་དང་བཙན་གནོན་སྲིད་བྱུས་སྐོར་བཤད་དུས། མི་མང་པོས། ད་ལྟ་དམ་དྲག་ག་ཚོད་ཆེ་ནའང་། རིག་གནས་གསར་བརྗེ་ཆེན་མོ་སོགས་ཀྱི་སྐབས་དང་བསྡུར་ན། དེ་ཙམ་གྱིས་སྡུག་པོ་མ་རེད་ཟེར་
གྱི་འདུག གནས་ཚུལ་དེ་ཕྱོགས་གཅིག་ནས་བདེན་པ་རེད། འོན་ཀྱང་རིག་གནས་གསར་བརྗེ་ཆེན་མོ་སོགས་ཀྱི་སྐབས་སུ་དམ་དྲག་ད་ལྟ་ལས་ཆེ་བ་ཡོད་ཀྱང་། སྐབས་དེའི་རྙིང་གཏོར་དང་དམ་དྲག་གི་སྲིད་བྱུས་དེ། མི་རིགས་བྱེ་བྲག་པ་དང་ས་ཁུལ་བྱེ་བྲག་པར་དམིགས་པ་ཞིག་མིན་པར། རྒྱ་ནག་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་ལག་བསྟར་བྱས་པ་ཞིག་རེད། ཡིན་ནའང་། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཁུལ་ཡོངས་ལ་ལག་བསྟར་བྱེད་བཞིན་པའི་དམ་དྲག་དང་བཙན་གནོན་གྱི་སྲིད་བྱུས་དེ། རྒྱ་ནག་གི་མི་རིགས་ ༥༦ ནང་ནས་བོད་མི་རིགས་གཅིག་པུའི་ཐོག་ཏུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཤིག་རེད། རང་གི་རྩ་བའི་བླ་མར་དགག་རྒྱག་དང་མཚན་དམས་ཞུ་འཇུག་པ་དང་། དགོན་པའི་གྲྭ་གྲངས་ལ་ཚོད་འཛིན་བྱེད་པ། དགོན་པའི་འཛིན་སྐྱོང་ལ་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་པ། མང་ཚོགས་རང་བཞིན་གྱི་དུས་ཆེན་དང་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་ཤུགས་ཆེན་བྱེད་པ། ལས་གནས་དང་འགྲོ་སྐྱོད། སྤྱི་ཚོགས་ཐོབ་ཐང་ཐད་མི་རིགས་དབྱེ་འབྱེད་ཤུགས་ཆེ་བྱེད་པ་ལྟ་བུ་ནི། རྒྱ་ནག་རྒྱལ་ཡོངས་སུ་ད་ལྟའི་ཆར་བོད་ལ་མ་གཏོགས་ཡུ་གུར་དང་སོག་པོ་སོགས་ལ་ཡང་མེད་པ་ཞིག་རེད།
དེར་བརྟེན། ད་ལྟ་བོད་ནང་ལག་བསྟར་བྱེད་བཞིན་པའི་དམ་དྲག་གི་སྲིད་བྱུས་དེ་མི་རིགས་དང་ས་ཁུལ་བྱེ་བྲག་པ་ཞིག་ལ་དམིགས་པའི་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོད་པའི་སྲིད་བྱུས་ཤིག་ཡིན་དུས། བོད་མིའི་སེམས་ནང་། སྲིད་བྱུས་འདིས་རྨ་ཁ་བཟོ་ཚད་ཧ་ཅང་གིས་གཏིང་ཟབ་མོ་ཞིག་ཡིན་པ་དེ་གསལ་ཁ་བྱེད་དགོས་པ་གལ་ཆེན་པོ་རེད།
༣) འཚེ་མེད་ཞི་བའི་གོ་རྟོགས།
བོད་དོན་འཐབ་རྩོད་ཀྱི་ཐད་ནས་བཤད་ན། སྔོན་ཆད་བོད་གཞིས་བྱེས་གཉིས་ཀ་ནས་རྒྱ་ནག་གཞུང་ལ་ངེས་མེད་རྒོལ་རྡུང་བྱས་ཏེ་འཐབ་རྩོད་བྱེད་མཁན་བྱུང་ཡོད་པ་རེད། སྐབས་དེ་དུས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་གོ་རྟོགས་དེ་བོད་པའི་སྤྱི་ཚོགས་ནང་ད་ལྟ་ནང་བཞིན་གྱི་ཤུགས་ཆེན་པོ་མ་རེད།
ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བཟུང་བོད་ནང་གི་འཐབ་རྩོད་དེ་ཞི་བའི་འཐབ་རྩོད་ཀྱི་ལམ་དུ་འཕེལ་རྒྱས་ཕྱིན་ཅིང་། སྐབས་དེ་ནས་ཕྱི་ལོ་ ༢༠༠༨ བར་བོད་ནང་གི་བོད་མི་ཚོས་གཙོ་བོ་ཞི་བའི་སྐད་འབོད་ཁྲོམ་སྐོར་གྱི་ལམ་ནས་རང་གི་མངོན་འདོད་མཚོན་ཐབས་བྱས་ཡོད། འོན་ཀྱང་དེ་ལ་རྒྱ་ནག་གཞུང་གིས་ཐུབ་ན་བཀག་བསྡོམས་དང་། མ་ཐུབ་ཚེ་མཐའ་གཅིག་ཏུ་དྲག་གནོན་བྱེད་རྐྱང་བྱས་པར་མ་ཟད། རྒྱལ་སྤྱིའི་ཐོག་འཇིགས་སྐུལ་དྲག་སྤྱོད་ལ་རྡུང་རྡེག་གཏོང་བའི་གནས་ཚུལ་གྱི་འཕེལ་ཕྱོགས་འོག ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བོད་མིའི་ཞི་བའི་སྐད་འབོད་ཀྱི་རྣམ་པ་དེ་དྲག་སྤྱོད་འཇིགས་སྐུལ་གྱི་ཕྱོགས་སུ་འཁྲིད་ཐབས་སྒོ་ཀུན་ནས་བྱས་ཡོད། དཔེར་ན། དགོན་པའི་མགོན་ཁང་དུ་བཤམས་པའི་གོ་མཚོན་སྤྱན་གཟིགས་དང་། མང་ཚོགས་ཀྱིས་རི་དྭགས་རྔོན་རྒྱུ་སྤངས་ཏེ་ཕུལ་བའི་གྲི་དང་མེ་མདའ་རྣམས་དྲག་སྤྱོད་བྱེད་ཆས་རེད་ཅེས་འཁྱོག་བཤད་བྱས་པ་དང་། རྒྱ་ནག་གི་དམག་སྲིད་མི་སྣས་བོད་མི་ཞི་རྒོལ་བའི་ཁྲོད་དུ་གྲྭ་ཆས་དང་བོད་ཆས་གྱོན་ཏེ་དྲག་སྤྱོད་སྤེལ་བ་པར་ལེན་བྱས་རྗེས། དྲིལ་བསྒྲགས་ཤུགས་ཆེ་བྱས་པ་ལྟ་བུ་ཡིན། ཕྱོགས་གཞན་ནས། བོད་པའི་སྤྱི་ཚོགས་རང་ངོས་ཀྱི་རིག་གཞུང་ལྟ་བའི་ཁྲོད་དུ་འཚེ་མེད་ཞི་བའི་བསམ་བློ་ཤུགས་ཆེན་པོ་སྔར་ནས་ཡོད་པའི་རྨང་གཞིའི་སྟེང་། ཉེ་བའི་ལོ་རབས་ཁ་ཤས་ནང་འཚེ་མེད་ཞི་བའི་གོ་རྟོགས་མཐོ་རུ་སོང་བའི་རྣམ་པ་གསལ་པོ་ཡོད་ཅིང་།
ཕྱོགས་གཅིག་གིས་མཐའ་གཅིག་ཏུ་དྲག་སྤྱོད་འཇིགས་སྐུལ་གྱི་ངོ་བོར་བཙན་སྒྱུར་བྱེད་པ་དང་། ཕྱོགས་གཅིག་གིས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་བསྟེན་རྒྱུར་གཡར་དམ་བཅའ་བའི་གནས་སྟངས་སམ་གནོན་ཤུགས་ཀྱི་འོག་ནས། སྐྱེ་བོ་རེ་རེས། རང་ཉིད་ལ་དབང་བའི་ལུས་སྲོག་མེ་རུ་བསྒྲོན་ཏེ། རང་དང་རང་མི་རིགས་ཀྱི་མངོན་འདོད་མཚོན་ཐབས་བྱེད་པའི་ལས་འགུལ་འདི་བྱུང་བ་ཡིན་སྲིད།
༤) བོད་ནང་བོད་མིའི་བློ་གཏད་བཅོལ་ཡུལ་དམ་པ་ཕལ་ཆེ་བ་བཞུགས་མེད་པ།
སྔོན་ཆད་བོད་ནང་དུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཚོན་པའི་མང་ཚོགས་ནང་ཤུགས་རྐྱེན་ཆེ་བའི་སྐྱེས་ཆེན་མི་ཉུང་བ་ཞིག་བཞུགས་ཡོད་པ་དེ་ཚོས། མི་རིགས་ཀྱི་རྙོག་གྲ་འཕྲད་དུས། རྒྱ་གཞུང་ལ་ཐད་ཀར་དགོངས་འཆར་གནང་སྟེ་ནོར་འཁྲུལ་གྱི་སྲིད་བྱུས་ཡོ་བསྲང་ཡོང་ ཐབས་དང་། བོད་མིར་ཡང་བཀའ་སློབ་གནང་སྟེ། ཛ་དྲག་གི་གནས་ཚུལ་མང་པོ་ཞིག་ཞི་འཇམ་དུ་གཏོང་ཐབས་གནང་ཡོད།
འོན་ཀྱང་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་སྤྱི་དང་ཡང་སྒོས་དགོན་པའི་འཆད་ཉན་ལ་ཧ་ཅང་གིས་དམ་དྲག་ཆེན་པོ་བྱས་སྟབས། སྐྱེས་ཆེན་རྒན་པ་རྣམས་རིམ་པས་གཤེགས་པ་དང་མཉམ་དུ། མང་ཚོགས་ཀྱིས་གུས་བཀུར་དང་ཡིད་ཆེས་ཞུ་སའི་མི་སྣ་གསོ་སྐྱོང་ཐུབ་མེད། དཔེར་ན། ཉེ་སྔོན་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུའི་ནང་། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཁྲིར་བསྐོས་པའི་ཁྱེའུ་རྒྱལ་མཚན་ནོར་བུར་བོད་བརྒྱུད་གསང་སྔགས་ཀྱི་དབང་ལུང་མན་ངག་ཆ་ཚང་འབུལ་ཐུབ་མཁན་གྱི་ཡོངས་འཛིན་བརྙེད་ཁག་པོ་བྱུང་བའི་གནས་ཚུལ་བཀོད་འདུག
གནས་ཚུལ་དེ་འདྲའི་དབང་གིས། ད་ཆ་བོད་ཀྱི་གྲོང་གསེབ་རེ་དང་དགོན་པ་རེ་ཚུན་ལ་བསམ་བློའི་སྣེ་འཁྲིད་ཐུབ་མཁན་གྱི་མི་སྣ་ཇེ་དཀོན་ཇེ་དཀོན་དུ་གྱུར་ཡོད་པ་དེས། གཅིག་ནས་བོད་ཀྱི་རིག་གཞུང་རྩ་མེད་དུ་འགྲོ་བཞིན་པའི་ཕྱོགས་ཤིག་མཚོན་པར་མ་ཟད། གཉིས་ནས་དེས་སྤྱི་ཚོགས་ཀྱི་མཐུན་ལམ་དང་། དཀའ་རྙོག་འདུམ་སྒྲིག་གི་ཐད་འཕྲད་བཞིན་པའི་དཀའ་ངལ་མཚོན་གྱི་ཡོད།
༥) བཟོད་བསྲན།
ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ། བོད་ནང་རང་གིས་རང་ལ་གྲི་འཛུགས་མཁན་དང་། ཁང་སྟེང་ནས་མཆོངས་ཏེ་རང་ཤི་རྒྱག་མཁན། དཔྱངས་ཏེ་རང་ཤི་རྒྱག་མཁན། སྙིང་གས་ཏེ་འཆི་བ་སོགས་གང་ཙམ་བྱུང་ཡོད། ཆབ་སྲིད་བཙོན་ཟུར་ལ་བལྟས་ནའང་། སྔོན་གྱི་བཙོན་ཟུར་དང་དེང་སང་གི་བཙོན་ཟུར་གྱི་སེམས་ཁམས་བདེ་ཐང་གི་ཐད་ལ་ཁྱད་པར་ཆེན་པོ་ཡོད་པའི་རྣམ་པ་གསལ་པོ་ཞིག་འདུག དེ་ཚོར་གཞིགས་ན་མི་རབས་བརྗེས་པ་དང་མཉམ་དུ་སྡུག་རུས་དང་བཟོད་བསྲན་བྱེད་ཚད་ལའང་འགྱུར་བ་ཕྱིན་ཡོད་པ་འདྲ།
བོད་མིའི་སེམས་ཁམས་ཀྱི་བཟོད་བསྲན་ནུས་པར་འགྱུར་བ་འགྲོ་གི་ཡོད་པ་འདི་ནི། བོད་ཕྱི་ནང་དུ་རང་སྲེག་ཞི་རྒོལ་གྱི་གནས་ཚུལ་ཐོན་པའི་རྐྱེན་རྩ་གཅིག་རེད་ཅེས་བཤད་ཆོག་པར་མ་ཟད། འདིར་ཐག་གཅོད་ཡག་པོ་མ་བྱུང་ཚེ། མ་འོངས་པར་རང་སྲེག་ལས་གཞན་པའི་ཡ་ཡུད་ཆེ་བའི་ལས་འགུལ་གཞན་དག་འབྱུང་སྲིད་པའི་སྔོན་བརྡ་ཞིག་ཀྱང་རེད་སྙམ།
༦) བརྡ་འཕྲིན་འཕྲུལ་ཆས།
དེང་སང་བོད་ནང་ལ་དྲྭ་རྒྱ་དང་ལག་ཐོགས་ཁ་པར་སོགས་དེང་རབས་ཀྱི་བརྡ་འཕྲིན་འཕྲུལ་ཆས་སྤྱོད་མཁན་མང་པོ་ཡིན་ལ། རྒྱ་ནག་གི་དམ་དྲག་ཆེན་པོ་ཡོད་པར་མ་ལྟོས་པར། བོད་ནང་གི་བོད་མི་ཚོས་འཛམ་གླིང་སྤྱི་དང་བྱེ་བྲག་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ཧ་ཅང་གསལ་པོ་རེད།
བརྡ་འཕྲིན་འཕྲུལ་ཆས་ལ་བརྟེན་ནས་བཙན་བྱོལ་ནང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་སྲེག་ངོ་རྒོལ་གནང་བ་དང་། དེ་བཞིན་ཨ་རབ་ནང་རང་སྲེག་ངོ་རྒོལ་གྱིས་གསར་བརྗེ་ཆེན་པོ་ལངས་ཚུལ་རྣམས་བོད་ནང་གི་མིས་གོ་ཐོས་ཡོད་ངེས་པ་རེད་ལ། བོད་ཀྱི་ས་ཁུལ་ཁག་ཏུ་རང་སྲེག་བྱས་པའི་གནས་ཚུལ་ཡང་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་གོ་ཐོས་ཡོང་གི་ཡོད་པ་དེ། བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཁ་ཤས་ཀྱིས་སྤེལ་བའི་རྩོམ་ཡིག་ཐོག་ནས་མངོན་ཐུབ་ཀྱི་འདུག
བརྡ་འཕྲིན་འཕྲུལ་ཆས་ལ་བརྟེན་ནས་བོད་ནང་རང་སྲེག་ཞི་རྒོལ་བྱུང་བའི་གནས་ཚུལ་དེ། སྤྱི་ཡོངས་ཀྱི་ཆ་ནས་བཏང་མྱུར་ན་ཆུ་ཚོད་གཅིག་གཉིས་དང་། འགོར་ན་ཉིན་ཁ་ཤས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྒྱུད་རྒྱལ་སྤྱིའི་ནང་ཁྱབ་འགྲོ་བ་དང་། ཕྱི་ལོགས་ཀྱིས་སྤེལ་བའི་གནས་ཚུལ་དང་བརྡ་ལན་རྣམས་ཕྱིར་བོད་ནང་ལ་ཁྱབ་འགྲོ་བའི་ཁོར་ཡུག་འདིས་ཀྱང་། ཆེད་མངགས་སྐུལ་སློང་བྱས་པ་མིན་རུང་། ཤུགས་རྐྱེན་དང་ནུས་པ་ཐོན་གྱི་ཡོད་པ་དེ་ཁས་ལེན་མི་བྱེད་ཀ་མེད་རེད།
བོད་ཀྱི་རང་སྲེག་ཞི་རྒོལ་གྱི་ཁྱད་ཆོས།
ཡུལ་ལུང་མང་པོར་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་ཡོང་གི་ཡོད་རུང་། དེ་དག་དང་བསྡུར་ན། བོད་ཀྱི་རང་སྲེག་ཞི་རྒོལ་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་འདུག
- རང་སྲེག་བྱེད་མཁན་དང་། རང་སྲེག་བྱེད་མཁན་དེའི་མི་རིགས་ཀྱི་གྲངས་འབོར། དུས་ཡུན་བཅས་བསྡུར་ནས་བཤད་ན། ཉེ་ཆར་གྱི་བོད་ཀྱི་རང་སྲེག་ཞི་རྒོལ་གྱི་འབོར་གྲངས་དེ་འཛམ་གླིང་གི་རང་སྲེག་ཞི་རྒོལ་གྱི་གྲངས་འབོར་མཐོ་ཤོས་སུ་སླེབས་ཡོད།
- རང་སྲེག་བྱེད་མཁན་གྱི་ཁོངས་སུ་ཕོ་མོ་དང་། སྐྱ་སེར། རྒན་གཞོན། འཚོ་ཐབས། དབུལ་ཕྱུག གཉེན་སྒྲིག་བྱས་མིན། བུ་ཕྲུག་ཡོད་མེད་བཅས་ཀྱི་དབྱེ་བ་མེད་པར། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་མི་སྣ་ཡོད་པ།
- རང་སྲེག་བྱེད་མཁན་མང་ཆེ་བའི་དགོས་འདུན་གཙོ་བོ་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བོད་རང་བཙན་ཡིན་པ། བོད་ཀྱི་སྐད་ཡིག་བེད་སྤྱོད་དགོས་པ་རྣམས་རྩ་བའི་ཆར་གཅིག་གྱུར་ཡིན་པ།
- རང་སྲེག་བྱ་ཡུལ་དང་། ཁ་ཆེམས། པར་བཅས་ལ་བལྟས་ན། སྤྱི་དོན་ཆེད་རང་ཐག་རང་གཅོད་ཀྱིས་བློས་གཏོང་བྱས་པའི་རྣམ་པ་ཧ་ཅང་གསལ་བ།
- སྤྱི་ཡོངས་ནས་རང་སྲེག་བྱེད་མཁན་རྣམས། སེམས་ཁམས་གུ་དོག་པོར་ཆགས་པ་དང་། ཁོང་ཁྲོ་དྲག་པོ་ལངས་པ། སྒེར་དོན་གྱི་དབང་གིས་བློ་ཡིད་མ་ཚིམ་པ་ལྟ་བུའི་རྣམ་པ་མེད་པ།
- མང་ཆེ་བས་རང་ཉིད་གནས་ཡུལ་གྱི་ས་གནས་དེ་རང་དུ། རང་སྲེག་བྱས་པ་ལས། དེ་ལས་ཐག་རིང་བའི་ས་གནས་སུ་སོང་སྟེ་མི་ཚོགས་འདུ་འཛོམས་ཆེ་སར་རང་སྲེག་བྱས་མི་འདུག་ལ། དྲིལ་བསྒྲགས་རྒྱ་ཆེ་ཡོང་ཐབས་སུ་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་རྣམ་པ་ཧ་ལམ་མི་འདུག
བོད་ཀྱི་རང་སྲེག་ཞི་རྒོལ་གྱི་ནུས་པ།
བོད་ཀྱི་རང་སྲེག་ཞི་རྒོལ་གྱིས་ནུས་པ་ཐོན་གྱི་ཡོད་དམ་ཞེ་ན། ནུས་པ་ཏན་ཏན་ཐོན་དང་ཐོན་བཞིན་ཡོད། འོན་ཀྱང་གཅིག་ནས་རྒྱ་ནག་གི་དྲག་ཤུགས་དང་དཔལ་འབྱོར་གོང་འཕེལ་འགྲོ་ཚད་མཐོ་གྲས་སུ་སླེབས་པའི་དབང་གིས། རྒྱལ་སྤྱིའི་སྐྱོན་བརྗོད་ལ་ཉན་འཇོག་དང་གནོན་ཤུགས་ལ་བབས་བསྟུན་བྱེད་དགོས་པའི་གནས་སྟངས་མེད་པར་གྱུར་ཡོད།
གཉིས་ནས་བོད་ཀྱི་ས་ཁུལ་ཁག་ཏུ་གསར་འགོད་པ་དང་རྟོག་ཞིབ་མི་སྣ་རང་དབང་གི་སྒོ་ནས་འགྲོ་རུ་འཇུག་གི་མེད་པའི་དབང་གིས། བོད་ཀྱི་རང་སྲེག་གི་གནས་ཚུལ་དེ་བོད་དང་རྒྱ་ནག་ནང་ཤུགས་ཆེན་པོ་ཁྱབ་ཐུབ་ཀྱི་མེད་ལ། རྒྱལ་སྤྱིའི་ནང་དུའང་ཛ་དྲག་གནས་ཚུལ་གྱི་ངོ་བོར་སླེབས་ཐུབ་ཀྱི་མེད།
གསུམ་ནས་བོད་ཀྱི་ས་ཁུལ་ཁག་གི་ནང་བོད་མིར་དམ་དྲག་དང་འགྲོ་སྐྱོད་རང་དབང་ལ་སྟངས་འཛིན་ཧ་ཅང་ཆེ་བའི་དབང་གིས། བོད་ཀྱི་རང་སྲེག་ཞི་བའི་ལས་འགུལ་དེ། གཞི་རྒྱ་ཆེ་བའི་ངོ་རྒོལ་འབྱུང་རྐྱེན་ཞིག་ཆགས་ཐུབ་ཀྱི་མེད།
གནས་སྟངས་དེ་འདྲ་ཡིན་རུང་། རང་སྲེག་ཞི་རྒོལ་གྱིས་བོད་ཀྱི་རང་དབང་འཐབ་རྩོད་ཐད་ནུས་པ་གང་ལ་གང་འཚམས་ཤིག་ཐོན་བཞིན་ཡོད་པའི་རྣམ་པ་འདུག དཔེར་ན།
ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་རང་སྲེག་ཞི་རྒོལ་ཕྱི་ལོགས་ནས་རྩ་འཛུགས་དང་བརྒྱུད་སྐུལ་བྱས་ཚུལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་ས་ཁུལ་ཁག་ཏུ། རང་དབང་ཅན་གྱི་གསར་འགོད་པ་དང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་རྩ་བ་ནས་གཏོང་གི་མེད་སྟབས། རྒྱ་ནག་གི་དྲིལ་བསྒྲགས་ཀྱིས་ནུས་པ་གང་ཡང་ཐོན་གྱི་མེད་པ་དང་། རང་དབང་ཅན་གྱི་གསར་འགོད་པ་དང་རྒྱལ་སྤྱིའི་རྟོག་ཞིབ་པ་བོད་ནང་བཏང་ཚེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་ཇི་ལྟར་གཏོང་གི་ཡོད་པ་དང་། དམ་དྲག་དང་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱེད་ཀྱི་ཡོད་མེད་གསལ་པོར་ཆགས་ངེས་མ་ཟད། ༢༠༠༨ ལོ་ལྟར་གཞི་རྒྱ་ཆེ་བའི་ངོ་རྒོལ་ཐོན་ངེས་ཡིན་པའང་གསལ་པོ་ཡིན་པས། རྒྱ་ནག་གཞུང་གིས་སྡིག་པ་མིག་བཙུམ་གྱིས་ད་ལྟའི་སྲིད་བྱུས་དེ་འདྲ་ཞིག་ལག་ལེན་མ་བསྟར་ཀ་མེད་བྱུང་བ་རེད། འོན་ཀྱང་འདི་ལྟར་མུ་མཐུད་སོང་ཚེ། བོད་མིའི་སེམས་ནང་ན་ཟུག་དང་རྨ་ཁ་སྔར་བས་ཆེ་རུ་ཕྱིན་ཏེ། ཁོང་ཚོས་གལ་ཆེར་བརྩི་བའི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཟེར་བའང་ཡོང་ཐབས་མེད་པས། ཁྱོན་ཡོངས་ནས་བསམས་ན། རྒྱ་ནག་གཞུང་བྱ་དཀའ་བྱེད་གཏད་དུ་གྱར་ཡོད་པ་རེད།
བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཐོན་པའི་ནུས་པ་བཤད་ན། བོད་གཞིས་བྱེས་གཉིས་ཀའི་ནང་། བོད་མི་རིགས་རང་ཉིད་ཀྱི་བློ་སྟོབས་དང་བློས་གཏོང་ལ་ངོས་འཛིན་དང་གདེང་སྤོབས་ཆེན་པོ་བརྙེས་ཐུབ་པ་བྱུང་བ་མ་ཟད། རྒྱ་ནག་དམར་པོའི་གཞུང་གི་
གདུག་རྩུབ་སྲིད་སྲིད་བྱུས་ལ་ངོས་འཛིན་གཏིང་ཟབ་བྱུང་བ། བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་། རང་གི་སྐད་ཡིག་དང་རིག་གཞུང་ལ་དགའ་ཞེན་དང་བདག་གཅེས་ཀྱི་འདུ་ཤེས་གོང་དུ་འཕེལ་བ། ལྷག་པར་བོད་ནང་དུ། བོད་མི་ནང་ཁུལ་ནང་འཛིང་མི་བྱེད་པ་དང་། རང་སྐད་ནང་བསྲེ་ལྷད་མི་བྱེད་པ་སོགས་ཀྱི་ལས་འགུལ་སྣ་མང་གི་འབྱུང་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་མིན་བཙན་བྱོལ་ནང་། བཀའ་ཤག་དང་སྤྱི་འཐུས། ཚོགས་སྡེ་ཁག་ཚང་མས་བོད་དོན་འཐབ་རྩོད་ཀྱི་ཐབས་བྱུས་དང་། དྲིལ་བསྒྲགས་ཀྱི་ཐད་དུ་བསམ་གཞིགས་ཡང་ནན་བསྐྱར་ནན་དུ་གནང་དགོས་བྱུང་བ་དང་། བཀའ་ཤག་དང་སྤྱི་འཐུས། བཀའ་སྤྱི་ཟུང་འབྲེལ་གྱི་ཐོག་ནས་ལས་འགུལ་སྣ་མང་དང་། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མས་ལས་འགུལ་སྣ་མང་སྤེལ་དགོས་བྱུང་བ། ལྷག་ པར་བོད་མི་སྒེར་པའི་ངོས་ནས་གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་སོགས་ཀྱི་ལས་ འགུལ་སྤེལ་མཁན་མངོན་གསལ་གྱིས་མང་དུ་སོང་བའི་རྐྱེན་རྩ་གཅིག་ཀྱང་རང་སྲེག་ཞི་རྒོལ་འདི་ཆགས་ཡོད།
མ་འོངས་པའི་ཐད་རང་ཉིད་ཀྱི་བསམ་འཆར་ཁ་ཤས།
- རང་སྲེག་ཞི་རྒོལ་བྱུང་བ་དེའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་སྟངས་གསལ་པོ་དང་། འགྲེལ་བཤད་ཁུངས་ལྡན། ཁ་ཕྱོགས་གསལ་འདོན་དགོས།
- བོད་ནང་གི་རང་སྲེག་ཞི་རྒོལ་བའི་འབོད་སྒྲ་དེ། བཙན་བྱོལ་ནང་ཆབ་སྲིད་ཀྱི་ལྟ་ཚུལ་དབང་གིས་ཕར་འཐེན་ཚུར་འཐེན་བྱེད་མི་རུང་།
- བོད་ནང་གི་རང་སྲེག་ཞི་རྒོལ་བའི་དགོས་འདུན་ནང་། དབུས་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་ལམ་དེའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ པའི་མཚོན་ཚུལ་རྩ་བ་ནས་མེད་པས། བོད་ནང་གི་རང་སྲེག་ཞི་རྒོལ་རྒྱུ་མཚན་དུ་དྲངས་ཏེ། དབུས་བོད་མིའི་སྒྲིག་འཛུགས་སམ་དེའི་སྲིད་བྱུས་ལ་ཁ་རྡུང་གཏོང་བ་དང་། ཐ་ན། བོད་ནང་གི་རང་སྲེག་ཞི་རྒོལ་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁ་གཏད་ཡིན་པ་ལྟ་བུའི་བཤད་སྟངས་དེ་ཚོར་རྒྱུ་མཚན་ཚད་ལྡན་མེད་པ་བོད་མི་ ཚོས་ངོས་འཛིན་གསལ་པོ་གནང་དགོས།
- རང་སྲེག་ཞི་རྒོལ་གྱི་ངོ་བོར་འགྲེལ་བཤད་བྱེད་སྐབས། ཆོས་ཕྱོགས་ཀྱི་འཚེ་བ་ཡིན་མིན་གྱི་དབྱེ་མཚམས་དེ་མཉམ་བསྲེས་མ་བྱས་ན་ལེགས།
- རྒྱལ་སྤྱིའི་ནང་བོད་ནང་གི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་ཡོང་ཐབས་ཀྱི་ཐབས་བྱུས་ཐད། ད་ཡོད་ཀྱི་བོད་མིའི་གསར་ཁང་རྨང་གཞིར་བཟུང་སྟེ་རྒྱལ་སྤྱིའི་ནང་ཚད་འཛིན་འོས་པའི་གསར་ཁང་བསྐྲུན་ཐབས་དང་། དེ་མིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ཕྱོགས་ལྷུང་བྲལ་བའི་མཁས་པ་ཁག་བརྒྱུད་དེ་གནས་ཚུལ་སྤེལ་ཐབས་ལ་ཤུགས་སྣོན་དགོས་པ།
- བཙན་བྱོལ་བོད་མི་རང་གི་ནང་དུ། རང་སྲེག་ཞི་རྒོལ་དེ་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཏུ་བསྒྱུར་ཐབས་དང་། དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ལས་འགུལ་གཉིས་ལས་ཕྱི་མར་དོ་སྣང་ཆེ་ཙམ་མཛད་དགོས་པ།
- རང་སྲེག་ཞི་རྒོལ་བ་ཚོའི་ཞལ་ཆེམས་ལག་བསྟར་དང་དཔང་རྟགས་ཉར་ཚགས་དགོས་པ།
- ད་ཕན་རང་སྲེག་ཞི་རྒོལ་བྱས་པ་དེས། བོད་ཀྱི་རྩ་དོན་ལ་རླབས་ཆེན་གྱི་ཕན་ནུས་ཐོན་ཡོད་པ་གསལ་པོ་ཡིན་རུང་། ད་དུང་རང་སྲེག་མུ་མཐུད་བྱས་ན། ད་ཕན་ཐོན་པའི་ཕན་ནུས་ལས་ལྷག་པའི་དམིགས་བསལ་ཕན་འབྲས་མུ་མཐུད་ཐོན་དང་ཐོན་མིན་ལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དགོངས་བཞེས་དང་ངོས་འཛིན་གསལ་པོ་གནང་དགོས།
“གངས་དཀར་པོའི་གཅེས་ཕྲུག །
གངས་ཅན་བུ་དང་བུ་མོ།།
གངས་རིའི་བུ་རྒོད་རྣམ་པ།།
བོད་པ་ཡིན་པ་མ་བརྗེད།།” [6]
མཆན།________________________________________
[1] National Crime Records Bureau, http://ncrb.gov.in/adsi/main.htm. [2] Coleman, Loren (2004). The Copycat Effect: How the Media and Popular Culture Trigger the Mayhem in Tomorrow’s Headlines. New York: Paraview Pocket-Simon and Schuster. p. 66. ISBN 0-7434-8223-9. See also Self-Immolation by Fire versus Legitimate Violence in the Hindu Context: http://www.digitalhimalaya.com/collections/journals/ret/index.php?selection=0 [3] Tunisia one year on: New trend of self-immolations: http://www.bbc.co.uk/news/world-africa-16526462 [4] http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-59/8494-2012-06-25-11-22-33 [5] Self-Immolation in Context, 1963-2012. http://himalaya.socanth.cam.ac.uk/collections/journals/ret/pdf/ret_25_12.pdf [6] ༢༠༡༢།༡༡།༢༦ ཉིན་རང་སྲེག་ཞི་རྒོལ་གནང་མཁན་སངས་རྒྱས་སྒྲོལ་མའི་ཞལ་ཆེམས་ལས་སོ།། །།
དཔེ་ཡོག་པོ་བྲིས་བཞག་་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ འོན་ཀྱང་འདི་ལྟ་བུའི་ཚད་ལྡན་གྱི་དཔྱད་གཏམ་ཞིག་ཁ་བརྡར་བཏོན་པ་དེ་ཅུང་མི་མཚམས་ འདིར་མང་ཆེ་བ་རང་སྣང་དང་རྐུབ་བསྟེགས་ཐོག་ནས་གཏམ་བཤད་བྱེད་མཁན་རྐྱང་རེད་
ངོ་མ་གཅིག་ཞུ་རྒྱུ་ཡིན་ གནད་དོན་གཙོ་བོ་རང་བསྲེགས་བྱས་པ་དེ་འཚེ་མེད་ཞི་བ་ཡིན་མིན་དེ་རེད་ དེ་སྔོན་མ་དཔའ་བོ་ཐུབ་བསྟན་དངོས་གྲུབ་གྱི་སྔོན་ནས་ལབ་གླེང་ཡོད་པ་རེད་ དྲག་སྤྱོད་གཏོགས་ཙམ་སྤེལ་དགོས་ལུགས་ཤོད་མཁན་ཡོད་པ་རེད་ རྒྱུ་མཚན་དེས་༧རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ནང་པའི་ལྟ་བ་ལ་འགལ་ཟླ་ཕྱིན་པ་རེད་ སྐབས་དེར་ལམ་དབུ་མ་གསང་བ་རེད་ ༡༩༩༡ ལོར་ལམ་དབུ་མ་གསང་བ་ཉར་བ་ཕྱིར་བསྒྲགས་བྱས་པ་རེད་ དེ་ནས་བཟུང་སྔོན་རྒོལ་བརྡུང་གཏོང་དགོས་ཅེས་ཤོད་མཁན་དེ་ཚོར་༧རྒྱལ་བ་རིན་པོ་ཆེའི་ལམ་དབུ་མ་ལ་རྒྱབ་འགལ་གྱིས་རང་བཙན་རྩོད་ཀྱི་འདུག་ཅེས་བཤད་པ་རེད་ རང་བསྲེགས་ངོ་རྒོལ་འཚེ་མེད་ཞི་བ་ཡིན་པའི་གྲུབ་བྱ་རྙེད་ན་བལྟ་རྒྱུ་གཅིག་འདུག་ འདིའི་ཐོག་ཁྱེད་ཀྱི་ཞིབ་འཇུག་ཅིག་གནང་སྟེ་རྩོམ་ཞིག་བཏོན་ན་ཕན་ཐོག་ཆེན་པོ་ཡོང་རེད་འདུག་ ཐུགས་རྗེ་ཆེ་ལགས་
ཆེས་མཆོག་ཏུ་བཀུར་བ་འོས་པ་ཤེས་ཡོན་པ་ཆུང་ཚེ་རིང་མཆོག་གིས་གསུང་རྩོམ་འདིར་རིན་ཐང་གཞལ་དཀའ་བར་སྣང་། ཁྱེད་ཀྱིས་འབྱུང་འགྱུར་ཡང་འདི་ལྟ་བུའི་དཔྱད་རྩོམ་དང་དཔྱད་བརྗོད་གང་མང་སྤེལ་ཐུབ་པ་ཡིན་ན་ཕན་ཐོག་ངེས་ཅན་ཞིག་ལྡན། དེ་མིན་བོད་ཡིག་གི་དྲྭ་ལམ་དང་སྐད་འཕྲིན་ཡོངས་རྫོགས་སྤྱི་ཚོགས་དྲྭ་འབུ་ཚོས་གླེངས་སྟེགས་ལྟ་བུའི་ངང་ཚུལ་འདི་ནི་ངོ་མ་ཡ་ང་བ་དང་ཡིད་མུག་དགོས་པ་ཤིག་རེད་འདུག་སྙམ།
ཁ་བརྡ་དྲ་བའི་ཐོག་འདི་ལྟ་བུའི་དཔྱད་རྩོམ་ལེགས་པོ་ཞིག་སྤེལ་འདུག་པས་རྩོམ་པ་པོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
ཆུང་ཚེ་རིང་ལགས་ཀྱིས་ད་བར་བརྩམས་པ་དང་བསྒྱུར་གནང་མཛད་པའི་དཔྱད་རྩོམ་རིགས་ཚང་མར་དམིགས་བསལ་གྱི་ཁྱད་ཆོས་རན་ཐང་ཅན་ཁ་ཤས་ལྡན་འདུག་པ་ལས་གཅིག་ནི་རྩོམ་པ་པོ་རང་ཉིད་ལ་དྲང་བདེན་གྱི་རང་ཚུགས་བརྟན་ཞིང་ཕྱོགས་རིས་འཐེན་འཁྱེར་གྱི་དྲི་དང་ཡོངས་སུ་བྲལ་བའི་བོད་མི་ཤེས་ལྡན་ལྷག་བསམ་ཅན་ཞིག་ཡིན་པ་གང་གི་བརྩམས་ཆོས་ཁག་ལས་བདེ་སླག་ཏུ་རྟོགས་ནུས་པས་རྗེས་སུ་ཡི་རངས་ཆེ། ད་དུང་མུ་མཐུད་དཔྱད་གསུམ་དག་པའི་དཔྱད་བརྗོད་དེ་རིགས་མང་ཙམ་སྤེལ་གནང་ཡོང་བ་མཁྱེན་ནོ། བཀྲིན་ཆེ།།ཚེ་རེང་ཤཱཀྱ་ལགས་ཀྱིས་བརྩམས་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་གངས་ལྗོངས་སུ་འབྲུག་ཅེས་པ་དེ་སྐུ་ཉིད་ཀྱིས་གཟིགས་རྒྱུ་བྱུང་ཨེ་ཡོད། གལ་ཏེ་ལོ་རྒྱུས་དེབ་ཐེར་དེ་བཞིན་བོད་སྒྱུར་ཞིག་གནང་ཐུབ་ཚེ། འབའ་པ་ཕུན་དབང་གི་བོད་མི་གསར་བརྗེ་བ་ཞིག་ཅེས་པ་དེ་དང་གཅིག་མཚུངས་ཀྱིས་བོད་ཡིག་ཀློག་མཁན་ཚོར་ཕན་ཐོགས་རྒྱ་མི་ཆུང་བ་ཞིག་ཡོང་ངེས་པས། དེ་དོན་ཐུགས་བསམ་བཞེད་རོགས། །
རྩོམ་འདི་འགྲིག་ཙམ་འདུག རང་ལུས་མེར་བསྲེགས་དང་འབྲེལ་བའི་གནད་དོན་ཐད་ལ་བོད་དབྱིན་རྒྱ་གསུམ་དུ་རྩོམ་ཡིག་མང་པོ་སྤེལ་ཚར་བའི་རྗེས་སུ། རྩོམ་པ་པོ་འདིས་གཞན་གྱི་རྩོམ་ཡིག་དག་བཤུས་བའི་བཟོ་འདྲ་ཞིག་བསྟན་འདུག རྩོམ་འདི་ལྦང་ལི་ཞུང་གི་རང་ལུས་མེར་བསྲེགས་སྐོར་གྱི་དཔྱད་རྩོམ་དེར་ལད་མོ་བྱས་བ་ཙམ་རེད་འདུག
གཅིག་ཀྱང་མ་ལུས་པར་ཚང་མ་བཀླགས་ཟིན། སེམས་ཁམས་སུ་བག་ཆགས་དང་བློ་སྐྱེད་ཚད་ལས་བརྒལ་བ་བྱུང་། སྐུ་ཞབས་ཆུང་ཚེ་རིང་ལགས་ནི་བོད་ཀྱི་ཕུལ་བྱུང་རྩོམ་པ་པོ་ཞིག་དང་། བོད་མི་རིགས་ཀྱི་ངོམས་ཆོག་པའི་རང་རིགས་སྤུན་ཟླ་འགྲན་ཟླ་བྲལ་བ་ཟེར་ནའང་ཧ་ཅང་མི་ཐལ། རྩོམ་ཞིག་བྲིས། སྐུལ་མ་ཐེབས། བློ་སྟོབས་འཕེལ། བོད་མི་ཚོ། རྡོག་རྩ་སྒྲིལ། ལག་མདངས་སྦྲེལ། རང་དབང་ཆེད། མདུན་དུ་བསྐྱོད། རྒྱལ་ཁ་ལེན། བོད་དུ་འགྲོ། མཉམ་དུ་བསྡད། མཉམ་དུ་ཟ། བདེ་ཞིང་སྐྱིད།
ཆུང་ཚེ་རིང་གསུང་ལ་གོ་རྒྱུ་འདུག ཡིན་ན་ཡང་ཞི་དྲག་གང་ལྟར་རུང་ལམ་དབུ་མ་དང་རྒྱབ་འགལ་རེད། རང་གིས་ལུས་ལ་དཔེ་བླངས་ནས། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་བཞིན་གཞན་གྱིས་ལུས་ལ་དཔེ་བླངས་ནས། །རང་ལ་གནོད་པར་མ་བྱེད་ཅིག་ཅེས་པས་གཉིས་ཕན་འགྱུར་བ་ལས་རང་གཞན་སུ་ལ་གནོད་ན་གནོད་པ་རང་རེད། དེས་ནང་ནས་མ་ཤི་གསོན་བསྲེག་གི་སྡུག་བསྔལ་འདི་སུ་ཞིག་གིས་བཟོད་ནུས་སམ།
རྩོམ་ཡིག་ལ་ནང་དོན་གསར་པ་གང་ཡང་མི་འདུག གཅིག་ཡོད་པ་དེ་བོད་པ་མ་ཡིན་པར་རྒྱ་གར་སོགས་སུ་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཡོད་པའི་གྲངས་ཐོ་ཙམ་བསྟན་ནས་བོད་པའི་རང་ལུས་མེར་བསྲེགས་དེ་ཧ་ཅང་དམིགས་བསལ་རང་བཞིན་ཞིག་མ་ཡིན་པའི་རྣམ་པ་ཤུགས་ཀྱིས་བསྟན་པ་དེ་རེད།
རྩོམ་ཡིག་ལ་དམིགས་བསལ་གྱི་བྲོ་བ་གང་ཡང་མི་འདུག གཅིག་ཡོད་པ་དེ་ཧ་ཅང་མཁས་པ་དང་སྒམ་པོ་ཡིན་མདོག་མདོག་གིས་རྒྱང་རིང་ས་ནས་ཕྱི་མི་ཞིག་གིས་དབྱེ་ཞིབ་བྱས་པ་ལྟ་བུ་ཞིག་ལས་སྤུན་ཟླ་ཞིག་གི་གདུང་སེམས་ཀྱི་ཚོར་རྟོགས་གང་ཡང་མེད་པ་དེ་རེད།
རྩོམ་ཡིག་ལ་ཁྱད་ཆོས་གང་ཡང་མི་འདུག གཅིག་ཡོད་པ་དེ་བོད་པ་ཚོ་རྒྱ་ནག་གིས་གསོད་མི་དགོས་པར་རང་ཤི་རྒྱག་གི་ཡོད་པ་དེ་རྒྱ་ནག་གི་སྲིད་ཇུས་ལམ་སློང་དུ་འགྲོ་བཞིན་པའི་མཚོན་དོན་ཅན་གྱི་རི་མོ་ཟུར་སྣོན་བྱས་པ་དེ་རེད།
ཁྱེད་ལ་ལྟ་སྟངས་འདི་འདྲ་ཡོད་པ་དང་། ཚོར་སྣང་འདི་ལྟ་བུ་ལས་མེད་པ། ཡང་ན་འགྲེལ་ལོག་འདི་ལྟ་བུ་བྱེད་པའི་སེམས་ཁམས་ཡོད་པར་ང་རང་ཧང་མི་སངས། འོན་ཀྱང་འདི་ལྟ་བུ་ལའང་བསྟོད་བསྔགས་དང་གནང་མཁན་དང་་་་མཁས་པའི་ཆོ་ལོ་འབུལ་མཁན་ཡོད་པའི་ང་ཚོའི་སྤྱི་ཚོགས་ཀྱི་གོ་རྟོགས་དང་རིག་ཚོར་ལ་ནི་་་ངོ་མ་་་ཧང་སངས་་མོད་་་ཐབས་ཅི།
(3.བོད་ནང་གི་རང་སྲེག་ཞི་རྒོལ་བའི་དགོས་འདུན་ནང་། དབུས་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་ལམ་དེའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ པའི་མཚོན་ཚུལ་རྩ་བ་ནས་མེད་པས། བོད་ནང་གི་རང་སྲེག་ཞི་རྒོལ་རྒྱུ་མཚན་དུ་དྲངས་ཏེ། དབུས་བོད་མིའི་སྒྲིག་འཛུགས་སམ་དེའི་སྲིད་བྱུས་ལ་ཁ་རྡུང་གཏོང་བ་དང་། ཐ་ན། བོད་ནང་གི་རང་སྲེག་ཞི་རྒོལ་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁ་གཏད་ཡིན་པ་ལྟ་བུའི་བཤད་སྟངས་དེ་ཚོར་རྒྱུ་མཚན་ཚད་ལྡན་མེད་པ་བོད་མི་ ཚོས་ངོས་འཛིན་གསལ་པོ་གནང་དགོས།)
གོང་གི་འདིའི་སྐོར་ལ་སྐད་ཆ་ཞིག་མ་བཤད་ན་ཡོང་མ་སོང་།
བཙན་བྱོལ་ཚང་གིས་རེ་བཞིན་པའི་རྒྱལ་ཁ་དེ་དང་བོད་ནང་གི་བོད་མི་རང་སྲེག་པ་ཚོས་རེ་བཞིན་བའི་རྒྱལ་ཁ་གཉིས་ནམ་ཡང་ནམ་ཡང་བསྡུར་ཐུབ་མེད་པ་ཤེས་དགོས། བོད་ནང་གི་བོད་མིས་བྱུང་ན་བོད་བོད་ཡུལ་དང་། མ་བྱུང་ན་ང་ཤི་ཁྱོད་གསོན་གྱི་སྐད་ཆ་རེད། བོད་ནང་གི་བོད་མི་ལ་རང་གི་བླ་མ་རྒྱལ་བ་རིན་པོ་ཆེ་དགོས་ཡོད། དགྲ་བོའི་ལག་ནས་བོད་རང་ས་རང་བདག། ཆོས་ལུགས་རང་བདག། མི་རིགས་རང་བདག། སྐད་ཡིག་རང་བདག་བྱེད་པའི་རྒྱལ་ཁ་དགོས་བ་འདི་གཉིས་ལས་གཞན། བཙན་བྱོལ་བའི་རེ་འདུན་སྐྱོང་བྱེད་དང་རྒྱབ་བརྟན་ལ་བོད་ནང་ནས་རང་སྲེག་ནམ་ཡང་མི་བྱེད། ཞི་རྒོལ་ཡིན་པའི་རྒྱུ་མཚན་ནི་བླ་མའི་བཀའ་རྩིས་བ་ཙམ་ལས། སྲིད་དབུ་མ་ལ་ཡིད་དུང་བས་རྩ་བ་ནས་མིན།
བཙན་བྱོལ་བས་བོད་ནང་གི་དཀའ་སྡུག་དང་རེ་འདུན་སྒྲིབ་དགོས་བ་ལས། རང་བོད་ནང་དུ་ལོག་ཐུབ་མིན་གྱི་དཀའ་སྡུག་དེ་ཐག་གཅོད་ཐ་མ་ལ་འཇོག་དགོས་ཡོད་པ་རེད།
བོད་ནང་གི་བོད་མི། གྲི་ཤི། མདའ་ཤི། མདོང་ཤི། མུག་ཤི། སྡུག་ཤི། རང་ཤི་སོགས་བློ་ཐབས་གང་ཡོད་ཀྱིས་བོད་ས་རང་སྐྱོང་བྱས་ཡོད་པ་རེད་ལ། ད་དུང་ཡང་བྱེད་ངེས་རེད། དེ་འདྲ་ཡིན་དུས། ང་ཚོས་འདི་དག་འདི་ལྟར་འགྲོ་མི་དགོས་བར་སྐྱོབས་ཐབས་ཀྱི་བྱ་བ་སྣ་ག་རེ་ཡོད་ན་ཡང་། འཛམ་གླིང་གི་དཔུང་ལ་འཇུས་ནས་ཤུགས་རྒྱག་པ་ལས། བཙན་བྱོལ་སྒྲིག་འཛིགས་ཟེར་ནིའི་ཞེ་པོ་ཞིག་ཡོད་མདོག་གིས་ལྟོ་སློང་ནས་ཉི་མ་འཁྱོལ་ཐབས་བྱེད་པ་དང་བོད་ནང་ལ་འབྲེལ་བ་མེད་པའི་རེ་འདུན་རྫུན་མ་རེ་ཉེར་ནས་འདུག་པ་ནི་མ་རུང་བ་རེད་ཟེར་རྒྱུ་ཡིན། ད་ནས་བཟུང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན། སྲོག་རེ་རེ་ཤོར་བ་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པའི་ས་རྟགས་འགོད། རང་སྐྱོང་ཞིག་གི་ཆེད་དུ་སྲོག་ཤོར་དགོས་དོན་མེད་ལ་རྩོད་དོན་ཡང་མེད།
མང་པོ་ཞིག་གིས་རྩོམ་ཡིག་ལ་མི་ལྟ་བར་རྩོམ་མཁན་ལ་ལྟ་བ་འདི་རྒྱུན་ལྡན་ནས་ཡོང་བསྡད་པ་ཞིག་རེད། དོན་དམ་དུ་འདིའི་གྲས་ལ་རྩོམ་ཡིག་ཀློག་ཁོམ་ཡོད་པ་མ་རེད།
གནམ་ཟེར་བ་འདིས་བཤད་་པ་ལྟར་ “ད་ནས་བཟུང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན། སྲོག་རེ་རེ་ཤོར་བ་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པའི་ས་རྟགས་འགོད། ” བོད་ཕྱི་ནང་གང་ནས་བོད་མི་ཞིག་གིས་བོད་དོན་ཆེད་དུ་རང་སྲོག་དོར་བ་བྱུང་ཚེ། དེའི་ཆེད་དུ་དང་དེའི་དགོས་འདུན་གྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་། འདས་པོ་ཁོང་བོད་རྒྱལ་ཁབ་དང་མི་རགས་ཀྱི་སྐུ་འདས་པ་ཡིན་ཚུལ་ཡིག་ངག་གཉིས་ནས་བསྒྲགས་ཏེ་ཡིག་ཆར་ཉར་ན་བཟང་།
དེ་ལྟར་བྱས་ན་མི་རབས་རྗེས་མ་དང་བོད་ཕྱི་ནང་གཉིས་ཀྱི་བོད་འབངས་ཡོངས་ལ་རང་ཉིད་ཀྱི་”རྒྱལ་ཁབ་”གཞན་ལ་ཤོར་ཡོད་པ་དང་། དེའི་ཆེད་དུ་འཐབ་རྩོད་འདི་འདྲ་ཞིག་འགྲོ་བཞིན་ཡོད་པའི་དྲན་གསོ་དང་གསལ་འདེབས་སུ་འགྱུར་རེ་ཡོད།
དེ་མིན་བོད་ནས་རང་སྲེག་བྱས་པ་ཕྱི་ནས་རང་སྲེག་བྱེད་དོན་དེ་གཞི་འཛིན་ས་མེད་པ་ལྟ་བུ་ཞིག་ཁྱབ་བསྒྲགས་བྱས་བསྡད་ན་ཆུད་ཟོས་སུ་སོང་བ་རང་རེད།
སྲིད་སྐྱོང་མཆོག་གིས་ནམ་རྒྱུན་ཇོའུ་ཤི་མི་རིགས་ཀྱི་འཐབ་རྩོད་མི་ལོ་སྟོང་ཕྲག་འགོར་རྗེས་བསྐྱར་གསོ་ཐུབ་རབས་གསུང་གིན་ཡོད། ད་ཡིན་ན་ང་ཚཽའི་འཐབ་རྩོད་དེ་ཡང་ཁ་གསལ་གཏིང་གསལ་བྱས་ཏེ་ཅི་ཞིག་རྩོད་ཀྱི་ཡོད་པ་ཤེས་པ་བྱེད་དགོས།
བོད་ནང་ནས་རང་སྲེག་བྱེད་མཁན་མང་པོ་ཞིག་གིས་བོད་རང་བཙན་ཟེར་བཞིན་སྐད་འབོད་བྱས་ཏེ་འབར་བཞིན་ཡོད་པ་རེད། ཁ་ཆེམས་ཡི་གེའང་ཡོད་པ་རེད། གོང་ས་མཆོག་བོད་ནང་དུ་ཕེབས་འཇུག་དགོས་ཟེར་བ་འདི་ཡང་མདོར་དེད་ལ་དགོས་འདུན་གསལ་བོ་ཞིག་གི་ཆེད་དུ་ལོས་ཡིན།
རྩོམ་ཡིག་འདི་ཅུང་མཐུས་སྒོ་ཚང་བའི་རྩོམ་ཡིག་གི་གྲས་ཤིག་ཡིན་པའི་ཡིད་ཆེས་ཡོད།
བཀའ་དྲིན་ཆེ།
འོན་ཀྱང་།
རང་སྲེག་རྐྱེན་རྩའི་དོན་ཚན་བཞི་པའི་བོད་ལ་བློ་གཏད་བཅོལ་ཡུལ་གྱི་སྐྱེས་ཆེན་དམ་པ་མི་བཞུགས་པ་དང་དེ་རང་སྲེག་གི་འབྱུང་རྩལ་བགྲངས་པའི་ཐད། ལར་དེང་སང་ཡང་བོད་ལ་བློ་གཏད་བཅོལ་ཡུལ་གྱི་སྐྱེས་ཆེན་ཁམས་དང་ཨ་མདོའི་ཕྱོགས་ལ་མང་པོ་བཞུགས་ཡོད་ཀྱང་རང་སྲེག་ངོ་རྒོལ་མང་ཤོས་དེ་ནས་འབྱུང་བཞིན་ཡོད་པ་དང་། དབུས་གཙང་གི་ཕྱོགས་ལ་སྐྱེས་ཆེན་དམ་པ་ཡོངས་གྲགས་བློ་གཏད་བཅོལ་ཡུལ་དམིགས་བསལ་སུ་བཞུགས་མ་གསལ་ཡང་། དེའི་ཕྱོགས་ལ་རང་སྲེག་ཞི་བརྒོལ་ཕལ་ཆེར་ཐོན་གྱི་མེད་པ་བཅས་ཀྱིས་གཏན་ཚིགས་འདིའི་འཐད་པ་དེ་ཙམ་ཞིབ་ཆ་ཅན་ཞིག་མ་རེད་ལ། ཁྱད་པར་དུ། (རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུའི་ནང་། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཁྲིར་བསྐོས་པའི་ཁྱེའུ་རྒྱལ་མཚན་ནོར་བུར་བོད་བརྒྱུད་གསང་སྔགས་ཀྱི་དབང་ལུང་མན་ངག་ཆ་ཚང་འབུལ་ཐུབ་མཁན་གྱི་ཡོངས་འཛིན་བརྙེད་ཁག་པོ་བྱུང་བའི་གནས་ཚུལ་བཀོད་འདུག)ཞེས་པའི་རྒྱུ་མཚན་འདི་དང་ལེན་བྱ་ཐབས་གཏན་ནས་མེད་པ་ཡིན་ཏེ། རྒྱུ་མཚན་ནི། འདི་ནི་བོད་ལ་སྐྱེས་ཆེན་མེད་པས་ཡོངས་འཛིན་མི་རྙེད་པ་མིན་པར་དེ་ལས་ལྡོག་སྟེ། བོད་ལ་ད་དུང་སྐྱེས་ཆེན་དམ་པ་ཆོས་དང་འཇིག་རྟེན་གཉིས་ཆར་ནས་རང་ཚུགས་ཡོད་པ་མང་པོ་ཡོད་པས་དེ་དག་གིས་གཞུང་གིས་བསྐོས་པའི་པན་ཆེན་གྱི་དབུ་བླ་བྱ་མ་འདོད་པ་ཡིན་དགོས།
དཔེར་ན། གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལ་ཡང་དང་ཡང་དུ་རྒྱལ་མཚན་ནོར་བུ་ངོས་ལེན་དགོས་པའི་གོ་བསྐོན་བློ་འགུག་གམ་ཞུ་འབུལ་བྱས་ན་ཡང་། ང་མི་དཀྱུས་མ་ཞིག་ལ་རྒྱལ་བ་པན་ཆེན་གྱི་སྤྲུལ་སྐུའི་ཡང་སྲིད་དང་འབྲེལ་བ་ཡོང་མི་ཤེས་པ་ཞིག་རེད་གསུངས་ནས་དམ་བཅའ་མཐར་སྐྱེལ་གནང་བ་ལྟ་བུ་རེད།
གཞན་དུ་ཁོང་ཚོས་སྤྱི་ཚོགས་ཀྱིས་ཅུང་མཐོང་ཡོད་པའི་བླ་མ་ལོ་རྒྱུས་ཀྱི་གོ་ཐོབ་ཡོད་པ་ཞིག་རག་ན་ལམ་དང་ལུགས་སྲོལ་ཙམ་ཞིག་བྱས་ན་ཕལ་ཆེར་འགྲིགས་པ་རེད། དེས་ན་རྒྱ་ནག་གིས་པན་ཆེན་བསྐོས་སྤྲུལ་ལ་ཡོངས་འཛིན་ཚད་ལྡན་མ་རྙེད་ཟེར་ཡོད་དུ་ཆུག་ཀྱང་དེ་ནི་ཁོང་ཚོར་དགོས་པ་དེ་མ་ཐོབ་པ་ཙམ་ལས་ལུང་རྟོགས་ཡོན་ཏན་ལྡན་པའི་སྐྱེས་ཆེན་བོད་ལ་མ་བཞུགས་པའི་རྟགས་སུ་འགོད་མི་རུང་སྟེ། པན་ཊི་ཏའི་ཐུགས་མཉམ་མ་བཞག་པའོ།།
སྔོན་མ་གང་ཟག་མི་རྟོན་ཆོས་ལ་རྟོན་ཟེར།དེང་སང་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་ཅེས་མགོ་རྟིང་སློག་ན་འགྲིག་ས་རེད།
རིན་ཐང་ཡོད་པའི་རྩོམ་ཡིག་གཅིག་ཀློག་རྒྱུ་བྱུང་བར་དགའ་པོ་བྱུང་། ཤེས་ཡོན་པའི་ཁྱད་ཆོས་འབུར་དུ་མངོན་ཡོང་གི་འདུག
རྫ་བཀྲིས་ཚེ་རིང་། ཆུང་ཚེ་དོན་ལ་གནས་འདུག མཁན་པོ་འཇིགས་ཕུན་གྲོངས་ཟིན་པ་རེད། ད་ལྟ་བོད་ལ་བཞུགས་མེད། རྒྱུ་མཚན་དེ་ཆུང་ཚེ་རིང་ལ་འགྲོ་ཡི་ཁྱེད་ལ་མིན།
དེ་མིན་དེང་གི་རྩོམ་པ་པོར་འཆེས་པ་རྣམས་ལ་དེ་ཙམ་གྱི་གནས་ཚད་གང་ཡང་མངོན་རྒྱུ་མི་འདུག སྐུ་ཞབས་ལྷ་མོ་ཡང་མིང་སྐམ་པོ་ཁྱེར་བའི་ཤོག་བུའི་སྟག་རང་རེད་མ་གཏོགས་གཞན་ཅང་མངོན་རྒྱུ་མི་འདུག
ངལ་བས་དཔྱད་ཞིབ་མཛད་པ་ཡག་བྱུང་།
རྒྱ་གར་ནང་རྒྱ་གར་མི་རིགས་རང་སྲེག་ངོ་རྒོལ་བྱེད་མཁན་ཕྱི་ལོ་༢༠༠༠ ནང་མི་གྲངས་༡༤༥༡ དང་ཕྱི་ལོ་༢༠༠༡ ནང་༡༥༨༤ ཟེར་བ་དངོས་གནས་བདེན་ལ་ཡིན་ནམ?
རྩོམ་ཡིག་འདི་དེ་སྔོན་བོད་རིག་པ་ཞིབ་འཇུག་དེས་དེབ་༼རྒྱུས་ཡོད་ཀྱི་རྒྱུས་གཏམ་སྨྲ་བ༽ ཞེས་པར་ཁོད་ཡོད་ལ། ངས་བལྟས་ན་རྩོམ་ཡིག་འདི་ཚིག་ཉུང་ཞིང་དོན་འདུས་པའི་ཁྱད་ཆོས་འདུག
བཀའ་དྲིན་ཆེ།
དུས་དེབ་ཏུ་བཅོས།
སྐུ་ཆུང་ཚེ་རིང་དབུ་མའི་ལམ་ལ་བསྟོད།
ཁང་གསར་རྡོ་རྗེས་ཟམ་གདོང་བླ་མར་བསྟོད།
གཡས་བསྟོད་གཡོན་བསྟོད་གཉིས་ཀྱི་སོ་ཁ་ནས།
གཉིས་ཕན་དབུ་མའི་ཟས་ཤིག་རག་བར་ཤོག
དགུ་བཅུ་གསུམ་ཚོགས་དབུ་མའི་ལམ་དུ་བསྐྱོད།
གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཟོས།
གངས་རིའི་རང་བཙན་བཙོན་དུ་ལྷུང་སྐབས་སུ།
སྐབས་འཚོལ་བ་ལ་གོ་གནས་འཐོབ་པར་ཤོག
༼སྤྱིར་བཏང་འཛམ་གླིང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཉུང་ཉུང་མ་རེད། དཔེར་ན། བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་ནང་དུ། འདས་པའི་ལོ་༡༥ རིང་ལོ་ལྟར་རང་ལུས་མེར་བསྲེགས་ཏེ་རང་ཤི་རྒྱག་མཁན་ཆིག་ཁྲི་བརྒལ་བ་ཡོང་གི་ཡོད་པ་དེས། རང་ཤི་རྒྱག་མཁན་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༡༡ ཟིན་གྱི་ཡོད། [1] རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་པར་མཚོན་ནའང་། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་ནང་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༤༥༡ དང་། ཕྱི་ལོ་ ༢༠༠༡ ལོར་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༥༨༤ བྱུང་ཡོད་པ་ [2]དང་། ཏུ་ནི་ཤི་ཡའི་ནང་གསར་བརྗེ་བྱུང་ཚར་བའི་རྗེས་སུ་མི་ ༡༠༧ གྱིས་ལྐོག་ཟ་རུལ་སུངས་དང་ལས་མེད་ཀྱི་གནས་སྟངས་ལས་གྲོལ་ཆེད་རང་སྲེག་ངོ་རྒོལ་བྱས་པར་གྲགས་པ་ [3]ལྟ་བུ་ཡིན།༽ སྐད་ཆ་འདི་དག་ཁུངས་སྐྱེལ་ཡོད་ན་ཡག་པོ་འདུག མ་གཏོགས་ཡིད་ཆེས་བྱེད་དཀའ་མོ་རེད། དུས་རྒྱུན་དུ་CNN BBC སོགས་སུ་བལྟ་ཉན་བྱས་ཀྱི་ཡོད་ཀྱང་གོ་མྱངས་མེད།
༢་་་(3.བོད་ནང་གི་རང་སྲེག་ཞི་རྒོལ་བའི་དགོས་འདུན་ནང་། དབུས་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་ལམ་དེའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ པའི་མཚོན་ཚུལ་རྩ་བ་ནས་མེད་པས། བོད་ནང་གི་རང་སྲེག་ཞི་རྒོལ་རྒྱུ་མཚན་དུ་དྲངས་ཏེ། དབུས་བོད་མིའི་སྒྲིག་འཛུགས་སམ་དེའི་སྲིད་བྱུས་ལ་ཁ་རྡུང་གཏོང་བ་དང་། ཐ་ན། བོད་ནང་གི་རང་སྲེག་ཞི་རྒོལ་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁ་གཏད་ཡིན་པ་ལྟ་བུའི་བཤད་སྟངས་དེ་ཚོར་རྒྱུ་མཚན་ཚད་ལྡན་མེད་པ་བོད་མི་ ཚོས་ངོས་འཛིན་གསལ་པོ་གནང་དགོས།)
གོང་གི་སྐད་ཆ་དེ་ལ་བལྟ་དུས་ང་ཧང་སངས་བྱུང་། དྲང་བདེན་ཟེར་བ་དང་རྒྱུ་འབྲས་ཟེར་བའི་སྐད་ཆ་ཞིག་མི་འདུག་དྲན་བྱུང་། ཤི་བོའི་རྣམ་ཤེས་ལ་རུང་གི་མ་རེད་བསམས་ཀྱི་འདུག་གོ
ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ། ད་དུང་དེ་འདྲ༌བ་མང་ཙམ་འབྲི་རོགས་གནང་།་ རྫ་ཚེ་རིང་བཀྲིས་ཀྱིས་བོད་ནང་སྐྱེས་ཆེན་དམ་པ་ཡོད་རེད་ཟེར། བོད་མི་ཚང་མས་བཀུར་འོས་པ་ཚང་མར་དགོངས་བཞེས་གནང་མཁན་གྱིས་སྐྱེས་ཆེན་དམ་པ་སུ་ཡོད་རེད། འདིར་མཚན་ཁ་ཤས་གསུངས་གནང་དང་། ཡག་པོ་ཡོང་ས་རེད། ཞིང་དུ་ཕེབས་ཟིན་པ་འདིར་ལུང་འདྲེན་མ་བྱེད། དེ་འདྲ་གསུངས་ན་བཙན་བྱོལ་དུ་ཕེབས་པའི་བླ་ཆེན་ཚང་མ་དེ་སྔ༌བོད་ལ་ཡོད་རེད་པ།་་ཧ་ཧ་ཧ་དགོངས་པ་མ་འཚོམས་་་་
ཅོ་རི་ཉི་མས་ག་རེ་བཤད་ཀྱི་ཡོད་པ་ངས་དཀོན་མཆོག་གསུམ་ཧ་གོ་མ་སོང་། ཧཧཧ
སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་ཧ་ཅང་ཡག་པོ་གསུངས་འདུག རྗེས་སུ་ཡི་རང་ཡོད།
ང་རང་ལ་དྲི་བ་ཆུང་ཆུང་ཞིག་་ཡོད་པས་ཕྱགས་རོགས་གང་མྱུར་ཡོད་པ་བརྩོལ་།།
རང་ལུས་མེར་སྲེགས་ཀྱི་གངས་འབོར་ངེས་ཅན་།།
བསྲེགས་
རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་ངེས་ཅན་།།་་་་་་་་་དགོངས་དག་།