གནས་ཚུལ་མཁོ་གཏོང་བ་། ཚངས་དབྱངས་རྒྱ་མཚོ།
༼ཁ་ཆེམས་ཡི་གེ་བོད་ནས་ཡི་གེར་ཕབ་དེ་ཐད་གར་ང་ཚོར་བཏང་བ་འདི་རེད།༽
རང་ལུས་མེར་བསྲེགས་དོན་གཞིས་བྱེད་མཉམ་འཛོམས་ཡོང་ཆེད་ཡིན་ཟེར།
ཁ་སང་སྟེ་ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ ཡས་མས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་ལགས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་ནས་སྐུ་གཤེགས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ས་གནས་ནས་འགྲེལ་བརྗོད་བྱེད་དོན་ལྟར་ན། ཁ་སང་དགོང་མོའི་དུས་ཚོད་བཅུ་བ་ཡས་མས་སུ་རྒྱལ་གཅེས་དཔའ་བོ་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་ལགས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་ནས་མཚན་མོའི་བོད་ནང་གི་དུས་ཚོད་ ༡༡ ཡས་མས་སུ་སྐུ་གཤེགས་ཡོད་པ་དང་། ཁོང་སྐུ་མ་གཤེགས་པའི་ཡར་སྔོན་དག་དག་ལ་ཁོང་གིས་ “ངས་དེ་རིང་རང་ལུས་མེར་བསྲེགས་བཏང་དོན་ནི་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་ཡིན། ཁྱེད་ཅག་གིས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ། དེ་བཞིན་དུ་ཡུལ་སྲོལ་གོམ་གཤིས་སོགས་ལ་བདག་པོ་ཡག་པོ་རེ་རྒྱབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱས་ན་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་ཐུབ་གི་རེད།” ཞེས་སོགས་གསུང་ཡོད་འདུག
ཁོང་སྐུ་གྲོངས་བའི་རྗེས་སུ་མཚན་གྱི་དུས་ཚོད་ ༡༢ ཙམ་ལ་སྐུ་ཕུང་རང་དགོན་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་འདུག་ལ། ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་དང་། དེ་བཞིན་དུ་པད་ཡག་དགོན་པ་དང་། སྒོ་མང་དགོན་པ་བཅས་ཀྱི་གྲྭ་བ་བཅས་ཁྱོན་གྲྭ་བ་རྒྱ་ཕྲག་གཉིས་ལྷག་ཇོ་ནང་ཨ་སྐྱོང་དགོན་དུ་འཛོམས་ནས་ཕོ་ལུང་དང་བསྔོ་སྨོན་གསུང་བ་དང་། དེ་རིང་ཡང་གྲྭ་བ་བརྒྱ་ཕྲག་ལྷག་ཅིག་གིས་མུ་མཐུད་དུ་ཇོ་ནང་ཨ་སྐྱོང་དགོན་པར་མཆོད་འབུལ་གསུང་དང་གསུང་བཞིན་པ་རེད་འདུག
ཁ་སང་ཁོང་གིས་རང་ལུས་མེར་བསྲེགས་གནང་བཞིན་པའི་སྐབས་སུ་ས་གནས་རང་ནས་མཐོང་མཁན་མི་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཁོང་གིས་པདྨ་རྫོང་གི་དཀྱིལ་དུ་ཨར་འདམས་གྱིས་བཟོས་པའི་མེ་ཏོག་པདྨ་འདབས་བརྒྱད་ཆེན་པོ་ཞིག་ཡོད་དེའི་ཡར་ནང་ནས་རང་ལུས་མེར་བསྲེགས་བཏང་ཏེ་རྫོང་སྲིད་གཞུང་གི་ཕྱོགས་སུ་གོམ་པ་བཅུ་ཙམ་རྒྱུག་ཡོད་པ་དང་། སྐབས་དེར་ཁོང་གིས་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།” ཞེས་ཐེངས་བཅུ་ཕྲག་ལྷག་ལ་འབོད་ཀྱིན་ཡོད་པ་གསལ་བོ་གོ་སོང་ཟེར། དེ་རིང་མགོ་ལོག་པདྨ་རྫོང་ཐོག་ཏུ་དམག་མི་འགྲེམ་འཇོག་གིས་རྫོང་གི་ཟམ་ཆེན་དང་། སྒོ་ཆེན་སོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། ཨ་སྐྱོང་དགོན་པ་སོགས་སུ་ད་སྐབས་ད་དུང་དམ་དྲག་བྱས་མི་འདུག་ཟེར།
དེ་རིང་ནས་བཟུང་དེ་ལྟར་མི་ཡོང་བའི་རེ་བ་ཆེན་པོ་ཡོད།ངས་ལ་རྒྱ་དང་ཤ་ཞེན་མེད་པ་མ་ཡིན།དེ་གང་ཞེ་ན་ད་ནས་གྲངས་འབོར་མང་སྐྱོན་ལས་ཉུང་སྐྱོན་མི་ཡོང་སྙམ།
གཞིས་བྱེས་མཉམ་འཛོམས་ཡོང་བར་སྲོག་གི་མཆོད་པ་ཕུལ།།
སྐད་ཡིག་བདག་པོ་རྒྱག་པར་ལུས་ཀྱི་སྦྱིན་བསྲེག་བསླངས།།
འཇིགས་མེད་ཞལ་ཆེམས་དྲོན་མོ་འཛམ་པའི་གླིང་ལ་བསྒྲགས།།
དཔའ་བོར་གུས་ཤིང་སྐྱོ་བའི་སེམས་འདི་རླུང་ལ་ཞོན།།
༧ མགོན་པོ་གང་གི་བཀའ་གསུང་ལས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོང་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོས་ཐུགས་རྗེས་སྐྱོང་བར་ཤོག །
གཞིད་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད།།
གཅེས་པའི་ལུས་སྲོག་ཡོངས་སུ་བཏང་བ་དེ།།
སྔོན་དུས་རྒྱལ་སྲས་སྙིང་སྟོབས་ཆེན་པོ་ཡིས།།
སྟག་མོར་ལུས་སྦྱིན་གནང་བའི་དཔེ་རུ་འོས།།
ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ།།
བདག་གིས་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
ཁ་བའི་དོན་དུ་འཆི་བའི་སེམས་དཔའ་དག།
དག་པའི་ཞིང་ཁམས་གང་དུ་སྐྱེ་བར་ཤོག།
སྐུ་རིན་ཆེན་མེ་ལ་མཆོད། གསུང་རིན་ཆེན་གླིང་ལ་མཆེད། ཐུགས་རིན་ཆེན་མཁའ་ལ་ཡལ།
རེ་སྨོན་ཇི་བཞིན་འགྲུབ་པར་སྨོན། སྒྲུབ་པར་བརྩོན།
རང་དབང་གི་ལུང་པ་ན་བོད་ཅེས་པའི་མིང་འདི་ལ་བརྟེན་ནས་རང་ཉིད་ཕྱུག་པོ་བཟོས། ལྟོ་གོས་སྣུམ་པོར་ལོངས་སུ་སྤྱོད་མཁན་གྱི་བོད་མི་ཇེ་མང་དུ་འགྱུར་བཞིན་ཡོད་པ་རེད་ལ། ཡང་། བོད་ཅེས་པའི་མིང་འདིའི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གིས་སྐུ་སྲོག་ཞུགས་མེར་འབུལ་མཁན་ཀྱང་ཇེ་མང་དུ་འགྱུར་བཞིན་ཡོད་པས། ངོ་མ་རྒྱུ་འབྲས་ཤིག་མི་འདུག མངོན་པ་མཛོད་ལས་བྱུང་བའི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་པའི་ཚིག་རྐང་འདི་གོང་གི་འདི་འདྲ་ལ་གསུངས་པ་རེད་དམ།