ཨེ་མ་ཧོ།
༧སྐྱབས་རྗེ་དམ་པ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལ་རྟེན་འབྲེལ་འཚམས་རྟགས་སུ་ཕུལ་བ་ཕ་ལམ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ།།
ཀ་དག་སྤྲོས་བྲལ་བདེན་པའི་དེ་ཉིད་གཟིགས། །
ཁ་བའི་བཅུ་ཕྲག་རིག་གཞུང་གནས་ལ་མཁས། །
ག་དུས་ཡིན་ཡང་སྤྱི་ཕན་རྒྱལ་བསྟན་སྤེལ། །
ང་ཅག་འདྲེན་པའི་སྐྱབས་གནས་སློབ་དཔོན་རྒྱལ། །
ཅ་ཅོའི་དོན་མེད་གཏམ་གླེང་ཤིན་ཏུ་དབེན། །
ཆ་ལུགས་སྣ་ཚོགས་གཟུགས་ཅན་འགྲོ་དོན་སྐྱོང་། །
ཇ་ཙམ་འཚོ་བའི་ཆོག་ཤེས་གནས་བརྟན་རྗེ། །
ཉ་གང་ཟླ་བཞིན་དྲི་མེད་རྒྱལ་བའི་སྲས། །
ཏ་ཐཱ་ག་ཏའི་གསང་སྙིང་དགོངས་པའི་ཐུགས། །
ཐ་དག་འགྲོ་བའི་མོས་བློ་འཚམས་པའི་གསུང་། །
ད་ལྟའི་གདུལ་བྱར་མཐུན་པའི་དོན་མཛད་སྐུ། །
ན་མོ་དད་གུས་རྟེན་འབྲེལ་ཁྱེད་ལ་དབང་། །
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་ཅན། །
ཕ་མ་གཉིས་མེད་རྒྱུད་སྡེའི་གནད་གསང་འགྲེལ། །
བ་དན་བསྟན་པའི་རྒྱལ་མཚན་བསྒྲེང་བ་པོ། །
མ་ལུས་འགྲོ་བའི་དཔལ་མགོན་ཁྱེད་མིན་སུ། །
ཙ་ཀ་ལི་ཡིས་བརྡ་དོན་རྟགས་བསྟན་ཅིང་། །
ཚ་གྲང་འགྲོ་དྲུག་སྡུག་བསྔལ་བསལ་བའི་མགོན། །
ཛ་ཡའི་བསྟན་བདག་སློབ་དཔོན་རིན་པོ་ཆེ། །
ཝ་ལེར་བསམ་ན་བདག་ཅག་སྐལ་བ་བཟང་། །
ཞྭ་དམར་རབ་བྱུང་སྤྱོད་པའི་རྒྱུད་པ་འཛིན། །
ཟ་ཧོར་མཁན་སློབ་ལྟ་བའི་ལུགས་སྲོལ་སྐྱོང་། །
འ་ཅག་གོས་དཀར་གསང་སྔགས་བསྟན་པ་སྤེལ། །
ཡ་ན་རིམ་དགུའི་སློབ་དཔོན་གཙུག་ན་རྒྱལ། །
ར་བ་གངས་དཀར་འཛམ་གླིང་ས་ཡིས་བརྒྱན། །
ལ་རྒྱའི་བསྟན་སྲིད་འཁོར་འདས་ཆོས་ཀྱི་བཅུད། །
ཤ་ཚ་སྙིང་བརྩེས་བོད་ཁམས་འདྲེན་མཁས་པའི། །
ས་སྟེང་སྐྱེ་དགུའི་དེད་དཔོན་རྒྱལ་གྱུར་ཅིག །
ཧ་ཅང་མཁས་བཙུན་བཟང་པོའི་སེམས་དཔའ་ཆེ། །
ཨ་ཏིའི་ཟབ་རྒྱས་བཀའ་གཏེར་གདམས་པའི་དཔལ། །
འཆད་རྩོམ་སྒོམ་པའི་མཚན་ལྡན་བླ་མ་ཉིད། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་པ་འདི་ནི་རབ་རྒྱན་ཆུ་སྦྲུལ་སྨིན་ཟླའི་ཡར་ངོའི་ཚེས་བཅུ་ལ་ཡོ་རོབ་ནམ་མཁའ་རྫོང་དུ་༧སྐྱབས་རྗེ་འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་བརྟེན་བཞུགས་མཆོད་འབུལ་ཚོགས་འཁོར་འཚོགས་སྒྲུབ་གནང་བ་དང་།དཔལ་གསང་བ་སྙིང་པོའི་བཀའ་ལུང་ཁྲིད་བཏབས་པ་ལ་དབྱིན་རྒྱ་ཡོ་རོབ་པའི་འབུམ་རམས་པ་དུ་མ་དང་།ནུབ་ཕྱོགས་པ་ཚོ་ཧ་ལས་ནས་དད་གུས་ཚད་མེད་སྐྱེས་ནས་དམ་ཆོས་ཀྱི་སྙིང་པོའི་ཉམས་ལེན ་དགོས་པའི་དམ་བཅའ་དང་བརྩོན་འགྲུས་བྱུང་རབས་སོགས་དྲ་རྒྱ་དང་ངོ་དེབ་སོགས་སུ་ཁྱབ་བསྒྲགས་བྱས་པར་མཐོང་བས་དགའ་བའི་ཡི་རང་བཅས་ཤྲྰིཿ་སྨྱོན་ཨེ་མ་ཧོས་གང་དྲན་དུ་ཨེ་ཝཾ་སྨན་ཁང་ནས་གསོལ་བ་འདེབས་པར་དགེའོ། །
བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྐྱབས་རྗེ་དང་། མཁས་དབང་། རྩོམ་པ་པོ་སོགས་སྐྱག་པ་ལས་མང་བ་འདི་ཡག་རྟགས་ཞིག་རེད་དམ། ཡང་ན་ཚང་མ་རིན་ཐང་མེད་པ་བཟོ་བའི་ཐན་ལྟས་ཞིག་ཡིན།
སྣ་ཚོགས་གཟུགས་ཀྱི་ལྟད་མོ་ཆེ།།
དབྱིན་རྒྱའི་འབུམ་རམས་དུ་མ་ཡིས།།
མཐོང་བས་ཧ་ལས་ཧང་སང་ནས།།
སོ་དང་སྒལ་ཚིགས་ས་ལ་ཐོར།།
སྣ་ཚོགས་གཟུགས་ནི་སྣ་ཚོགས་གཟུགས་ཅན་ཞིག་ཡིན་པ་འདྲ། འདི་འདྲའི་རིགས་ལ་ཉོབ་སྣང་འདྲ་ཞིག་སྐྱེས་ཡོང་གི
ཡག་པོ་རེད་བཞག ཡི་རང་དང་བསྔགས་སུ་མཐོང་།
མི་ལ་ངོ་ཚ་ཡ་མེད་ན་ཅི་བྱེད་ཀི་ཆོག་ཟེར་བ་དེ་ཅི་མ་བདེན། ཨ་ཁ་ཁ་་་་་་་་་
ཆོས་ཁྲིམས་བཙན་པོའི་གྲལ་དུ་མ་ཞུགས་ཤིང་།།
གཞུང་ཞབས་སྐུབ་སྟེགས་ཁྲི་ལ་མ་ཕེབས་པར།།
མཉམ་ཆུང་ཚུན་མཐུན་གོས་དཀར་ལྕང་ལོའི་སྡེར།།
མཛའ་བའི་སློབ་དཔོན་མཚན་ཅན་རྒྱལ་གྱུར་ཅིག།
ཤ་ཆང་བུད་མེད་གསུམ་དང་འགྲོགས་པ་ཡི།
སྔགས་པ་སྔགས་མ་འདི་ཚོ་རྒྱལ་གྱུར་ཅིག
སློབ་དཔོན་སྣ་ཚོགས་གཟུགས་ཅན་ནི་འགྲན་ཟླ་བྲལ་བའི་སྔགས་འཆང་མཁས་པའི་དབང་བོ་ཞིག་རེད།།
མ་ཧཱ་པཎྜི་ཏ་སློབ་དཔོན་སྣ་ཚོགས་གཟུགས་ཅན་འདི་ནི་མིང་དོན་མཚུངས་པའི་མཁས་པ་པོ་ཏི་བཅུ་ཕྲག་དུ་མ་བརྩམས་ཕྱིན་པའི་རྩོམ་པ་པོ་ཡང་རེད། དྲང་བདེན་ཚུལ་བཞིན་མཛད་པའི་ཡ་རབ་ཀྱང་སྨོས་མ་གོས་པར་རེད། རིན་པོ་ཆེར་བསྟོད་པ་དང་སྨོན་ལམ་གསོལ་འདེབས་ནི་ཁོ་རང་གི་དད་ལྡན་སློབ་མ་ཚོས་བསྟོད་བསྔགས་ལ་སོ་སོའི་མོས་པ་རེད་ཡ། གཞན་ཡང་དྲ་མིང་རྫུན་མ་ཁྲོ་ཐུང་ལྟ་བུ་ངོ་གཉིས་མ་ཚོས་སྔགས་པ་སྤྱི་དང་ཆོས་ལ་ཟུར་ཟ་བ་ཡང་སོ་སོའི་སྒེར་སྐྱོན་ལས་གཞན་མ་མཐོང་། རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་གསུངས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ། སོགས་གསལ་བསྒྲགས་དག་ལས་གསལ་བོ་འདུག མདོར་ན་བསྟན་འགྲོའི་སྒྲུབ་པའི་མཚན་ཉིད་ལྡན་པའི་བླ་སྤྲུལ་འདི་རིགས་དབུ་མཐོ་ན་རྒྱལ་བའི་བསྟན་པའི་རྒྱན་ཆ་ཞིག་ཏུ་སྨོས་མ་དགོས་སོ། །
མ་ཧཱ་པཎྜི་ཏ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལ་སྨོན་ལམ།
ཨོཾ་སྭ་སྟི། །
འཇིགས་མེད་བློ་གྲོས་ཡེ་ཤེས་ཆུ་གཏེར་ལས། །
ལེགས་འཁྲུངས་དམ་ཆོས་ཟབ་རྒྱས་བདུད་རྩིའི་གཏེར། །
བསྟན་འགྲོར་ཕན་བདེའི་ཀུ་མུད་བཞད་མཁས་མཆོག །
ཐུབ་བསྟན་རྒྱལ་མཚན་འཛིན་པ་རྟག་བརྟན་སྨོན། །
རྫོགས་ཆེན་པ་པདྨས་སོ། །
སྔགས་པ་གསར་བའི་འགྲོ་འདུག་གཏམ་གསུམ་འདི།
དུས་རབས་འདི་ལ་སྤྱོད་དང་མཐུན་པ་ཡིན།
མགོ་བོ་སྐྲ་སེར་ཅན་ལ་ཏག་ཏག་ཡིན།
ཁ་ཙམ་བདེ་ན་དོན་འབྲས་སྨིན་པ་ལ།།
མཛད་འཕྲིན་རྒྱས་བ་བདག་གིས་ཚོད་དཔག་ཡོད།
སངས་རྒྱས་ཆོས་ལ་ཆགས་པའི་ལམ་ཁ་ཅན།
གསང་བའི་སྔགས་ལ་ཕ་རོལ་བཅོམ་པའི་སྟོབས།།
ཉལ་སྐྱིད་ཟ་སྐྱིད་གཉིས་ཡང་རྒྱག་ཐུབ་པའི།།
འགྲོ་ལུགས་དུས་དང་མཐུན་པའི་སྤྱི་བླ་ཞིག།
ནུབ་ཕྱོགས་ཡུལ་ལ་བྱོན་པར་ངོ་མཚར་ཆེ།།
ཧ་ཧ་ཧ།
བོད་མོ་ཞིག་དང་གཟའ་འཐོར་བྱས།
འབྲུག་མོའི་ཞབས་ལ་མགོ་བོ་དུད།
སྣ་ཚོགས་གཟུགས་ཀྱི་གཡོ་འཕྲུལ་ལས།
ཁོ་བོར་དགུང་སྔོན་དབྱིངས་སུ་སྤུར།
རང་གི་རང་ལ་སྔ་འགྱུར་བསྟན་པའི་མཁན་ཆེན་མིང་གསོལ་བའི་དམ་ཉམས་ཕུང་དཀྲུགས་དཔལ་དགྱེས་ཁྱོད་རང་ཚོད་བཟུང་ན་དགའ་ལ། སྔ་འགྱུར་བསྟན་པའི་མཚན་མིང་ནག་པོ་བཟོད་ནས་ཐ་ཤལ་དྲེད་པོ་རང་འདྲ་བར་ངེད་སྔ་འགྱུར་བའི་བསྟན་ལ་ནམ་ཡང་མི་འཁོ་བའི་ཡིད་ལ་གཏད་དགོས། གོང་ས་མཆོག་གི་བཀའ་ལྟར་ཆོས་ལུགས་ཕན་ཚུན་བར་ལ་གུས་བརྩི་དང་མཛའ་འབྲེལ་སོགས་ཡར་རྒྱར་ཕུན་སུམ་ཚོགས་བཞིན་པའི་ནང་ལྟས་ངན་ཁྱོད་ཀྱིས་ཆོས་རྒྱུད་གཞན་གྱི་མིང་བྱང་བེད་སྤྱད་ནས་དུས་ཀུན་དཀྲུགས་ཤིང་བྱེད་བཞིན་པར་སྔ་འགྱུར་བསྟན་པའི་ཞབས་འདྲེན་ལས་ཞབས་ཞུ་ཞིག་མ་མཐོང་། ངེས་པར་དུ་ངག་འཆལ་གྱི་གཏམ་དང་ཆོས་བརྒྱུད་གཞན་ལ་མ་འབེབས་དང་ཁྱད་གསོད་སོགས་བྱེད་རྒྱུ་མཚམས་བཞག་ན་ལེགས།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། ལོག་ལྟ་ཅན་རྣམས་ཡང་དག་མིག་ཐོབ་ཤོག། ཕྱོགས་འཛིན་ཅན་རྣམས་མཉམ་ཉིད་དོན་རྟོགས་ཤོག། བསྟན་འཛིན་དམད་རྣམས་སྙིང་རྗེས་འདྲེན་པར་ཤོག། སློབ་དཔོན་ཚེ་རིང་མཛད་ཕྲིན་གོང་འཕེལ་ཤོག། དམ་པའི་ཆོས་དང་སེམས་ཉིད་འདྲེས་པར་ཤོག།