བཀྲ་ཤིས་དོན་འགྲུབ།
(གསལ་བཤད)དེ་རིང་དེབ་ཉོག་ཅིག་བསྔོགས་པས་སྙན་ངག་རྙིང་པ་ཞིག་རྙེད་དེ་དགའ་དྲགས་ནས་དྲྭ་གྲོགས་ཚོའི་སྤྱན་ལམ་དུ་འབུལ་ཤོར་སོང་།
ཁུ་སིམ་པའི་མཚན་མོ་འདི་ཁོ་ན
བདག་ལ་དབང་བའི་སྒྱུ་རྩལ་གྱི་ཞིང་ཁམས་དེ་ཡིན
ཐ་སྙད་ཀྱིས་དབེན་པའི་རྟོག་འཆར་དང་བརྩེ་འདང་འདི་དག
ཨར་འདམ་གྱིས་བརྩིགས་པའི་གྱང་ལེབ་འདི་ཚོས་བསྲུངས་མ་ཐུབ་ལ
འདས་དོན་ཡོད་ཚད་ཤུགས་གླུ་ཐར་ཐོར་ཞིག་ཏུ་འགྱུར་སོང་བས
ད་ལྟ་འཇིག་རྟེན་གྱི་མཛེས་སྡུག་མཐའ་དག་ང་ཁོ་ནར་དབང་ཡོད།
ང་རང་མཚན་མོ་འདིའི་ཀློང་དུ་ཐིམ་སོང་བས་ཡིན་ནམ
གང་ལྟར་ངས་ཉེ་འཁོར་གྱི་ཡོད་ཚད་བརྗེད་ཟིན
སྒེའུ་ཁུང་ནས་འཛུལ་འོང་བའི་རླུང་བུ་འཇམ་པོ་དེས
བརྩེ་དུང་གི་ཞིང་ཁམས་ཤིག་ཏུ་བསྐྱལ་བ་ཡིན་སྲིད་དེ
བརྗོད་མི་ཤེས་པའི་ཚོར་ཤུགས་འདི་དག
ཁུ་སིམ་མེར་ལྷོག་ལྷོག་ཏུ་འདུ་དུས
བག་ཆགས་ཀྱི་གཏིང་རིམ་ནས་མིག་ཆུ་སྦྲུམ་ཡོང་ནའང
དགའ་སྐྱོ་གང་ཞིག་ཏུའང་འགྲེལ་རྒྱག་ཁོམ་མ་བྱུང
མཚན་མོ་འདིས་རང་བྱུང་ཁམས་ཀྱི་ཆེས་མཐར་ཐུག་གི་གསང་བ་ཡིན་ཆོག་པའི
བརྩེ་དུང་གི་ཆེས་ལྷད་མེད་ཀྱི་ལོངས་སྤྱོད་ཡིན་ཆོག་པའི
སྐད་ཆས་མཚོན་མི་ཐུབ་པའི་ལྷིང་འཇགས་ཀྱི་བསླུ་བྲིད་དེ་བསྩལ་འོང་བས
ངས་ཉི་འོད་ཀྱི་གོ་དོན་མི་ཤེས་ལ
དཀར་ངོགས་ཀྱི་འཇིག་རྟེན་གཏན་ནས་བོར་སོང་བ་འདྲ
ཡུལ་གྲུ་འདི་ན ད་ལྟ་སྲོག་ལྡན་གཞན་ཞིག་འགུལ་བཞིན་ཡོད་དམ
ཡང་ན ཡོད་ཚད་བདག་ལ་དབང་བ་ཡིན
༢༠༡༡/༥/༢ མཚན་གུང་ལ་བྲིས།
ཤ་ཉེ། མ་གོ་ཐལ། འགྲེལ་ཞིག་རྒྱོབ་དང་། དྲིན་ཆེན་པོ།
ཨར་འདམ་གྱིས་བརྩིགས་པའི་གྱང་ཞིག། རིག་ལ་མ་མྱོང་ལ། གོ་ལ་ད་ཐུག་བར་དུ་མ་མྱོང་། ཨར་འདམ་ལ་རྩིག་རྒྱུ་ཞིག་ཡོད་ན་འདི་ཡ་མཚན་རེད།