ཐེ་བོ་སངས་རྒྱས།
རང་དབང་བཞི་(Four Freedoms.འགྲོ་བ་མིའི་གཞི་རྩའི་རང་བཞི་ཡང་ཟེར།)ཞེས་པའི་སྣུམ་ཚོན་རི་མོ་གྲགས་ཅན་ཧ་ཅང་གསོན་ཉམས་དོད་ཅིང་མཚོན་དོན་ལ་གཞོལ་ཚབས་ཆེ་བ་འདི་ནི། 1943 ལོར་ཨ་རི་བ་སྐུ་ཞབས་ནོར་མཱན་རོག་ཁི་ཝེལ་Norman Rockwell,གྱིས་བྲིས་པ་ཞིག་ཡིན་ལ། དེ་ཆ་ཚང་དེང་སང་ཨ་རིའི་སི་ཋོག་བྷིར་ཌུ་རྗི་ Stockbridge,ས་གནས་ཀྱི་ནོར་མཱན་རོག་ཁི་ཝེལ་གྱི་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། བྲིས་ཐང་དེ་བཞི་གའི་ཆ་ཚད་ཧ་ལམ་དོ་མཉམ་ཞིང་སྲིད་ལ་ཨིན་ཆི་45.75རེ་དང་། ཞེང་ལ་ཨིན་ཆི་ 35.5 རེ་ཡོད། 1943 ལོར་དེ་དག་གཟའ་སྤེན་པའི་ཕྱི་དྲོའི་འགྲེམ་ཤོག་ The Saturday Evening Post,ནང་བསྟུད་མར་དུས་ཡུན་བདུན་ཕྲག་བཞིའི་རིང་ཉིན་རེའི་བསམ་བློའི་སློབ་སྟོན་དུ་གདེང་འཇོག་གིས་བཀོད་ཚེ་མི་རྣམས་དོ་སྣང་ཆེན་པོ་བྱས་པར་བརྟེན། གཟའ་སྤེན་པའི་ཕྱི་དྲོའི་འགྲེམ་ཤོག་དོ་བདག་དང་ཨ་རིའི་གཅེས་ནོར་དོ་དམ་སྡེ་ཚན་ United States Department of the Treasury,གཉིས་ཀྱིས་སྦྱིན་བདག་གིས་དེ་ཚོའི་ཆེད་འགྲེམ་སྟོན་བྱེད་སྒོ་ཞིག་སྤེལ།
སྐབས་དེར་ལྟད་མོ་བ་འཚང་ཁ་ཤིགས་ཤིགས་བྱུང་བས་དེ་དག་ལ་གཙིགས་ཆེ་བའི་མཚོན་རྟགས་ཁོད། བཤམས་སྟོན་གྲུབ་རྗེས་བཟོ་ཚོང་མཉམ་འབྲེལ་བས་ཚོང་སྒྱུར་སྐུལ་འདེད་ཁྲོད་ཨ་སྒོར་བྱེ་བ་བཅུ་གསུམ་དང་ས་ཡ་གཉིས་བྱས་ནས་དམག་འཁྲུག་གན་རྒྱའི་བུན་འཇོག་ཏུ་བཙོང་། རང་དབང་བཞིའི་རི་མོའི་བརྗོད་དོན་ནི་ཨ་རིའི་མནའ་འབྲེལ་ཞུ་འབོད་ཁྲོད་ State of the Union Address. ཨ་རིའི་སྲིད་འཛིན་ཧྥི་རན་ཁི་ལིན་རོོ་སེ་ཝེལ་ཋི་ Franklin Roosevelt,ཡིས་རྩ་བའི་རང་དབང་གི་སྡོམ་ཚིག་བཀོད་པ་དང་། དེ་ཕྱི་ལོ་1941ལོའི་ཟླ་བ་དང་པོའི་ནང་ཐེངས་དོན་བདུན་པའི་ཨ་རིའི་གྲོས་ཚོགས་སུ་བསྐྱལ་བ་ལ་ཁུངས་གཏུགས་པ་ཞིག་རེད། སྐབས་དེར་སྲིད་འཛིན་གྱི་གཏམ་བཤད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ངོས་འཛིན་གནང་བ་སྟེ། སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། བསམ་བློའི་རང་དབང་། འཇིགས་བྲལ་རང་དབང་བཅས་ཡིན།
ལར་ནས་དེ་དག་ནི་འཇིག་རྟེན་སྤྱི་ཡོངས་ཀྱིས་སྲུང་སྐྱོབ་དོ་ཁུར་བྱ་དགོས་ངེས་ཀྱང་ཆགས་ཡོད། ཡང་གཅིག་བཤད་ན་དེའི་གླེང་གཞི་ནི་འཛམ་གླིང་དམག་འཁྲུག་གཉིས་པའི་རྩོད་གཞི་ཨེཊ་ལཱན་ཊིག་རྒྱ་མཚོའི་ Atlantic, འདབས་འབྲེལ་དབང་ཚད་ནང་མཉམ་སྡེབས་བྱས། དེ་འདྲའི་གནས་བབས་འོག་དཔེ་རིས་དེ་དག་གི་བདག་དབང་མཉམ་འབྲེལ་རྒྱལ་ཚོགས་ལའང་ཡོད་པར་གྱུར། རོག་ཁི་ཝེལ་གྱི་ཞུ་འཕྲིན་དཔེ་རིས་དེ་མིག་དཔེར་བཞག་པ་དེས་འབྱུང་འགྱུར་ཁྲོད་མིའི་རིགས་ཀྱི་ཐོབ་ཐང་ཁག་ཉེན་སྲུང་བྱ་དགོས་པའི་འབོད་སྐུལ་གྱི་བླང་བྱ་བཏོན་ཅིང་། འདིས་འཛམ་གླིང་ནང་འགྲོ་བ་མིའི་གཞི་རྩའི་རང་དབང་ཁག་གི་ཁ་ཕྱོགས་བསྟན་པའམ་རྨང་བཏིང་བ་རེད་ཟེར་ཡང་ཆོག་ལ། རོག་ཁི་ཝེལ་གྱི་མི་ཚེའི་བྱུང་བ་བསྐྱར་ཞིབ་ཐད་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཡིན་པ་བཤད་མ་དགོས།
རོག་ཁི་ཝེལ་ནི་དུས་རབས་ཉི་ཤུ་བའི་དུས་དཀྱིལ་གྱི་ཚོང་དོན་གཉེར་བའི་སྒྱུ་རྩལ་བ་གྲགས་ཅན་ཞིག་ཡིན་མོད། འོན་ཀྱང་ཁོང་གི་བྱ་གཞག་རེ་ཟུང་མཐའ་མ་འཁྱོངས་པས་མང་མོས་ཀྱིས་བསྟོད་བསྔགས་འོས་འཚམས་ཤིག་ཐོབ་མེད། དེ་ཚོའི་མི་མངོན་པའི་རྒྱུ་རྐྱེན་རོག་ཁི་ཝེལ་སྒྱུ་རྩལ་ལས་རིགས་ཐད་སྐད་གྲགས་ཐོད་བརྒལ་བྱུང་སྟབས་ཕྲག་དོག་ཅན་ཚོར་ཕོག་ཐུག་སོང་བས་ཡིན་སྲིད་ཟེར། ཡ་ཡུད་ཆེ་བའི་དུས་བབས་ནང་གང་གི་མི་ཚེའི་ལོ་རྒྱུས་ཧྲིལ་པོར་ཕྱིར་མིག་ཅིག་བལྟས་ན་ལས་དོན་བཟང་ཕྱོགས་ནས་ཆ་མ་ཚང་བ་ལྟ་བུར་མཐོང་བར་བཤད། ཡིན་ནའང་ཁོས་མི་ཚེའི་ནང་སྒྱུ་རྩལ་བ་ཚད་ལྡན་ཞིག་ཏུ་ཕུགས་བསམ་བཅངས་ཤིང་རྩོད་ལེན་བྱས་འདུག
འཚོ་བའི་གནས་སྟངས་མཚོན་བྱེད་ས་གནས་རིང་ལུགས་པ་ regionalism,ཞེས་པའི་རི་མོ་སོགས་ཀྱིས་ཁོའི་སྒྱུ་རྩལ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་འདོད་མཁན་ཡོད། སྐབས་ཤིག་ལ་རི་མོ་དེ་ཚོའི་པར་སློག་རྒྱུགས་ཆེ་བའི་སྦྲག་ཁང་དང་། སློབ་གྲྭ། ཚོགས་ཁང་། མེ་འཁོར་འབབ་ཚིགས། སྤྱི་སྤྱོད་སྣ་ཚོགས་སུ་ཚ་ཚ་འུར་འུར་གྱིས་ཁྱབ་སྤེལ་བྱས་མྱོང་ཁར་ལོ་རྒྱུས་ཁྲོད་ཐང་ག་ཆེས་བྲིན་ཤོས་ཀྱི་གྲས་སུ་བསླེབས་པ་རེད། དེ་ཚོ་སྤྱིར་བཏང་བྱས་ན་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལས་བསམ་བློའི་ཁྱེར་སོའམ་རང་དབང་གི་རེ་སྨོན་གཟུགས་སུ་འཕོས་པ་ཞིག་དང་ཁོང་རྗེས་དྲན་གྱི་རྟེན་དུའང་ཆགས་ཡོད།
ཐུགས་རྗེ་ཆེ།