བཀྲ་ཤིས་དོན་འགྲུབ།
དུས་རྒྱུན་ལྟར་རྨི་ལམ་ནང་གི་སྨུག་པ་དེ་ལང་ལོང་དུ་འཐིབས་བྱུང
ཉི་མ་ད་དུང་ནུབ་ཚར་མེད
འགྲུལ་བཞུད་འགོ་ཚུགས་སོང
ཕྱི་ལོགས་ནས་མི་མང་པོ་ཞིག་གིས་ངའི་མིང་ནས་འབོད
ཕྱིར་བལྟས་མེད་པའི་འགྲུལ་བཞུད་འགོ་ཚུགས་ཟིན་ལ
འགྲུལ་ལམ་ཇེ་དོག་ཇེ་དོག་རེད་མོད
རྨི་ལམ་ལས་ད་དུང་སད་མེད
རྨི་ལམ་དང་མངོན་སུམ་གང་ཡིན་ཆ་མི་འཚལ་བའི་འགྲུལ་བཞུད་དེར
ངས་“འགལ་བ”ཞེས་པའི་མིང་ཚིག་ཅིག་རྙེད
མིང་ཚིག་དེའི་ཆེད་དུ་ངས་“འབྲེལ་བ”ཞེས་པའི་ཚིག་དེར་འགྲེལ་བཤད་ཅིག་བཙལ
མིང་ཚིག་དེ་གཉིས་མེ་དང་ཆུ་རུ་འགྱུར
དེ་གཉིས་ངོ་བོ་གཅིག་ཏུ་འགྱུར
དེ་ཡང་མེ་ལོང་གཅིག་ཏུ་འགྱུར
མེ་ལོང་དེ་ནི་ངོ་གདོང་ཞིག་རེད
ངོ་གདོང་དེ་ལས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གློག་བརྙན་ལྟར་འཆར་འོང
ངས་རྒྱ་གར་གྱི་གཞས་རྙིང་པ་ཞིག་བཀུག
ཁྱི་སྤྱང་ཚོས་དེ་ལས་ཀྱང་རྙིང་བའི་ངུ་སྐད་ཅིག་འཐེན
བར་སྐབས་ཤིག་ནས་སེམས་པ་ཟེར་བའི་དངོས་པོ་ཞིག
མིག་ཆུར་བཞུར་ཞིང་འཛུམ་མདངས་སུ་བཞད
མེ་ཏོག་དང་ཚེར་མ་གཉིས་ཀ་ཡིན་པའི་དངོས་པོ་གང་མང
ཅི་ཡང་ཡིན་ལ་ཅི་ཡང་མིན་པའི་ཚུལ་དུ་དབང་ཤེས་དྲུག་པོའི་ཡུལ་དུ་འཆར་བར་བྱེད
གཟུགས་སྒྲ་དྲི་རོ་རེག་བྱ་ཆ་ཚང་ཡིན་པའི་མཛེས་མ་དེ་ཡང
མགོ་སྐྲ་གྱེན་ལ་གཟེངས་པའི་འདྲེ་མོ་ཞིག
ཁྲག་རལ་འཛར་འཛར་གྱི་རལ་དྲི་དེ་ནི
མཉེན་ཤ་ཆགས་པའི་མེ་ཏོག་གི་འདབ་མ་ཞིག
ཁྱོད་རང་ནི་རྨི་ལམ་ཞིག་རེད
ང་ནི་མངོན་སུམ་ཡིན
ངེད་གཉིས་འགལ
འབྲེལ་བ་ནི
ཁྱོད་དང་ང་ཡི་འགྲེལ་བཤད་ཉག་གཅིག་རེད།