ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༧ ཉིན་གྱི་ཞོགས་པར། རྡི་ལིར་སྡོད་པའི་ཕ་ཡུལ་གཅིག་པ་ཞིག་གིས་ཁ་པར་ཞིག་འབྱོར་སོང་བར་ཉན་པར། “ཁྱོའི་རོགས་པ་ཀླུ་ཚང་བློ་བཟང་ཡེ་ཤེས་རྡི་ལི་གསར་པའི་སྨན་ཁང་ཞིག་ནས་འདས་གྲོངས་ཕྱིན་སྐོར་ཟེར་གྱི་འདུག”ཅེས་ལབ་སོང་། ད་ལྟ་བྱས་ན། ལོ་ངོ་དགུ་ཕྱིན་འདུག དེ་རིང་ཁོང་གི་སྙན་ངག་ཅིག་བཀླགས་པ་ཡིན། དེས་ལྷག་ཏུ་དྲན་པ་ཞིག་བྱུང་།
འདས་པོ་ཁོང་ནི་ཡོངས་གྲགས་ངོས་འཛིན་གྱི་བབ་ཀྱིས་བལྟས་ན། སྙན་ངག་པ་ཁོ་ན་ཞིག་ཏུ་ངོས་འཛིན་ཞུ་བཞིན་འདུག་ནའང་། ཁོང་ནི་སྙན་ངག་པ་ཁོ་ན་ཙམ་མིན། ཁོང་གིས་བྲིས་པའི་དཔྱད་རྩོམ་དང་ལྷུག་རྩོམ། ད་དུང་སྒྲུང་རྩོམ་བཅས་ནི་ཁྱད་ཆོས་དང་རིན་ཐང་གི་ཐད་ནས་བལྟས་པས་བཙན་བྱོལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གོ་གནས་ངེས་ཅན་བཟུང་ཡོད་པ་ཞིག་ཆགས་ཡོད། ཁོང་ནི་རྩོམ་རིག་ལ་དགའ་བ་ཙམ་མ་ཡིན་པར། དུས་རྒྱུན་དོ་སྣང་ཆེན་པོས་དཔེ་ཀློག་དང་འབྲི་རྩོམ་གྱི་རྒྱུན་བསྲིངས་མཁན་ཞིག་སྟེ། ངའི་མཐོང་སྣང་གི་བློ་བཟང་ཡེ་ཤེས་ནི། དཔེ་ཀློག་དང་རྩོམ་འབྲིའི་ཆེད་དུས་ཚོད་ཆེད་གཏོང་དང་། དེ་ཐད་དམ་དོན་གནང་མཁན་ཞིག་ཀྱང་ཡིན། རྩོམ་རབ་ལན་གཅིག་གིས་གོ་ཟེར་བ་དང་། ཤར་མར་བྲིས་ཟེར་བ་འདི་གཉིས་གནས་ལུགས་ཤིག་ཡིན་ན་ནི། ཁོང་གི་རྩོམ་རྩལ་དེ་གནས་ལུགས་འདིའི་ཐག་ཉེ་ཐག་ཉེ་ན་ཡོད་པ་ཞིག་ཡིན།
སྐབས་ཤིག་ཁོང་གིས་<<དེབ་ཐེར་ནག་པོ>>ཞེས་པ་ཞིག་རྩོམ་པའི་དབང་དུ་བཏང་ན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གི་བྱུས་ཉེས་དང་ལེ་ཤོར་རིགས་གཅིག་ཁོ་ན་ཕྱོགས་བསྡོམས་ཀྱི་རྩོམ་རིང་ཞིག་བསྟར་ཐུབ་པ་འདུག་ཅེས་ཡང་ཡང་གླེང་མྱོང་ལ། <<དེབ་ཐེར་ནག་པོ>>དང་འབྲེལ་བའི་ལོ་རྒྱུས་དོན་གནད་མང་པོ་ཞིག་གི་སྐོར་ནས་ཁོང་དང་ལྷན་ལྷན་མོལ་ཐེངས་འགར་ཞུས་མྱོང་། ལན་གཅིག་ཁོང་གིས། <<དེབ་ཐེར་ནག་པོ>>འབྲི་བའི་མཐའ་མའི་ལེའུ་དེ་ ”ས་དབང་ང་ཕོད་ཀྱིས་བཀའ་ཤག་གི་ཐུགས་སྤྲོ་དཀྲོགས་ལ་ཁད་བྱས་པ།” ཞེས་པའི་ཁ་བྱང་འོག་ནས་མཇུག་བསྡུས་པས་ལེགས་པ་འདུག་ག” ཞེས་རྩེད་མོ་དང་སྦྲགས་ནས་བཤད་སོང་བ་ད་དུང་ཡང་རྣ་ལམ་ན་གྲག་པ་ལྟར་འདུག
བཙན་བྱོལ་ནང་འདིར་གཞོན་སྐྱེས་སྙན་ངག་པ་མང་པོ་ཡོད་པའི་ནང་རང་ཉིད་ཀྱི་ཚོས་གཞི་ཅན་ཤིན་ཏུ་ནས་ཉུང་ངུ་དེ་གྲས་ཀྱི་གཅིག་ནི། ཀླུ་ཚང་བློ་བཟང་ཡེ་ཤེས་ལགས་ཡིན་པར་བསྙད་པས་ཀྱང་ཧམ་བཤད་དུ་མི་འགྲོ་བར་བདག་སེམས་ཤིང་། ཁོང་གི་སྲོལ་རྒྱུན་སྙན་ངག་དང་དེང་རབས་རང་མོས་ཀྱི་སྙན་ངག་རྩོམ་རྩལ་གཉིས་ཀར་རང་ཉིད་ཀྱི་ཚོས་གཞི་ལྡན་པའི་ངོས་འཛིན་ཞུ་ཡི་ཡོད། ད་ནི་ཁོང་གི་སྙན་ངག་རྩོམ་རྩལ་གྱི་ཟུར་ཙམ་ཞུ་དབང་དུ་བྱས་ན། <<ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱོད་མིན་སུ>>ཞེས་པའི་རྩོམ་ཡིག་ནང་། “སྐུ་ངོའི་སྐྱིད་བྲོ་དགྲ་ཡིས་གཏོར།” “སྲིད་ཀྱི་དཀྱིལ་འཁོར་གཅེར་བུར་བུད།” ཅེས་དང་། <<མི་ཚེའི་ཤུལ་ལམ>>ཞེས་པའི་ནང་། “སྙིང་མཐུན་ཐུགས་ལ་འཁྱགས་པ་གླན།” “ལོ་དང་ཟླ་བའི་ཁུགས་པ་བྲེགས།” ཞེས་དང། ཡང་<<གཅུང་པོའི་འཕྲིན་ལན་འབྱོར་རྗེས>>ཞེས་པའི་ནང་། “དྲན་གདུང་ཚེར་མས་གོ་རྔ་ཕིག” “བརྩེ་བའི་སྤུན་གྱི་རྩྭ་ཐང་བསྐོར།།” ཞེས་སོགས་མང་།
ཁོང་གི་སྙན་ངག་དག་ལ་དམིགས་བསལ་ལམ་སྒེར་ལ་དབང་བའི་ཁྱད་ཆོས་རིགས་གཅིག་སྟེ། ཚིག་གི་ལྷོད་ཤ་དང་ལྡན་པ། དོན་གྱི་གནད་དང་ཉེ་བ། གནས་ལུགས་དང་ཆོས་ཉིད་ཀྱི་རྩ་བ་ཡན་ལག་གིས་བསྡམ་ཤུགས་ཅི་བས་ཆེ་བ་ཡིན་སྟབས། རྩོམ་རབ་ལན་གཅིག་གིས་གོ་ཟེར་བའི་ཆོད་སྡོམ་དེ་རང་ཆས་སུ་གྲུབ་འདུག་པ་དེ་ལགས།
དེ་རིང་དཔེ་སྒྲོམ་ནས་ཁོང་གིས་ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༢༧ ཉིན་པར་ཕུད་དུ་གནང་བའི་<<ཚོར་བའི་ཕ་བོང་>>དེབ་ཀྱི་མཇུག་བྱང་གི་ཚིག་སྟེ། “ངའི་ཐོག་མའི་གོམ་ཁ་མུན་ཁྲོད་ནས་བླངས་ཤིང་། མཐའ་མའི་གོམ་ཁའང་མུན་ཁྲོད་དུ་བསྒྱུར་འགྲོ། དེའི་སྟབས་ཀྱིས་གསེར་ཆས་འཁུར་རྒྱུའི་གྲ་སྒྲིག་གཏན་ནས་མེད་ཅིང་། སྙན་གྲགས་འཚོལ་བའི་སེམས་ངལ་དེ་བས་ཀྱང་མེད། ཡིན་ཡང་། ཐོབ་འདོད་པ་དང་རྙེད་ཆོག་པ་ཅི་འདྲའི་མང་པོ་ཞིག་ཡོད་ཨང་བསམ་དུས། ངས་བདག་པོ་ལྟ་བུའི་རང་ཉིད་ངོ་ཤེས་པར་གྱུར།” ཞེས་བཀོད་འདུག་པ་དེ་ཡང་བསྐྱར་ཏེངས་གཅིག་བཀླགས་པ་ཡིན། ཁོང་དྲན་ཐེངས་རེར། ངས་མཇུག་བྱང་གི་ཚིག་འདི་ཀློག་གིན་ཡོད།
མ་ཎི་ཞིག། མྱིག་ཆུ་ཞིག་དང་ལྷན་དུ་བདེ་བ་ཅན་ལ་བསྐུར་ཡོད། འབྱོར་སོང་ན། ང་ལ་ཆང་ཕོར་ཞིག་འདེག་པར་ཞག་གཅིག། ཕྱིར་སྐོར་གཏུག་དུ་ཕེབས་རོགས་གནོངས། ངས་ཁྱེད་ཉིད་གླེང་གི་མེད། ཁྱེད་ཉིད་དྲན་གི་ཡོད།
མི་འདི་གྲོངས་པ་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོའི་གྱོང་ཞིག་ཡིན་རབས་གོ་སོང་། ཚོར་བའི་ཕ་བོང་ཟེར་དེ་ཧོར་འཇིགས་ཀྱི་སྙན་རྩོམ་གྱི་དེབ་ཞིག་མ་རེད་དམ།
ང་ཡང་ཁོའི་སྙན་ངག་ལ་ཤིན་ཏུ་ནས་རབ་ཏུ་དགའ་མཁན་ཞིག་ཡིན།
ཁོང་གི་སྙན་ངག་དག་ནི་བཙན་བྱོལ་སྤྱི་ཚོགས་ནང་ང་ཆེས་དགའ་སའི་སྙན་ངག་ཡིན།
རེད་རེད།
མྱ་ངན་གྱི་གུས་འདུད་ཡོད།
ཁོང་གི་སྙན་རྩོམ་ཧོར་འཇིག་ལས་ལྷག་པ་ཡོད།
མྱི་འདིའི་རྩོམ་རྩལ་གྱི་ཕྱོགས་ནས་གླེང་ན་ངོ་མ་ཡིད་གར་འོང་བ་ཞིག་ཡིན། “ཚོར་བའི་ཕ་བོང་།”དང་”སྐུ་དྲག་གི་སྒོ་འགྲམ་དུ།” ཟེར་བའི་གླེགས་བམ་ཆུང་ཆུང་གཉིས་ཡོད། དེ་ནང་གི་”དྲིན་ཆེ་ཕ་ལོ་”ཟེར་བའི་བཅད་རྩོམ་དེ་ངོ་མ་ཅིག་སྙན།
ད་ཅང་མ་ཤེས་ཐལ་་་བཙན་བྱོལ་ནང་གི་རྩོམ་པ་པོ་ཁེར་བཤད་པ་སྐོར་ཞིག་ཡོད་པའི་གྲས་ཀྱི་གཅིག་རེད། ལྟོ་ཡི་ཆེད་དུ་ག་རེ་ཡིན་རུང་ལས་འཇོག་ནི་རེད། ལྟོ་འགྲངས་སོང་ན་སུ་ལ་ཡིན་རུང་སྡིག་འཇོག་ནི་རེད། མི་འདི་དག་གི་གྲིབ་ནག་གིས་ང་ཚོ་གསར་འབྱོར་བ་ཚོ་ལ་མཐོང་ཚུལ་བཟོས་ཡོད། ཨ་མདོ་བ་ཚོ་ལ་མཐོང་ཚུལ་བཟོས་ཡོད། ངས་ནི་དེབ་ཐེར་ནག་པོ་ཞིག་འབྲི་བའི་དབང་དུ་བཏང་ན་་མི་འདི་དག་གི་མི་གཤིས་དེ་དེའི་བརྗོད་སྙིང་གཙོ་བོར་བྱས་ནས་འབྲི་ངེས་ཡིན།