〜〜ལི་ཐང་དགོན་པའི་མེ་སྐྱོན་དོན་རྐྱེན་ལ་སྨྱུག་གྲོགས་སྐོར་ཅིག་གིས་སེམས་གསོའི་དོད་དུ་ཕུལ།
འོས་སྦྱོར་བ་སྐལ་བཟང་འཕྲིན་ལས།
མཆོད་མཆོད་གསོལ་གསོལ་ཞུས་པའི་ལྷ་སྲུང་རྣམ་པ། །
ད་ལྟ་གྲོ་ཁོག་འགྲངས་ཏེ་ཉལ་ནས་བསྡད་ཤག །
འབར་མཚམས་བཞག་རྗེས་བར་དུ་འབྱོར་ས་མ་རེད། །
ཤ་རྒྱགས་ལུས་པོ་འདི་ཡང་འདེགས་ནུས་མི་འདུག །
ཁྱིམ་དང་གྲོང་པའི་བར་ན་འདུར་རྒྱུག་གནང་བའི། །
ཉིན་ལ་བརྒྱུགས་བརྒྱུགས་བརྒྱུགས་ཀྱིས་སྐུ་ལས་ཁ་ཤག །
ད་ལྟ་རྟུག་དྲི་ཚུབ་བེར་གཟིམས་ནས་བསྡད་ཤག །
སང་ཉིན་ཞོགས་ཀ་བར་དུ་བཞེང་ས་མ་རེད། །
རྒྱ་ཕིབས་སེར་པོའི་འོག་གི་གསེར་སྐུ་རྣམ་པས།།
དད་ལྡན་མི་མང་ཉམ་ཐག་བསྐྱབ་པའི་ཆེད་དུ།།
སྐུ་ལུས་ཞུགས་ལ་ཕུལ་ནས་ཨག་སྐད་ཤོར་བྱུང་།།
ད་ལྟ་མགལ་དུམ་ཞིག་གི་ངོ་བོར་ལོག་ཤག།
སྣོད་བཅུད་གང་ལ་བསམས་ཀྱང་སྐྱོ་གར་ཆད་མེད།།
ད་ལྟ་ད་ལྟ་འབར་བའི་ལི་ཐང་དགོན་ཆེན། །
མར་མེ་ཀོང་གང་ཚུལ་གྱིས་མིག་ལ་འཆར་ཏེ། །
མགོ་བོ་སྔས་ལ་བཞག་ཀྱང་གཉིད་ཅིག་མི་ཡོང་།།
ཟུངས་ཁྲག་གཅིག་ལས་མཆེད་པའི་སྤུན་ཟླ་འབར་སོང་།།
ལོ་རྒྱུས་འཁོར་རྒྱ་རིང་བའི་དགོན་ཆེན་འབར་སོང་།།
བདག་གི་སེམས་པའི་སྲུབས་ནས་མེ་ལྕེ་མཆེད་བྱུང་།།
ཀྱེ་མ་བསམ་ཞིང་བསམ་ཞིང་ཤུགས་རིང་འཆོར་བ།།
ཁ་ཉིན་ཆོས་སྒྲ་མཆེད་པའི་ཁྲ་ཆིལ་དགུ་ཆིལ།།
མདང་ནུབ་ཝང་ཝང་འབར་བའི་དམར་འོད་ལམ་ལམ།།
ད་ནངས་མགལ་དུམ་བྲུལ་བའི་སྐྱ་ནག་ཧང་ཧང་།།
ད་ནི་ཡ་ཆུང་སྙིང་ལ་སྐྱོ་བ་ལྷང་ལྷང་།།
———སྡེ་དགེ་ཀརྨ་རྣམ་དག་གིས།
ཤར་མི་ཉག་ས་ཡི་ལྟེ་བ་རུ།།
མགོན་ཞ་སེར་བསྟན་པའི་གདན་ས་ཆེ།།
བྱམས་ཆོས་སྡེ་ཡེ་ཤེས་མེ་རུ་ཐིམ།།
སླར་བཤད་སྒྲུབ་སྔར་ལྷག་འཕེལ་བའི་བརྡ།།
གནས་འདི་ལ་དགེ་བཅུའི་ཉི་གཞོན་འབར།།
དཔལ་སྲིད་འབྱོར་དུང་གི་ཟླ་བ་འཛུམ།།
རིག་གསར་རྙིང་སྐར་ཚོགས་ཡོངས་སུ་བཀྲ།།
ཕྱོགས་ཀུན་ལས་རྒྱལ་བའི་རྒྱལ་རྔ་ལྡིར།།
ལི་ཐང་དགོན་ཆེན་མེ་རུ་འབར་སོང་བར་གནའ་མིའི་ངག་རྒྱུན་ལྟར་རྟེན་འབྲེལ་ལེགས་སུ་བསྒྱུར་ནས་ཤྭོ་ལོ་གཉིས་ཚོགས་གཙོའི་བཀོད་ཁྱབ་ལྟར་ཕུལ།།
———མི་ཉག་མཁན་པོ་འཇམ་དཔལ་བསྟན་འཛིན་ནས།
ལྷ་འདྲེ་བར་མ་སུ་ལ་མི་ཕན་སུ་ཞིག་ཁྲོས་མིན་མ་ཚོར་བར།།
སྒྱུ་འཕྲུལ་ལྷ་ཁང་མེ་ཡིས་གཞོབ་ཐལ་ཆོས་སྐྱོང་སྲུང་མ་གང་དུ་ཡིབ།།
རིན་བྲལ་གནའ་རྫས་ཞུགས་ཀྱིས་མཆེད་ཐལ་མལ་ན་ཉལ་བ་ཐལ་ཕུང་ཙམ།།
སྐྱོ་བའི་སེམས་ཀྱི་གཉེར་མ་རེ་རེ་མཐའ་ཡས་རྒྱ་མཚོའི་རླབས་ལ་བསྡོངས་།།
———-སྙིིང་མིག་གིས།
༡༽ བློ་ཕམ།
དམར་ནག་དུད་སྤྲིན་དཀྲིགས་པའི་ཀློང་དཀྱིལ་ན། །
སེར་དཀར་མེ་ལྕེ་དྲག་པོས་ཁྱུར་མིད་ཀྱིས། །
བརྗིད་ཆགས་འདུ་ཁང་རྡུལ་དུ་བསྒྱུར་བ་ལ། །
ཡིད་མུག་མི་སྐྱེ་རང་དབང་ག་ན་སྲིད། །
༢༽ བསླབ་བྱ་ལེན་པ།
ལོ་རྒྱུས་ལྡན་པའི་ལི་ཐང་དགོན་ཆེན་དེ། །
མེ་ལྷའི་ཞལ་དུ་སྐད་ཅིག་འབར་ཚུལ་དེས། །
ཁ་བ་ཅན་པར་སྐྱོ་གར་བསྣན་མོད་ཀྱང་། །
བསམས་ན་སྒྲ་མེད་ལུས་ཀྱི་བསླབ་བྱ་སྟེ། །
འབྱོར་པ་ས་རྡོའི་འབྱུང་བར་བརྗེ་བ་ལས། །
ཤེས་རིག་དཔལ་གྱིས་ཕྱུག་པར་སྒྱུར་ཅིག་ཟེར། །
སྡེ་འདིའང་ཡར་ཐོན་དཔལ་ཡོན་འབར་བར་ངེས། །
———-མཁར་སྒང་བསོད་ནམས་དབང་ལྡན་ནམ་རིགས་པའི་སྨྱུ་གུས་ ༢༠༡༣/༡༡/༡༧ ཉིན།
མཉམ་མེད་ཤཱཀྱའི་རིང་ལུགས་གསེར་ཞུམ་ཁམས།།
དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་བའི་གནས།།
མདོ་ཁམས་ལི་ཐང་བྱམས་པ་ཆེན་པོའི་གླིང་།།
མེ་ལྕེས་བཅོམ་དུས་སྙིང་ལ་ནད་དུ་ཆེ། །
ར་ཤ་རཀྟ་ལ་སོགས་མཆོད་ཡུལ་དག །
དགོས་དུས་མིག་གསུམ་བེད་མེད་ཡིན་གྱུར་ན། །
མི་དགོས་ཁ་མིག་བགྲད་པའི་མཚོན་དོན་ལ། །
འདི་ཡིན་འགྲེལ་བཤད་ངལ་བའི་རྒྱུ་ཙམ་ཟད། །
———-སྡེ་དགེ་འཇམ་གཅེས་ནས།
ལྷ་སྲུང་ཁྲོས་པའི་བརྡ་མཚོན་མ་ཡིན་དབང་ཆེན་འབྱུང་བའི་འཁྱུགས་སྟངས་ཤིག །
ཡར་ཡར་དར་བའི་དགེ་མཚན་མ་ཡིན་བསྙོན་དུ་མེད་པའི་གྱོང་གུད་ཅིག །
ང་དང་ཁོ་ཡི་རེ་བ་མ་ཡིན་དྲན་ཙམ་མི་བཟོད་ན་ཟུག་སྟེ། །
དབྱངས་ཀྱི་རྒྱལ་མོ་དགའ་བ་མ་ཡིན་བརྗེད་མེད་རི་མོར་བཀོད་པ་ཞིག །
བསམ་བཞིན་སྤུན་ཟླའི་ལུས་ཕུང་དྲག་ཏུ་སྦར་སོང་། །
མ་བསམ་དགོན་ཆེན་ཁྲ་མོ་ཤུལ་མེད་འབར་སོང་། །
ཟླ་ལྷག་སྒང་གི་མུ་གེའི་དཔེ་རུ་གྱུར་སོང་། །
བོད་པའི་ལས་དབང་འདི་ཡིས་སེམས་པ་མནར་སོང་། །
———-འབྲོང་ངུར་ལམ་བཟང་ངམ་འགར་ཁྲི་བཙན། ༠༡༣ ༡༡ ༡༧:
རིག་དངོས་སྟོང་གིས་ཕྱུག་པའི་བང་མཛོད་ཆེན་མོ།།
ལ་རྒྱའི་མེ་རླབས་འཕྱུར་སའི་དཔའ་བོའི་དུར་ཐང་།།
སྲེག་ཟའི་མཆེ་འོག་སོང་བའི་ཆ་འཕྲིན་ནག་པོས།།
སྙིང་ལ་འཁྱག་ཆུ་འཕྱུར་བའི་ཚོར་བ་འདྲེན་སོང་།།
རིགས་གཅིག་ཚོར་བས་བཏབ་པའི་སེམས་རིས་འདི་ཡིས།།
ཡུལ་གཅིག་སྤུན་ཟླའི་གམ་དུ་བྲང་ཁ་གླན་ཡོད།།
ཆག་སྒོ་ཐོག་ཏུ་གད་བའི་དོན་རྐྱེན་ནག་པོར།།
མིག་ཆུ་འཁྱོར་བ་གང་གིས་ཞལ་འདེབས་འབུལ་ཡོད།།
———འབའ་པ་སྐལ་བཟང་འཕྲིན་ལས།
མེ་བདུད་ནག་པོའི་མཆེ་སྡེར་འོག་ནས།།
དད་རྟེན་བྱིན་ཅན་ཐལ་བར་ཤོར་སོང་།།
གདུང་བའི་སེམས་པ་སྟོབས་ཤུགས་བསྒྱུར་ནས།།
སླར་ཡང་དག་པའི་ཞིང་ཞིག་ཚོལ་དང་།།
གནམ་ལྕགས་ཐོག་མདའ་མགོ་ལ་ལྷུང་དུས།།
དབུགས་ཤུགས་གསར་པའི་བློ་སྟོབས་ཡོད་དགོས།།
སྤུ་གྲི་རྣོན་པོས་སྙིང་དམར་བཤགས་དུས།།
ཟུངས་ཁྲག་གསར་པའི་འཁོར་སྐྱོད་འདྲེན་དགོས།།
——–ལི་ཐང་བློ་བརྟན།
འདས་པའི་མེས་པོའི་གཅེས་ནོར་དགྲ་ལག་ཤོར།།
ད་ལྟའི་འདས་གསོན་སྙིང་ནོར་མེ་རུ་ཤོར།།
ལི་ཐང་སྡེ་དགོན་གཉིས་ལ་ཆགས་སྒོ་ཕོག །
སྡུག་ཐོག་སྡུག་བརྩེགས་འདི་ལ་མྱ་ངན་ཞུ།།
ཕྱི་ལོ་ ༢༠༡༣/ ༡༡/ ༡༦ མཚན་མོར་ལི་ཐང་སྡེ་དགོན་གཉིས་ལ་གདུང་སེམས་མཉམ་བསྐྱེད་དུ་ཕུལ།།
———འབྲི་རུ་བ་སྐལ་བཟང་འགྲོ་མགོན་གྱིས
ཀྱེ་མ་འབྱུང་བའི་གོད་ཆག་འཇིགས་སུ་རུང་།།
རབ་སྲེག་མེ་ཡི་འབར་ཤུགས་དགུང་དུ་འཕྱུར།།
གཅིག་ཐོག་གཅིག་ཏུ་བརྩེགས་པའི་སྡུག་བསྔལ་འདིས།།
སྙིང་ལ་བྲེད་ཤ་སློང་བའི་ན་ཟུག་སྟེར།།
———སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་༢༠༡༣/༡༡/ ༡༦/ ལ་གདུང་སེམས་མཉམ་བསྐྱེད་དུ་ཕུལ།
ལྷ་མི་ཀུན་གྱིས་གསོད་དུ་མི་བཏུབ་པའི།།
དུས་མེ་ཞིག་གིས་ཡོད་ཚད་འབར་ནས་སོང་།།
ཁ་སང་མི་ཡི་ཚེ་སྲོག་འབར་སོང་ལ།།
དེ་རིང་རིན་བྲལ་ལྷ་ཁང་འབར་ནས་སོང་།།
འབར་སོང་མཆེད་སོང་མེ་ལྕེ་དམར་པོ་ཡིས།།
ཆོལ་གསུམ་སྤུན་ཟླའི་ལུས་སྲོག་འབར་སོང་ལ།།
ལི་ཐང་དགོན་ཆེན་གནའ་ཤུལ་འབར་ནས་སོང་།།
སྒང་པ་བོད་ཀྱི་མི་རྒྱུ་ཐལ་སྒྱུར་དུས།།
མགོན་སྐྱབས་དཔུང་གཉེན་དམ་བཅའི་ཁུར་ལྕི་བའི།།
ལྷ་སྲུང་ཡོད་ན་སྤྱན་གྱིས་གཟིགས་ལགས་སམ།།
སྡོངས་གྲོགས་མཆིས་ཚེ་ད་ནི་མ་ཡིབ་པར།།
མྱུར་དུ་བྱོནད་ཅིག་སྐྱོབས་ཤིག་གངས་ཅན་པ།།
——–འབྲོང་ངུར་ལམ་བཟང་ངམ་གེ་སར་གྱིས།
ཁྱིམ་དང་གྲོང་པའི་བར་ལ་མིག་ཟུང་བཙུམ་ནས།།
མདུན་ལམ་མངོན་ཤེས་འཆད་པའི་བླ་རྒན་དེ་དག།།
རང་ཁྱིམ་མེ་ལ་ཤོར་བའི་སྔ་དགོང་ཞིག་ལ།།
ཡག་རྟགས་མེད་པའི་རྨི་ལམ་རྨིས་པ་བྱུང་ངམ།།
ཆོས་སྐྱོང་གསོལ་ཀ་འདོན་པའི་བླ་རྒན་ཚིག་ཐལ།།
རྔ་རྡུང་རོལ་མོ་བཀྲོལ་བའི་གྲྭ་པ་འབར་ཐལ།།
དཀོར་མཛོད་ལྷ་ཁང་ཡོངས་རྫོགས་སོལ་བ་གྱུར་ཐལ།།
གསོལ་འདེབས་བྱ་སའི་རེ་འདུན་སུ་ལ་བཅོལ་དགོས།།
བསགས་བསགས་དེ་ཚོ་དཀོར་མཛོད་ནང་ལ་འབར་ཐལ།།
བཞེངས་བཞེངས་དེ་ཚོ་དུས་ཚོད་གཅིག་ལ་ཚིག་ཐལ།།
རིང་ནས་སྙིང་ལ་འཆང་བའི་དཀོན་མཆོག་དེ་དག།།
དགོས་དུས་སུ་ཡང་མེད་པ་གང་དུ་བྲོས་ཐལ།།
མཆོད་བསྟོད་བྱས་པའི་ལྷ་སྐུ་མེ་ཡིས་ཚིག་ཐལ།།
མགོན་ཁང་ནང་གི་ཆོས་སྲུང་གང་དུ་ཕེབས་སོང་།།
ཚེ་ཚེ་རབས་རབས་ཤིག་ལ་མཆོད་བསྟོད་བྱས་པའི།།
སྤྱན་འདྲེན་བྱས་པའི་ལྷ་ལ་ངོ་ཚ་མི་འདུག།།
༢༠༡༣་ཟླ་བ་༡༡་པའི་ཚེས་༡༦་ལ།
——-རྡོ་མེ་འབར་གྱིས།
དམར་པོའི་སྲིད་ཀྱིས་ཆོས་སྒར་བཤིག་པ་དང་།།
དམར་པོ་མེ་ཡིས་གཅེས་ནོར་བསྲེགས་པ་གཉིས།།
སྡང་སེམས་ཀུན་སློང་ཡོད་མེད་ཁྱད་པར་ལས།།
ཞིབ་མོས་བརྟགས་ཀྱང་དམིགས་སུ་ཡོད་མིན་ནོ།།
——- སྐལ་བཟང་བསྟན་སྐྱོང་།།
ལྷ་སྲུང་ཇ་ཆང་གཏོར་མས་བཟི། །
གཏི་མུག་གཉིདཀྱི་ཞིང་ཁམས་ཞུགས། །
མེ་ལྷའི་རྒྱལ་པོས་ཕྲག་དོག་གིས། །
མེ་ལྕེ་གཅིག་གིས་ཆོས་སྡེ་བཅོམ། །
འབྱོར་བ་དབྱར་གྱི་མེ་ཏོག་ཕྲེང་། །
སད་སེར་བ་མོས་ཁྱེར་ན་ཡང་། །
བཤད་སྒྲུབ་ཉི་ཟླའི་འོད་དཀར་ཕྲེང་། །
སྟོང་གསུམ་ཁྱབ་འདི་ཨེ་མ་རྨད། །
——གཙང་ཁ་བསོད་ནམས་རྡོ་རྗེས།
ས་ཆེན་འཁྱོམས་ཏེ་སྤུན་ཟླའི་སྲོག་ལ་གཟན།།
མེ་ལྕེ་ཁྲོས་ཏེ་དད་པའི་ཕ་མཁར་བསྲེགས།།
མགོ་ནག་མི་ཡི་ཕ་སའི་གོད་ཆག་འདི།།
བསམ་སྤྱོད་ཅི་ཞིག་འཕྱུག་པའི་བཀའ་ཆད་ཡིན།།
བཙན་པོའི་རྒྱལ་ཁམས་རྒུད་དེ་ས་མཐར་འཁྱམས།།
མི་རིགས་རིག་གཞུང་འཆི་གསོན་སོ་མཚམས་འགྲིམ།།
ད་དུང་སྒལ་པའི་ཐོག་གི་རྡོག་བརྫིས་འདི།།
ལས་ངན་གང་ཞིག་བསགས་པའི་རྣམ་སྨིན་ཡིན།།
_______རོ་ལངས་ཀྱིས་གདུང་སེམས་བཅས།
བོད་ཁམས་དཔའ་བོའི་ལྟེ་ཁྲག་འཕོོས་པའི་ཡུལ།།
ལི་ཐང་ཞེས་བྱ་དགེ་བཅུ་ཚང་བའི་གནས།།
ཆོས་ཀྱི་སྡེ་ཆེན་བྱམས་ཆེན་ཆོས་འཁོར་གླིང་།།
གཙུག་ལག་ཁང་ཆེན་མེ་ཕུང་ཞལ་དུ་ཤོར།།
ཀྱེ་མ་མཆོག་གསུམ་རྟེན་མཆོག་མེས་པོའི་ནོར།།
སྐད་ཅིག་ཙམ་ཞིག་ཐལ་རྡུལ་ཀློང་དུ་ཐིམ།།
སྐྱོ་བའི་ངག་གིས་དེར་འདུས་སྤུན་ཟླ་རྣམས།།
ལྷོ་མཐའ་སེ་རྭའི་དགོན་ནས་མྱ་ངན་ཞུ།།
ལི་ཐང་དགོན་ཆེན་མེ་སྐྱོན་ཤོར་རྗེས་མྱ་ངན་ཞུ་ཚིག་ཏུ་སྨྲེ་ངག་དང་བཅས་༢༠༡༣།༡༡།༡༧ ཞོག་པར་བྲིས།།
———་ལྡན་མ་ངག་དབང་སྟོབས་ལྡན་གྱིས།
གནའ་བོའི་མེས་པོའི་དགོན་ཆེན། །
དམར་པོ་མེ་རུ་འབར་ཡང་། །
དམ་ཆོས་སྒྲུབ་པའི་འདུས་མང་། །
བསྟན་པའི་རྒྱན་དུ་བཞུགས་ཡོད། །
ཐུབ་བསྟན་མེ་དང་ཆུ་ཡིས། །
འཇིགས་ཡོང་བསམ་པ་མེད་པས། །
འདུ་བྱས་ཐུགས་ལ་བཅངས་ནས། །
བཤད་སྒྲུབ་བསྟན་པ་སྐྱོང་རོགས། །
མེས་པོའི་ཤུལ་བཞག་ཡིན་པས། །
ཕངས་སེམས་རིགས་ལ་ཆེ་ཡང་། །
འགྱུར་བ་དུས་ཀྱི་འཕོ་འགྱུར། །
བྱུང་རབས་ཤིག་གི་འགྲོས་རེད། །
དཔའ་དང་དཔུང་པ་ངོམས་པའི། །
ལི་ཐང་གཡང་སྡེ་ཕྱུག་མོ། །
ཆོས་སྲིད་གཉིས་ཀྱི་ཤེས་རིག །
རྒྱས་པའི་ཐབས་སུ་བརྩོན་དང་། །
མི་མངོན་ནམ་མཁའི་དབྱིངས་ཀྱི། །
མེས་པོའི་ཐུགས་དགོངས་རྫོགས་ཡོང་། །
རང་དང་རིགས་ཀྱི་རེ་བ། །
འགྲུབ་པའི་ཡིད་ཆེས་བྱེད་ཆོག །
ལི་ཐང་དགོན་ཆེན་གྱི་གཙུག་ལག་ཁང་མེར་འབར་བ་ཐོས་རྗེས་ཤར་མར་བྲིས།
————–འཇིགས་བྲལ་ནས།
བསོད་ནམས་རྒྱ་མཚོའི་ཐུགས་ལས་བལྟམས་པའི་ལི་ཐང་དགོན་ཆེན།།
སྐལ་བཟང་ཚུལ་ཁྲིམས་ཕ་ས་ཆགས་པའི་ལི་ཐང་དགོན་ཆེན།།
ཤོག་དྲུག་སྐྱབས་མགོན་འགྲོ་དོན་སྐྱོང་སའི་ལི་ཐང་དགོན་ཆེན།
གང་ཁྱེད་གློ་བུར་མེ་ཟས་གྱུར་བ་སེམས་དེ་སྐྱོ་བྱུང་།
ལྔ་རིག་ནོར་བུའི་གཟི་འབར་ངོམ་སའི་ལི་ཐང་དགོན་ཆེན།
དཔའ་བོ་སྟོང་གི་ཀི་སྒྲ་མཆེད་སའི་ལི་ཐང་དགོན་ཆེན།
བྲེལ་ཚུབས་འོག་ནས་རྫོགས་ཚིག་བཀོད་དེ་འདི་ལྟར་མཆིས་དུས།
མིག་སྐྲངས་ཐོག་ལ་ཁུར་ཚུར་སྣུན་འདྲའི་སེམས་དེ་སྐྱོ་བྱུང་།
གུས་དེ་རིང་པ་ཊམ་ཀོ་ཊའི་ལམ་ཕྱེད་ཙམ་ལ་ཆགས་པའི་ཆུ་ཚན་ཞིག་ལ་ཕྱིན་ཏེ་ད་ལྟ་རང་ཤག་ཏུ་འབྱོར་མ་ཐག་ཚོགས་གཙོའི་མྱ་ངན་རྩོམ་བརྡ་མཐོང་བས་མདང་དགོང་གི་གནས་ཚུལ་དྲན་ནས་ཡིད་སྐྱོ་བཞིན་བྲིས།
————འབའ་པ་ཡེ་ཤེས་དགའ་བ་ནས། ༢༠༡༣།༡༡།༡༧
གདུངས་སེམས་མཉམ་བསྐྱེད་གནང་བར་ངོ་སོ་བསྟོད། མཉམ་དུ་ཡོད་ལ་མཉམ་དུ་རྒྱུགས་་་
ལྷ་སྲུང་ལ་རེ་བ་བྱེད་པ་ནི་རྨོངས་བ་ཐུག་དྲགས་པའི་སྐྱོན་ལས་ཅི་ཡང་མིན།