འབའ་སྲས།
ཟང་ཟིང་ལྡིར་སྒྲ་ཆེ་བའི་གྲོང་ཁྱེར་འདིར།།
སྡོད་འདོད་མེད་ཀྱང་ལོ་ངོ་བདུན་ཙམ་འདས།།
ཤ་རུས་གདུང་རྒྱུད་མི་གཅིག་མི་ངོ་འདིར།།
ལྟ་འདོད་མེད་ཀྱང་མིག་ལ་འཚང་ནས་ཡོང་།།
རྒྱང་རིང་རྒྱང་རིང་འགྲིམས་པའི་ས་མཐའ་ན།།
ལུས་སེམས་གཉིས་ལ་མཐུན་པའི་ཁོར་ཡུག་ཅིག །
འཚོལ་བར་འདོད་ཀྱང་བདག་གིས་མ་རྙེད་པས།།
ད་ཀོ་ཕ་ཡུལ་དྲན་པའི་གདུང་བ་ལྕི།།
ཀུན་གསལ་བུ་མོའི་ལྭ་བ་སྤྲིན་ལ་བརྗེས།།
གྲང་ངར་རླུང་གིས་གཅེར་གཟུགས་མདུན་ལ་བསླེབས།།
རྒྱང་རིང་མཛེས་པ་དག་ཀྱང་སྨིག་པས་བསྒྲིབས།།
ད་ནི་གང་ལ་བལྟས་ན་སྐྱོ་ཤིག་ཤིག །
རི་བོ་སྟོང་ཕྲག་བརྒལ་བའི་ཕ་རོལ་ན།།
བདག་གི་ལྟེ་ཁྲག་ཕོད་སའི་ཁྱིམ་ཞིག་ཡོད།།
དེ་ཡི་ནང་ན་བྱམས་ལྡན་མ་ཞིག་བཞུགས།།
ད་ནི་ཡིད་དུ་དྲན་པ་འདི་ལས་མེད།།
བྱ་ཞིག་ཡིན་ན་དགུང་སྔོན་མཐོངས་ནས་འཕུར།།
ཉ་ཞིག་ཡིན་ན་མཚོ་གཏིང་བརྒྱུད་ནས་རྐྱལ།།
མི་ཡི་ལུས་ཅན་རྐང་ལག་བཞི་ཅན་འདི།།
ས་ལ་མ་བརྟེན་སྟོང་བ་གང་དུ་འཚོ།།
གནམ་གཤིས་རྩུབ་པའི་རེག་བྱ་ལུས་ལ་གནོད།།
གནོད་པ་མང་པོའི་བྱ་བ་སེམས་ལ་སྡུག །
སྡུག་བསྔལ་མང་བོའི་མི་ཡུལ་ས་མཐའ་འདི།།
འདི་ཞེས་བརྗོད་ན་ཨ་མའི་སེམས་པ་སྡུག །
དེ་བས་བདག་ནི་འདི་ན་སྐྱིད་དོ་ཞེས།།
ཚིག་ག་འགའ་ཤོས་འབྲི་བའི་ཐབས་ལ་བརྩོན།།
རྫུན་གྱིས་བྲིས་ཀྱང་རྫུན་པར་མི་མཐོང་བའི།།
བྱམས་ལྡན་ཨ་མའི་སེམས་པ་དྭངས་ཤིང་གཙང་།།
ཁོ་བོའི་ཁྱིམ་ནི་རྒྱུ་དང་འབྱོར་བའི་བཀང་།།
མི་ལོ་སྟོང་ལ་བཟོས་ཀྱང་མི་ཚར་ཡོད།།
ཉེ་འགྲམ་ཁོར་ཡུག་ལྷ་ལས་བབས་པ་འདྲ།།
སུ་ཡིས་མཐོང་ན་སྙིང་གི་མྱ་ངན་སེལ།།
དེ་བས་འདི་རུ་སྡོད་པའི་སྐྱེ་བོ་དག །
མ་བོས་བདག་གི་ཁྱིམ་ལ་ངང་གིས་འདུས།།
ཞལ་ཟས་ཆང་དང་འོ་ཇ་མངར་མོ་སོགས།།
གང་ལ་མོས་པ་དེ་བཞིན་ལོངས་སུ་སྤྱོད།།
ཁྱིམ་ལ་མགྲོན་པོ་མང་ན་བཟང་ངོ་ཞེས།།
ཨ་མས་བུ་ལ་གདམས་པའི་བསླབ་བྱ་ཡིན།།
བསླབ་བྱ་འདི་དང་ནམ་ཡང་མ་འགལ་བར།།
གནའ་ནས་དེ་རིང་བར་དུ་འདི་ལྟར་གནས།།
ལས་ཀ་མང་བའི་བྱ་བ་བདག་ལ་ཡོད།།
ནང་སྦྱོང་ལྟ་སའི་བུ་ཕྲུག་ང་ལ་མང་།།
ཆུང་མ་བསླེབས་ན་མཉམ་ཟ་བྱེད་དགོས་པའི།།
ཟས་ཀྱི་སྦྱོར་བ་སྐབས་རེར་བདག་གིས་བཟོས།།
ཁྱིམ་ཚང་མི་སྐྱིད་དཀའ་ངལ་བདག་ལ་མེད།།
བཟའ་ཚང་མི་མཐུན་རྩོད་པ་ང་ལ་ཉུང་།།
འོན་ཀྱང་མ་དང་ཕུ་ནུ་མེད་པའི་ཡུལ།།
ས་མཐའ་འདི་ནས་སུན་སྣང་ཅུང་ཟད་ཆེ།།
ཡིན་ཡང་བུ་མོ་གྲགས་ས་གནས་ཡུལ་དང་།།
ཕོ་རབ་འཇོན་པོ་ཡོད་ན་ས་མཐའ་ཞེས།།
སྲིད་པ་རྒན་པོའི་ངག་གི་བཤད་རྒྱུན་འདིས།།
ཨ་མས་སོམས་དང་ང་ལ་བཤད་པ་འདྲ།།
ད་དུང་བཤད་ན་ཕྱི་ཡི་ཁོར་ཡུག་དང་།།
ཁྱིམ་གྱི་འཚོ་བ་ངན་ངོན་མིན་ནོ་སོགས།།
དཀའ་སྡུག་ཆེ་བའི་བྱ་བ་མེད་དོ་ཞེས།།
མང་ཙམ་བཤད་ན་ཁ་ཡག་རྐྱང་བས་གྲུབ།།
དེ་བས་མང་ཙམ་མི་བཤད་ཨ་མ་ལགས།།
སྙན་ངག་པ་ཡི་ཁ་ན་ཅི་ཡང་རྒྱན།།
མི་ཚེ་མི་རིང་ཨ་མ་སྐྱིད་སྐྱིད་མཛོད།།
བུ་ངའི་སྐྱོ་གཏམ་གྲོགས་པོ་གཞན་ལ་བཤད།།
སྟོན་མཇུག་བསླེབས་པ་མི་ཚེའི་མཐའ་མཇུག་སྟེ།།
ལོ་མ་རླུང་འཁུར་རྣམ་ཤེས་འཁྱམས་པ་ཉིད།།
དངོས་པོ་དངོས་ལུགས་རྟགས་སུ་མ་གྲུབ་ཀྱང་།།
མི་ཚེ་མཐའ་མ་འདི་ལས་མེད་པ་འདྲ།།
སྐྱིད་ཅིག་ཡོད་ན་སྐྱིད་དེ་གྲོགས་ཀྱིས་བགྱིད།།
སྡུག་ཅིག་ཡོད་ན་ང་ཡིས་འཁུར་ཏེ་འགྲོ །
ང་ཚོ་ཚང་མ་འགྲོ་ས་ཁ་ཁ་སྟེ།།
འགྲོ་བའི་ལམ་དུ་ཀུན་ཀྱང་བདེ་བར་ཤོག །
༡༨/༡༡/༡༣ དགོང་ཁར།
སྙན་པ་ལ་ཚོད་མི་འདུག ང་ཡི་འཚོ་བ་དང་། ང་ཡི་སེམས་པ། ང་ཡི་ཕུགས་འདུན་དེ་འདྲའི་འདྲ་བ་ལ།
རང་ཡུལ་དྲན་ཀྱང་ལས་ཀྱིས་མི་ཡུལ་འཁྱམས།
འཁྱམས་འདོད་མེད་ན་རང་ཡུལ་ལོག་ན་ཆོག
གང་ལ་མོས་ན་ངལ་བ་མེད་པར་འགྲུབ།
དཀའ་སྤྱད་ངལ་བས་ནུབ་ཕྱོགས་སླེབས་པ་བཞིན།
སྦྲ་ནག་དྲན་ན་སྦྲ་སྒོ་ཕྱེས་ནས་ཡོད།
ཨ་མ་དྲན་ན་ཨ་མས་སྒུག་ནས་ཡོད།
འབའ་སྲས་སྙན་ངག་འབའ་འབའ་ལུག་གུ་འདྲ།
སྙུག་གུ་རྩེ་ནས་འབའ་སྐད་ལྷང་ལྷང་གྲགས།