བཙན་སྲས།
ངྷ་སའི་ཆར་དུས་སྟོན་མཇུག་ཉི་མར་གྱེས།།
རི་ལུང་སྨུག་སྤྲིན་དགུན་མགོའི་ཚ་བོས་ཟོས།།
དགུང་ཁའི་ཟེར་མའི་འོག་གི་ངྷ་ས་འདི།།
དོ་དགོང་ཚོགས་དུས་དྲུག་པའི་ཡམ་ཡོམ་སྒུལ།།
ཤག་ཤག་ཆར་པའི་ཁྲོད་ཀྱི་དྲན་གདུང་དང།།
བརྩེ་བ་ཆུ་ལྷམ་འདྲ་པའི་གནམ་འོག་འདིར།།
སྒེར་དང་གཞུང་གི་སྣང་བ་སྐྱོ་བོ་འདི།།
དོ་དགོང་མཁའ་མཐར་འཐེན་པའི་མཚམས་སྤྲིན་འདྲ།།
བརྩེ་བ་བདེན་པ་རིན་བྲལ་སྲོག་གི་མདངས།།
ཉི་ཟླ་རིམ་གྱིས་ཤར་ན་ཇེ་གསལ་བཞིན།།
བདག་གི་སྙིང་དུ་འཁྱིལ་བའི་སྐྱོ་གདུང་ཡང།།
དོ་དགོང་གྲོས་ཚོགས་རྭ་བས་སེལ་བར་བྱས།།
བགྲང་བྱ་རེ་འགའི་སྔོན་ནས་དེ་རིང་བར།།
མངོན་ལྐོག་གང་སར་ས་འོག་དར་འཐག་གིས།།
༸རྒྱལ་བས་ལེགས་གདམས་གཏན་ཚུགས་རྣོ་དབལ་ལ།།
སྐུར་འདེབས་ལོག་ལྟ་བྱས་རྣམས་རེ་རེ་བཞིན།།
ཁུངས་མེད་གཏད་མེད་ཡིན་པའི་སྣང་ཚུལ་དེ།།
འཇིགས་བྲལ་ཕུགས་སྨན་ཁྲོས་པའི་ང་རྒྱལ་གྱིས།།
ཟོག་རྫུ་གླེན་པའི་པགས་པ་གསོན་བཤུས་འདི།།
བོད་མིའི་བསོད་ནམས་འཕེལ་བའི་རྒྱུ་རུ་གྱུར།།
འདོད་སྡང་རྨོངས་གསུམ་མངོན་པར་འཕྱུར་པའི་ཁྲོད།།
གསང་པ་ཡིད་ལས་འདས་པའི་གནས་ལུགས་ཏེ།།
སྐྱེ་འཆི་དབང་དུ་འབྱོར་བའི་ལེགས་བཤད་དབྱངས།།
ཡོངས་སུ་སྒྲོག་འདིས་ཁམས་གསུམ་སྣོད་ཆུང་བྱས།།
དེ་ལྟ་ནའང་སྣང་དང་མ་སྣང་ཡུལ།།
གཏན་ཚུགས་རིགས་པའི་རྗེས་སུ་དཔྱོད་ཤེས་ཀྱིས།།
སྙིང་རྗེ་ཆེན་པོའི་ཞི་དྲག་ཐབས་ཤེས་རྣམས། །
ཡིད་ལ་འཆར་བར་མི་འབད་སུ་ཞིག་མཆིས།།
རང་མཐོང་སྣང་བ་འཕྱོན་མའི་གཡོ་འཁྲུལ་གྱིས།།
རང་གི་རང་ཚུགས་བོར་བའི་སྐྱེ་བོ་འགས།།
མང་གཙོ་བཙན་བྱོལ་མཉམ་བསྐྱོད་མི་ནུས་པའི།།
གཞན་ཟེར་རྗེས་འབྲངས་འདི་གོ་ཡིད་རེ་སྐྱོ།།
ལ་ལས་དགོངས་པ་ཟབ་མོ་རྟོགས་ཁུལ་དང།།
རེ་འགས་དགོངས་གཞིར་ནོར་འཁྲུལ་ཤོར་ལུགས་སོགས།།
གང་དྲན་ལབ་བརྡོལ་བག་མེད་བྱབ་ཆུང་རྣམས།།
དོ་དགོང་ཀུན་གྱི་མིག་ལ་གསལ་འདི་སྐྱིད།།
སྤྱི་ལྷན་སྐབས་བཅོ་ལྔའི་ཚོགས་དུས་དྲུག་པའི་སྟེང་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཉེ་བའི་ལོ་འགའི་རིང་ཁུངས་མེད་ལུང་མེད་ཀྱིས་༸གོང་ས་ཆེན་པོར་མཚན་སྨོད་ཞུ་མཁན་རྣམས་ཀྱི་ངོ་བོར་རྗེན་པར་བཏོན་པ་མཐོང་འཕྲལ་ཤར་མར་བྲིས།།