བཀྲ་ཤིས་དོན་འགྲུབ།
ལོ་འདི་དག་གི་རིང་ལ་ངས་གློག་བརྙན་ཡག་པོ་མང་པོ་ལ་བལྟས་པ་ཡིན། མི་མང་པོས་གློག་བརྙན་ལྟ་བ་ནི་དུས་ཚོད་འཕྲོ་བརླག་ལྟ་བུར་བརྩི་གི་འདུག་ཀྱང་། ང་ལ་མཚོན་ན་གློག་བརྙན་བལྟ་རྒྱུ་ནི་མཐོང་རྒྱ་ཐོས་རྒྱ་བསྐྱེད་བྱེད་ཙམ་དུ་མ་ཟད། གློག་བརྙན་ཡག་པོ་རེ་བཟུང་གིས་ནི་མི་སྒེར་གྱི་ལྟ་ཚུལ་ལ་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་འདུག་པས། དཔེ་དེབ་ཡག་པོ་རེ་བཀླགས་པ་ལྟ་བུའི་བློ་སྐྱེད་ལ་དོ་བར་བརྗོད་མི་སྤོབས་ཀྱང་། དཔེ་དེབ་ཉ་ཉོག་དེ་ཚོས་ནི་དོ་ཐབས་གཏན་ནས་མི་འདུག་ཅེས་ལབ་འདོད་བྱུང་།
ངས་བལྟས་པའི་གློག་བརྙན་ནང་གི་ཡག་ཤོས་ཤིག་ནི་པཱཀིསིཐཱན་(Pakistan)གྱི་གློག་བརྙན་《Bol》ཡིན། གློག་བརྙན་དེའི་ནང་དོན་ནི་པཱཀིསིཐཱན་པ་ཚོས་བུད་མེད་ལ་འཛིན་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་རྙིང་རུལ་དེའི་སྐོར་ནས་རེད།
གློག་བརྙན་གྱི་ནང་དོན་རོབ་ཙམ་ངོ་སྤྲོད་བྱས་ན། པཱཀིསིཐཱན་གྱི་གྲོང་ཁྱེར་ལ་ཧོར་(Lahor)ནང་ཁྱིམ་ཚང་ཞིག་ཡོད་ལ། ཁྱིམ་ཚང་དེ་ནི་ཕ་རྒན་གཅིག་དང་མ་རྒན་གཅིག་ཕྲུ་གུ་བརྒྱད་ཡོད་པའི་ཁྱིམ་ཚང་ཞིག་ཡིན། ཕ་རྒན་ནི་ཁ་ཆེ་བ་ཚོའི་ནང་གི་རིགས་རྒྱུད་ཅུང་མཐོ་ཞིང་ལོ་རྒྱུས་རིང་བའི་ཁྱིམ་ཚང་ཞིག་གི་རྒྱུད་འཛིན་པ་ཡིན། ཁྱིམ་ཚང་དེར་ཕ་རྒན་གྱི་མི་རྒྱུད་ཚོའི་ཤུལ་བཞག་ཉག་གཅིག་ནི་ཁང་རྙིང་ཆེ་ཐག་ཆོད་ཅིག་ཡོད་པ་དེ་རེད། ཡིན་ན་ཡང་ཁྱིམ་ཚང་དེར་འཚོ་བའི་དཀའ་ངལ་ཤིན་ཏུ་ཆེ།
དེའི་རྒྱུ་མཚན་ནི་ཁྱིམ་ཚང་དེར་ཟ་མཁན་མང་བའི་སྒང་ལ་གསོག་མཁན་ཕ་རྒན་གཅིག་པུ་ལས་མེད་པས་རེད། མ་གཞི་བྱས་ན་ནང་གི་བུ་མོ་ཚོ་ལོ་ཚད་ལོན་པ་རྐྱང་རྐྱང་ཡིན་པས་ཁོ་ཚོས་བྱ་བ་གང་ཞིག་ལས་ན་ཡང་མི་འཇོན་པ་ཡོང་མི་སྲིད་པར་མ་ཟད། བུ་མོ་ཚོའི་ངོས་ནས་ཀྱང་ཁོ་ཚོས་ཕྱི་རུ་བྱ་བ་ལས་ཏེ་རང་ཁྱིམ་གྱི་དཀའ་ངལ་སེལ་ཞིང་ཕ་རྒན་གྱི་ཁུར་པོ་ཡང་དུ་གཏོང་འདོད་མོད། འོན་ཀྱང་ཞེ་འདོད་དེ་ནི་སེམས་ནང་གི་རེ་སྨོན་ཙམ་ལས་ཁ་ནས་བརྗོད་པ་ཙམ་ཡང་མི་ཕོད་དེ། གལ་སྲིད་དེ་ལྟར་བརྗོད་པའི་དབང་དུ་བཏང་ན་ཕ་རྒན་གྱི་ཁ་ལག་གཉིས་ཀས་ཚར་གཅོད་ངེས་པར་ཐེ་ཚོམ་མེད། རྒྱུ་མཚན་ནི། ཁོ་ཚོའི་སྲོལ་རྒྱུན་ལ། བུད་མེད་ཚོས་སློབ་སྦྱོང་བྱས་ཏེ་ཕྱི་ནས་བྱ་བ་ལས་ནས་ནང་མི་གསོ་རྒྱུ་ནི་ངོ་ཚ་ཞིག་ཏུ་བརྩི་ཁར། ཐ་ན་རང་ཁྱིམ་གྱི་ཕྱི་ལོགས་སུ་གོམ་པ་སྤར་བ་ཙམ་ཡང་མི་རུང་བར་བརྩི་སྲོལ་ཡོད་འདུག
སྲོལ་རྒྱུན་དེའི་ཕུགས་ཐུག་ས་ནི་ཁོ་ཚོའི་ཆོས་ལུགས་ཀྱི་ངོས་ནས་བུད་མེད་ནི་སྡིག་རྐྱལ་ཡིན་རབས་སོགས་རྒྱུ་མཚན་མང་པོ་ཞིག་བགྲང་རྒྱུ་ཡོད་པ་དག་རེད། ཁྱིམ་ཚང་དེའི་ཕ་རྒན་ནི་ཁོ་ཚོའི་སྲོལ་རྒྱུན་དག་རེ་རེ་ནས་མ་ཉམས་པར་བརྩི་སྲུང་བྱེད་མཁན་ཞིག་ཡིན་ལ། ཁོ་ནི་སྲོལ་རྒྱུན་ལུགས་ཀྱི་སྨན་དང་ཨིསིལམ་(Islam)(ཁ་ཆེའི་ཆོས་ལུགས་ཀྱི་མིང)གྱི་གསུང་རབས་ཀུརཱན་(Quran)ལ་ཡང་མཁས་ཙམ་ཞིག་ཡིན ཁོས་ནང་གི་ཨ་མ་དེས་གཙོས་པའི་ནང་མི་ཚང་མ་སྡུག་བསྔལ་གྱི་འདམ་རྫབ་ནང་འཕངས་ཡོད་པ་ནི། བུ་ཞིག་སྐྱེ་བའི་རེ་བས་བྱིས་པ་བསྐྱེད་དུ་འཇུག་མཚམས་གཏན་ནས་མི་འཇོག་པ་དེ་རེད། ཁོའི་རྩ་བ་ནས་བསམ་ཤེས་མེད་པའི་བྱ་སྤྱོད་དེའི་རྐྱེན་པས་ཨ་མ་དེས་ཁྱོན་བསྡོམས་བྱིས་པ་བཅུ་བཞི་བསྐྱེད་དགོས་བྱུང་བ་རེད། བྱིིས་པ་ཇི་ཙམ་མང་བ་སྐྱེས་པ་དེ་ཙམ་ནང་མིའི་ཁ་མི་གསོས་པའི་དཀའ་ངལ་དེ་ཇེ་ཆེར་འགྲོ་བཞིན་ཡོད་པས། ནང་གི་བུ་མོ་ཚོར་གྲོད་པ་འགྲང་བའི་ཁ་ཟས་ཤིག་རག་རྒྱུ་ནི་རྨི་ལམ་ལས་མ་འདས།
སྟབས་མ་ལེགས་པ་ཞིག་ལ་ཨ་མ་དེར་ཕྲུ་གུ་བཅུ་བཞི་སྐྱེས་པ་ས་དགུ་མ་གཏོགས་ལྷག་མ་རྣམས་སྐྱེས་མ་ཐག་ནས་ཤི་སོང་ལ། ཤི་མཁན་དག་ལས་གཅིག་ནི་ཏག་ཏག་བུ་གཅིག་ཁོ་ན་སྐྱེ་མྱོང་བ་དེ་རེད། དེ་བས་ཡ་ང་དགོས་པ་ཞིག་ལ་གསོན་ཡོད་པའི་བྱིས་པ་དགུ་ལས་གཅིག་ནི་མ་ནིང་ཞིག་རེད། ཕ་རྒན་གྱིས་བྱིས་པ་མ་ནིང་དེ་སྐྱེས་མ་ཐག་ནས་ལྔ་ལམ་དུ་རྫོང་རྒྱུའི་བློ་ཐག་བཅད་མོད། མ་རྒན་གྱིས་དེ་ལྟར་བྱེད་རྒྱུར་རྩ་བ་ནས་མོས་མཐུན་མ་བྱས་པས་བྱིས་པ་དེ་རིམ་གྱིས་འཚར་ལོངས་བྱུང་སོང་། བྱིས་པ་དེས་རང་ཁྱིམ་ལས་ཕྱིར་འགྲོ་རྒྱུ་ཕར་ཞོག་ཐ་ན་ཕ་རྒན་གྱི་མིག་ལམ་དུ་ཡང་རྩ་བ་ནས་མངོན་མི་ཆོག་པས། གལ་སྲིད་ཕ་རྒན་ཁྱིམ་ནང་ཡོད་ཚེ་བྱིས་པ་མ་ནིང་དེས་ཁང་ཁྱིམ་གྱི་སྦུག་དག་ཏུ་ཡིབས་ནས་སྡོད་དགོས་པ་ལས་ཕ་རྒན་གྱི་ལག་ནས་རྡུང་རྡེག་རག་མིན་ལ་ཐེ་ཚོམ་མེད།
ནང་གི་བུ་མོ་རྒན་ཤོས་ཏེ་ཛེ་ནབ་(Zenap)ནི་ཁོ་ཚོའི་ནང་ནས་སྤོབས་པ་མཐོ་ཞིང་མིག་རྒྱང་རིང་ལ། ཁ་ཆེ་བའི་སྲོལ་རྒྱུན་ཡ་ང་བ་དེ་དག་ལ་དགག་པ་རྒྱག་ཕོད་མཁན་དང་དོགས་པ་ཟ་ཤེས་མཁན་གཅིག་པུ་དེ་ཡིན་པས། ཁྱིམ་ཚང་དེའི་རེ་བ་ཉག་གཅིག་ནི་མོ་རང་ཡིན། མོས་ནང་མི་གཞན་ཚོས་བསམ་ཡང་མི་ཕོད་པའི་ལས་ཀ་བརྩམས་སོང་སྟེ། བྱིས་པ་མ་ནིང་དེར་རི་མོ་འབྲི་བའི་ལྷན་སྐྱེས་ཀྱི་ནུས་པ་ཡོད་པར་ཤེས་པས་ཁོ་རང་གི་ནུས་པ་དེ་མུ་མཐུད་ནས་གོང་སྤེལ་བྱེད་ཆེད་དང་ཕྱིའི་འཇིག་རྟེན་ལ་མཐོང་ཐོས་བསྐྱེད་ཕྱིར། ཞོགས་པ་ཕ་རྒན་ལས་ཀར་འགྲོ་བ་དང་སྟབས་བསྟུན་ནས་ཁྱིམ་མཚེས་ཚང་གི་ཕོ་གསར་དེའི་རོགས་རམ་བརྒྱུད། གསང་སྟབས་ཀྱིས་བྱིས་པ་མ་ནིང་དེར་རི་མོའི་ལས་གནས་ཤིག་བཙལ་ནས་དེར་བཏང་། ཛེ་ནབ་ནི་རྣམ་རིག་གྲུང་ལ་སྒེར་གཤིས་བརྟན་པས་དུས་རྒྱུན་ཕ་རྒན་དང་སྲོལ་རྒྱུན་གྱིས་སྐྱེད་སྲིང་བྱས་པའི་ཁོའི་བག་ཆགས་དག་ལ་དུས་དང་དུས་སུ་དགག་པ་རྒྱག་པ་སོགས་ཡ་ལན་སྣ་ཚོགས་བྱེད། མོའི་གནས་ལུགས་བཙན་ཞིང་གཏན་ཚིགས་ཀྱིས་ཕྱུག་པའི་སྐད་ཆ་དེ་དག་ལ་ཕ་རྒན་དང་ཁོའི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་གཉིས་ཀས་དོན་མཐུན་གྱི་ལན་ཞིག་རྩ་བ་ནས་མི་ཐེབས་པས། ཕ་རྒན་ཁོ་གཉིས་ཀྱི་རྩོད་པ་དེ་ནམ་ཡང་རྡུང་རྡེག་གྱིས་མཇུག་བསྡུས་འགྲོ་བ་རེད།
ཐེངས་དེ་ནི་ཛེ་ནབ་དང་ཕ་རྒན་བར་གྱི་ཤིན་ཏུ་ཛ་དྲག་ཆེ་བའི་ཁ་རྩོད་ཅིག་སྟེ། མོས་རང་གི་མ་རྒན་ལ་སྐྱེ་འགོག་གི་གཤག་བཅོས་བཏང་བར་མ་ཟད་ཕ་རྒན་ལ་སྦ་གསང་མེད་བཤད། དེ་ལྟར་བཤད་དགོས་དོན་ཡང་མོས་ཕ་རྒན་ལ་གནས་ལུགས་ཤིག་ཅིས་ཀྱང་བཤད་པའི་དགོས་གལ་མཐོང་བས་རེད། དེར་ཕ་རྒན་གྱིས་ཁོང་ཁྲོ་དྲག་པོ་དང་བཅས། “ཁྱོད་ཀྱི་བྱ་སྤྱོད་འདིས་ཁུདྷཱ་(Khuda)(དཀོན་མཆོག་གི་དོན་ཡིན)གི་ཐག་གཅོད་ལ་ཐེ་གཏོགས་བྱས་པ་ཡིན་སྟབས་འདི་ནི་ཤིན་ཏུ་མ་རུང་བ་ཞིག་ཡིན།
མི་ཚེ་གནང་མཁན་ནི་ཁུདྷཱ་ཡིན་པས་ང་ཚོས་གང་བྱེད་དགོས་མིན་ཁུདྷཱ་ཁོ་ནས་མཁྱེན་པ་རེདལ། ཁུདྷཱ་གི་ཐུགས་རྗེ་ནི་སེམས་ཅན་གྱིས་གར་ཁྱབ་ལ་ཉེ་རིང་མེད་པར་ཁྱབ་ནས་ཡོད་པས་ཡོད་ཚད་ཁུདྷཱ་གིས་ཐག་བཅད་གནང་གི་རེད”ཟེར། དེར་མོས་འུ་ཐུག་པའི་ཉམས་དང་བཅས་“ཁུདྷཱ་གིས་ང་ཚོར་མི་ཚེ་གནང་བ་བདེན་ཀྱང་། ང་ཚོར་མི་ཚེ་གནང་བའི་གོ་དོན་དེ་ཨ་ཕ་ལགས་ཁྱེད་ཀྱིས་གསུངས་པ་དེ་འདྲ་རྩ་བ་ནས་མིན་པར། དེ་ནི་ང་ཚོར་བྱིས་པ་བསྐྱེད་པའི་ནུས་པ་གནང་པ་ཙམ་ལས་སུ་ཚང་གིས་བྱིས་པ་ཇི་ཙམ་བསྐྱེད་དགོས་པའི་གྲངས་ཚད་ཆ་ཚང་ཁུདྷཱ་གིས་ཐོ་བྲིས་ནས་བཀོད་སྒྲིག་བྱས་པའི་དོན་མིན། དེ་མིན་ན་ཏན་ཏན་ང་ཚོའི་གནས་བབ་ནོར་བསྡད་པ་ཡིན་ན་མ་གཏོགས། འདིར་ནི་ཁུདྷཱ་གི་ཐུགས་རྗེས་ཁྱབ་ཀྱི་མི་འདུག
འཇིག་རྟེན་སྟེང་མི་འདི་ཙམ་མང་པོ་ཞིག་ལྟོགས་གྲིར་ཤི་བཞིན་འདུག་པས་འདི་དག་ལ་ཁུདྷཱ་གིས་ཐུགས་རྗེས་མ་གཟིགས་པ་ཨེ་ཡིན། ཡང་ན་ཁུདྷཱ་གིས་སོ་སོའི་འོས་འགན་དོར་བ་རེད་དམ། ཇི་ཙམ་ཁ་མང་བ་དེ་ཙམ་ཁ་ལག་མང་བ་དགོས་པ་དེ་ཨ་ཕ་ལགས་ཁྱེད་ཀྱིས་མགོ་མི་འཚོས་པ་ཅི་ཡིན། ཁྱེད་ཀྱིས་ཨ་མ་ལགས་ཀྱི་གནས་བབས་གང་འདྲ་ཞིག་ལ་བསྐྱལ་ཡོད་པར་མ་གཟིགས་སམ། གལ་སྲིད་ང་ཁུདྷཱ་ཡིན་པའི་དབང་དུ་བཏང་ན། ངས་འཇིག་རྟེན་སྟེང་གི་སྐྱེས་པ་ཆ་ཚང་ལ་སྐྱེས་མ་ཚོའི་སྡུག་བསྔལ་གོ་བརྡ་སྤྲོད་ཕྱིར་བྱིས་པ་རེ་ངེས་པར་བསྐྱེད་དུ་འཇུག་ངེས་ཡིན་ཟེར། མོའི་གནས་ལུགས་བཙན་པའི་སྐད་ཆ་དེ་དག་ལ་ཕ་རྒན་གྱིས་ལན་འདེབས་མི་ཐུབ་པ་བདེན་ཀྱང་། དེས་ཁོའི་དུངས་ཞེན་ལ་ཕོག་ཐུག་ཚོད་མེད་བཏང་སོང་བས་ཁ་རྩོད་དེ་ཡང་ཏག་ཏག་རྡུང་རྡེག་གིས་མཇུག་བསྡུས།
ཉིན་ཞིག་ཕ་རྒན་གྱིས་བྱིས་པ་མ་ནིང་དེས་ཕྱི་ལོགས་སུ་ལས་ཀར་འགྲོ་གི་ཡོད་པ་ཤེས་སོང། ཁོས་མཚན་མོ་དེ་ག་རང་ལ་བྱིས་པ་མ་ནིང་དེ་དབུགས་བསྒགས་ནས་བསད། པཱཀིསིཐཱན་གྱི་རྒྱལ་ཁྲིམས་གཞིར་བྱས་ན་སྲོག་ལན་སྲོག་གིས་འཇལ་དགོས་པ་འདྲ་བས་ཁྲིམས་ལྟར་ན་ཁོ་རང་ལ་སྲོག་ཁྲིམས་ཕོག་ངེས་ཀྱང་། ཁོས་ཐབས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཉེན་རྟོགས་པར་སྒོར་མོ་འབུམ་གཉིས་ཀྱི་ལྐོག་བརྔན་བྱིན་ཏེ་གྱོད་དོན་ཞི་བར་བྱས། ཁོས་ད་དུང་དེ་ལས་གཞན་པའི་ནག་ཉེས་ཤིག་བྱས་ཡོད་པ་ནི། གཞང་ཁང་བདག་པོ་ཞིག་གིས་ཕ་རྒན་དེའི་རིགས་རྫས་ལ་བུ་མོ་བསྐྱེད་པའི་ནུས་པ་དམིགས་བསལ་བ་ཡོད་པ་ཤེས་ནས། གཞང་ཁང་བདག་པོས་སྒོར་མོ་སྤྲད་དེ་ཕ་རྒན་ལ་བུ་མོ་ཞིག་བསྐྱེད་རྒྱུའི་རེ་འདོད་སྟོན་པ་བཞིན་ཁོས་ཀྱང་ཁས་བླངས་ཏེ། གཞང་ཚོང་མ་ཞིག་ལ་གཉེན་བསྒྲིགས་ནས་བྱི་ཕྲུག་ཅིག་ཀྱང་སྐྱེས།
རྗེས་སུ་གཞང་ཚོང་མ་ཨ་མ་དེས་རང་གི་བུ་མོ་དེ་རང་ཉིད་ལྟ་བུ་ཆགས་རྒྱུར་འདོད་མོས་མེད་པས། མཚན་མོ་ཞིག་ལ་མོས་ཕྲུ་གུ་དམར་འབྱར་མ་དེ་ཏག་ཏག་ཕ་རྒན་གྱི་ཁྱིམ་ལ་བསྐྱལ་ཏེ་སོང་བས་ཕ་རྒན་གྱི་ནང་མི་ཚོས་གནས་ཚུལ་ཡོད་ཚད་ཧ་གོ་སོང་། ཡིན་ན་ཡང་། ཁོས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱེད་རྒྱུ་ཕར་ཞོག ད་དུང་ནང་གི་ཨ་མ་དེར་རྡུང་རྡེག་བཏང་། མཚན་མོ་དེར་ཁོ་ཚོའི་ཁྱིམ་ཚང་དེ་དངངས་འཚབ་དང་ཛ་དྲག་གི་ཁ་དབུགས་ཤིག་གིས་ཡོངས་སུ་ཁྱབ་སྟེ་ཡོད། མི་ཚང་མ་རྨི་ལམ་གྱི་འཇིག་རྟེན་མ་འགྲིམས་པའི་སྔོན་ཏག་ཏག་དེར་གཞང་ཚོང་མའི་སྦྱིན་བདག་དེ་ཁོང་ཁྲོ་དྲག་པོ་དང་བཅས་ངར་སྐད་འདོན་བཞིན་ཁོ་ཚོའི་ཁྱིམ་དུ་ཤོར་ཡོང་བ་ཕ་རྒན་གྱིས་མཐོང་བ་དང་། དེ་མ་ཐག་ཁོ་ནི་བྱི་ཕྲུག་དམར་འབྱར་མ་དེ་གསོད་རྒྱུའི་སྟ་གོན་ལ་ཆས་སོང་། མཚམས་དེར་བུ་མོ་རྒན་པ་དེས་སྣེ་ཁྲིད་དེ་ནང་མི་ཚང་མ་སྟབས་གཅིག་ལ་ལངས་ཡོང་སྟེ་བྱི་ཕྲུག་དེའི་སྲོག་སྐྱོབ་ཐུབ་ཙམ་བྱུང་མོད། ཕ་རྒན་ནི་ད་དུང་ངར་ལངས་ཏེ་གཏན་ནས་འདུག་ཚོད་མི་ཟིན་པས་བུ་མོ་རྒན་པ་དེ་འུ་ཐུག་སྟེ་ཕ་རྒན་གྱི་མགོ་བོར་དབྱུག་པ་ཞིག་གིས་ཤུགས་ཀྱིས་བསྣུན་པ་དང་ཕ་རྒན་ཕྱི་མའི་སྔ་ལམ་དུ་བརྫངས། གྱོད་དོན་དེས་བུ་མོ་རྒན་པ་སྟེ་ཛེ་ནབ་ལ་སྲོག་ཁྲིམས་བཅད། སྲོག་ཁྲིམས་ཀྱི་སྲོལ་ལྟར་ཛེ་ནབ་ལ་སྐེ་ཐག་བརྒྱབས་ཏེ་དབུགས་བསྒགས་ནས་བསད། གང་ལྟར་ཡང་མོ་དེ་ལྟར་ཕྱི་མའི་ལྔ་ལམ་དུ་བརྫངས་སོང་།
གློག་བརྙན་དེའི་མཇུག་ཏུ་དྲི་བ་འགའ་ཞིག་བཞག་ནས་ཛེ་ནབ་ཕྱི་མའི་ལྔ་ལམ་དུ་བུད་སོང་། མོས་སྐྱོ་གདུང་ཆེན་པོས་ངུ་བཞིན་འདི་ལྟར། “ངས་རང་གི་ཕ་རྒན་ལ་ཁོས་ང་རང་སྐྱེས་པའི་བྱས་ཉེས་ལ་དགྲ་ཤ་བླངས་པ་ཙམ་ཡིན། ངའི་ཕ་རྒན་གྱིས་ཕྲུ་གུ་བརྒྱད་སྐྱེས་པ་མ་ཡིན་པར་དོན་དུ་ཁོས་ཕྲུ་གུ་བརྒྱད་བསད་པ་རེད། ངས་རང་ཉིད་ཀྱི་རྒྱབ་ཏུ་དྲི་བ་འགའ་ཞིག་བཞག་ནས་འགྲོ་འདོད་ཡོད། ཕྲུ་གུ་བསྐྱེད་རྒྱུ་མི་གསོད་ནག་ཉེས་མིན་ཞིང་གསོད་རྒྱུ་ཁོ་ན་ནག་ཉེས་ཡིན་དགོས་དོན་ཅི་ཡིན་ནམ། ཕྲུ་གུ་མང་ཐག་ཆོད་ཅིག་སྐྱེས་ནས་ཁོ་ཚོའི་འཚོ་བ་ཉམ་ཐག་ནུས་མེད་དུ་བྱེད་པ་དེ་ཅིའི་ཕྱིར་ནག་ཉེས་མིན་ནམ། ངུ་བཞིན་ལྟོགས་བཞིན་པའི་མི་ཚེ་ནི་མ་གཞི་ནས་ཐ་ཆད་འུ་ཐུག་ཅིག་ཡིན་པས་ཕྲུ་གུ་གསོ་ཐུབ་ཀྱི་མེད་ན་ཅིའི་ཕྱིར་བསྐྱེད་པ་ཡིན་ནམ། ཅིའི་ཕྱིར……”
དབྱེ་ཞིབ་ཀྱི་སྐད་ཆ་འགའ།
གློག་བརྙན་འདིའི་ནང་དོན་ཡོད་ཚད་ཚུར་བསྡུས་ན་ནང་དོན་གཉིས་ཀྱི་ཁོངས་སུ་འདུ་བར་འདུག་སྟེ། གཅིག་ནི་བུད་མེེད་ཀྱི་ཐོབ་ཐང་ལ་རྡོག་རྫིས་གཏོང་བའི་སྲོལ་ངན་དེ་ལ་དགག་པ་གཏོང་གི་འདུག་ལ། གཞན་དེ་ནི་ཕ་མ་ཁྲེལ་མེད་དག་གིས་ཕྲུ་གུ་ཚོད་མེད་དུ་སྐྱེས་ནས་འཇིག་རྟེན་མི་ཡུལ་ནས་དུད་འགྲོའི་འཚོ་བ་སྐྱེལ་དུ་འཇུག་པའི་བྱ་སྤྱོད་དེ་ལ་དགག་རྒྱག་བྱེད་པ་རེད། དྲང་པོར་བཤད་ན། གློག་བརྙན་འདི་བཟོ་མཁན་ནི་ཤོ་ཡིབ་མཱན་སུར(Shoaib Mansoor)ཞེས་པའི་པཱཀིསིཐཱན་པ་ཞིག་རེད་མ་གཏོགས། གློག་བརྙན་ནང་གི་ལྡོག་ཕྱོགས་ཀྱི་མི་སྣ་དེ་དང་དེ་འདྲ་ནི་ང་ཚོའི་མི་རིགས་འདི་ལ་ཡང་ག་ཚོད་དགོས་དགོས་ཡོད་པ་ཡིན་ལ། གློག་བརྙན་ནང་གི་གཏམ་རྒྱུད་དེ་ནི་ང་ཚོའི་ཕ་ཡུལ་ཏེ་རི་བོ་གངས་ཅན་པའི་གཏམ་རྒྱུད་ཅིག་འཁྲབ་པ་ལོས་ཡིན་བསམས་བསམས་འདུག
ཁྱིམ་ཚང་ནང་གི་ཕ་རྒན་དེར་ཆ་བཞག་ན། སྲོལ་རྒྱུན་གྱི་བག་ཆགས་སྐྱི་གཡའ་བ་དེས་ཁོ་རང་དེ་འདྲའི་ངན་པ་གཏི་ཐུག་ཅིག་ཏུ་བཏང་བ་རེད་མ་གཏོགས། ཁོ་ནི་མ་གཞི་ནས་མི་ངན་ཇག་པའི་མི་གཤིས་ཅན་དེ་འདྲ་གཏན་ནས་མ་རེད། དེ་ནི་གློག་བརྙན་དེའི་མགོ་ནས་མཇུག་བར་དུ་ཁོ་རང་བཞེངས་བསྐྲུན་བྱས་ཡོད་པའི་ངོས་རེ་རེ་ལས་ཤེས་ཐུབ། དཔེར་ན། ཁོས་རང་གི་ཕྲུ་གུ་མ་ནིང་དེ་བསད་པ་རེད་མོད། དེ་ནི་ཁོའི་མི་རྒྱུད་འདིའི་མེས་པོ་གོང་མ་ཚོའི་མཚན་སྙན་དང་བརྩིས་མཐོང་ལ་གནོད་པར་མ་ཟད། བྱིས་དེས་ཁོ་ཚོའི་སྲོལ་རྒྱུན་ལས་བརྒལ་ཏེ་ཁྱིམ་གྱི་སྒོ་ཐེམ་ཕྱི་ལོགས་སུ་གོམ་པ་བརྒྱབས་ཡོད་པས། བྱིས་པ་དེ་འདྲ་ནི་ནམ་ཡང་སྡིག་པ་གསོག་མཁན་དང་དཀོན་མཆོག་དགོངས་པ་ཚོམ་དུ་འཇུག་མཁན་ཁོ་ན་ཡིན་པར་འདོད་པའི་སྲོལ་རྒྱུན་བག་ཆགས་དེའི་དབང་གིས་ཁོས་རང་གི་ཕྲུ་གུ་མ་ནིང་དེ་གསོད་དགོས་ཐུག་པ་རེད། དེ་མིན་ན། ཉེན་རྟོག་པས་ཀུ་རཱན་གྱི་མདུན་དུ་ཁོས་སྐྱག་རྫུན་བཤད་མི་སྲིད་པ་ཤེས་ནས་ཀུ་རཱན་དཔང་པོར་བཞག་ནས་མནའ་སྐྱེལ་དུ་བཅུག་སྐབས་ཁོས་རང་ཉིད་སྲོག་གཅོད་ཀྱི་ལག་དམར་བ་ཡིན་པར་དྲང་པོ་དྲང་བཞག་གིས་ཁས་བླངས་ཡོད་ལ། གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་ཁོ་ནི་མི་དྲང་པོ་གླེན་པ་ཨུ་ཚུགས་ཅན་ཞིག་ཏུ་བཞེངས་བསྐྲུན་བྱས་ཡོད།
ཡིན་ན་ཡང་བུད་མེད་ལ་ཁྱད་གསོད་བྱེད་པ་དང་། བུད་མེད་ཀྱི་གཤིས་ཀ་རྒོད་ཅིང་རྣམ་རིག་གྲུང་པ་ནི་ཐན་ལྟས་སུ་བརྩི་བ། བུད་མེད་དག་ཁྱིམ་གྱི་ཕྱི་ལོགས་སུ་གོམ་པ་རྒྱག་པ་ནི་བདུད་ཀྱིས་བརླམས་པར་འདོད་པ། དེ་འདྲའི་བུད་མེད་དག་ནི་ནམ་ཡང་དཀོན་མཆོག་གི་བཀའ་དང་འགལ་མཁན་རྐྱང་རྐྱང་ཡིན་པས་ཚར་གཅོད་དགོས་པར་འདོད་པ་སོགས་ནི། ཁོས་ངན་བྱས་པ་མིན་ཡང་། ཁོའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ལོ་ངོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་རིག་གནས་ཀྱིས་ཁོ་ལ་བརྒྱུད་སྤྲོད་བྱས་པའི་ཕ་ནོར་ཉག་གཅིག་པོ་དེས་ཁོ་རང་དེ་འདྲ་ཞིག་ཏུ་བཏང་པ་རེད། ད་གཟོད་མི་ཆོས་ལས་འགལ་བའི་ལས་ཀ་མང་པོ་བརྩམས་དགོས་ཐུག་པ་རེད། བློ་གཟུ་བོར་གནས་ནས་སྐད་ཆ་བཤད་ན། ལྟ་ཚུལ་འདི་འདྲ་ནི་ང་ཚོ་བོད་མིའི་སྲོལ་རྒྱུན་ལ་ཡང་འདུག་སྟེ། ཁྱེད་རང་བོད་ཀྱི་གྲོང་ཚོ་ཁག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ན་མ་བུ་ངོ་འཕྲོད་ཡོང་ངེས་རེད། དཔེར་ན། བུད་མེད་ཀྱིས་གྲོས་འགོ་གང་ལ་ཡང་ཞུགས་མི་ཆོག་པ། བུད་མེད་ནི་བདུད་ཀྱི་རིགས་ཡིན་པས་ལྷ་མཆོད་སའི་མགོན་ཁང་སོགས་ལ་འགྲོ་མི་ཆོག་པ། རིག་པ་གྲུང་ཞིང་དྲན་རྒྱུ་རྒོད་ལ་ཁྱོ་གར་དབང་བསྒྱུར་བྱེད་མཁན་གྱི་བུད་མེད་དག་ནི་ཐན་ལྟས་དང་བདུད་ཀྱི་སྤྲུལ་པར་བརྩི་བ། ཕྱི་མིའི་མདུན་ནས་ཁྱོ་ག་ཚོས་ངེས་པར་བུད་མེད་ཀྱི་མགོ་བོ་གནོན་ཐབས་བྱེད་པ་དང་། གལ་སྲིད་ཆུང་མར་ཐོབ་ཐང་གཅིག་མཚུངས་སུ་སྤྲོད་མཁན་གྱི་སྐྱེས་པ་ཞིག་ཡིན་ན་དེ་ནི་སྐྱེས་པ་སྡར་མ་ཐབས་ཆག་ཏུ་བརྩི་བ་སོགས་རེད།
དེ་བས་ངས་བཤད་འདོད་པ་ནི། བུད་མེད་ཀྱི་ཐོབ་ཐང་འཕྲོག་མཁན་ནི་ཏག་ཏག་ང་ཚོའི་གོང་བཀུར་བླ་མེད་བྱེད་བཞིན་པའི་སྲོལ་རྒྱུན་གྱི་འདུ་ཤེས་དང་གོམས་སྲོལ། རིག་གནས་བག་ཆགས་རྣམས་རེད་འདུག་ཅེས་ལབ་འདོད་བྱུང་། ང་ཚོ་བོད་མིའི་ཁྲོད་དུ་ཡང་སྐྱེས་མའི་ཐོབ་ཐང་སྐོར་སྐད་འབོད་ཟ་ཟི་རྒྱག་མཁན་རེ་ཟུང་འདུག་ལ། དེ་དག་གི་ཚབ་མཚོན་ཞིག་ནི་ར་རྫ་འཇམ་དབྱངས་སྐྱིད་ལགས་རེད། ཡིན་ན་ཡང་བོད་ཀྱི་སྤྱི་ཚོགས་སུ་བུད་མེད་ལ་ཐོབ་ཐང་མེད་པའི་ཁོ་མོའི་གཏན་ཚིགས་དེ་དག་ལ་ང་ནི་གཏན་ནས་བློ་བདེ་གི་མེད། དེའི་རྒྱུ་མཚན་ནི། ཁོ་མོས་བུད་མེད་ལ་ཐོབ་ཐང་མེད་པའི་སྒྲུབ་བྱེད་ལ། ཁྱིམ་ཚང་ག་གེ་མོའི་སྐྱེས་པ་ཆེ་གེ་མོས་བུད་མེད་ཆ་གེ་མོར་སྡུག་བཏང་ལུགས་ཀྱི་གཏམ་རྒྱུད་འགའ་ཞིག་བཤད་དེ་བུད་མེད་ལ་ཐོབ་ཐང་མི་འདུག་ཟེར། དེ་འདྲ་ཡིན་ན་ནི། བུད་མེད་ཀྱིས་ཁྱོ་ག་སྡུག་ལ་སྦྱར་བའི་ཁྱིམ་ཚང་ཡང་མི་ཉུང་བ་ཞིག་ཡོད་པས་ཡང་སྙིང་སུས་སུ་ལ་ཐོབ་ཐང་རྩོད་དགོས་པ་ཡིན་ནམ།
འོན་ཀྱང་པཀིསིཐཱན་གྱིས་གློག་བརྙན་འདིས་ནི་བུད་མེེད་ཀྱི་ཐོབ་ཐང་འཕྲོག་མཁན་དེ་མི་ངན་རེ་ཟུང་ཞིག་ལ་ངོས་འཛིན་བྱས་པ་མ་ཡིན་པར། མི་རིགས་སྤྱི་ཡོངས་ཀྱི་སེམས་ཀྱི་གཏིང་རིམ་ན་ཡོད་པའི་སྲོལ་རྒྱུན་གྱི་འདུ་ཤེས་ལྟ་ཚུལ་དང་། རིག་གནས་བག་ཆགས་རྣམས་ཡིན་པ་ཁ་གསལ་གཏིང་གསལ་དུ་བསྟན་འདུག་སྟེ། ཕ་རྒན་དེས་བུད་མེད་ལ་རྒོལ་བའི་བྱ་སྤྱོད་གཡོན་ཐལ་ཅན་གང་ཡང་ཁོ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱབ་བརྟེན་འོག་ནས་བརྩམས་ཡོད་པ་ལས། མི་ངན་རེ་ཟུང་གི་བྱ་སྤྱོད་ལ་རག་ལས་པར་བསྟན་མེད། དེ་བས་ང་ཚོས་ཤེས་དགོས་པ་ཞིག་ལ། བུད་མེད་ཀྱི་ཐོབ་ཐང་འཕྲོག་པའི་ནག་ཉེས་དེ་སྲོལ་རྒྱུན་བྱེ་བྲག་པ་དེའི་འོག་ནས་འཚར་ལོངས་བྱུང་བའི་ཕོ་མོ་ཆ་ཚང་ལ་འགན་ཡོད་པ་ལས་མི་བུ་བྱེ་བྲག་པ་གཅིག་དང་གཉིས་ལ་ཁག་དཀྲི་ས་ཡེ་མེད་པས། བོད་རིགས་བུད་མེད་ཀྱི་ཐོབ་ཐང་འཕྲོག་མཁན་དེ་བོད་ཀྱི་སྐྱེས་པ་ཁོ་ན་ཡིན་པར་འདོད་པའི་འཇམ་དབྱངས་སྐྱིད་ལགས་ཀྱིས་ལྟ་ཚུལ་དེ་ཁོ་བོས་ཁས་ལེན་ཐབས་མེད།
རིག་གནས་དང་གོམས་སྲོལ་གང་ཡང་བརྩི་སྲུང་དང་གོང་བཀུར་བྱེད་མཁན་ཡོད་ན་གནས་པ་ལས་དེ་མིན་གནས་ཐབས་མེད། འོ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གོང་བཀུར་དང་བརྩི་སྲུང་བྱེད་མཁན་དེ་སྐྱེས་པ་ཁོ་ན་རེད་ཟེར་ན་དེ་ནི་གནས་ལུགས་ཀྱི་སྐད་ཆ་ཞིག་ག་ནས་ཡིན། བུད་མེད་ལ་མཐོང་ཆུང་གཏོང་བའི་སྲོལ་རྒྱུན་གྱི་གོམས་སྲོལ་མཐའ་དག་ལ་དོགས་པ་ཙམ་ཡང་མི་ཟ་བར་ཡིན་ཤག་ཤག་ཏུ་ཁས་ལེན་ཞིང་བརྩི་བཀུར་བྱེད་པའི་བུད་མེད་དེ་དག་ཅིའི་ཕྱིར་བུད་མེད་ཀྱི་ཐོབ་ཐང་འཕྲོག་མཁན་མིན་ཏེ། དེ་དག་ལ་ཡང་ནག་ཉེས་གཅིག་མཚུངས་སུ་ཡོད་པ་མིན་ནམ།(འདི་དག་ནི་ཞོར་འཕྲོས་ཡིན་ལ། ཕྱོགས་གཅིག་ནས་ངས་རྩོམ་འདི་འབྲི་བའི་དགོས་པ་ཡང་ཞོར་འཕྲོས་འདི་ན་ཡོད།)
ཞིབ་འདང་བརྒྱབས་ན། བོད་མི་རིགས་ལ་གློག་བརྙན་ནང་གི་མི་སྣ་དེ་དང་འདྲ་བའི་བུད་མེད་སྤོབས་པ་ཅན་དང་དོགས་སློང་ཅན་དེ་འདྲ་བྱོན་མྱོང་མེད་པས་སྟབས་ཡག་སོང་བ་རེད་མ་གཏོགས། གློག་བརྙན་ནང་གི་དོན་རྐྱེན་འཚབ་པོ་ཆེ་དེ་འདྲ་བོད་ཀྱི་ཡུལ་གྲུ་ཁག་ཏུ་གྲངས་མེད་པ་བྱུང་དགོས་པའི་ཚོད་རེད་སྙམ་བྱུང་།
དེ་ལས་གཞན་ཕ་མ་ཁྲེལ་མེད་དག་གིས་ཕྲུ་གུ་ཚོར་ཚད་ལྡན་གྱི་སློབ་གསོ་མྱང་དུ་འཇུག་རྒྱུ་ཕར་ཞོག ཐ་ན་གྲོད་པ་རྒྱགས་ཙམ་གྱི་ཁ་ཟས་ཙམ་ཡང་བསྒྲུབ་མི་ནུས་བཞིན་དུ་བྱིས་པ་ཚོད་མེད་དུ་སྐྱེད་པར་བྱེད་པས་དེ་དག་ནི་དོན་གྱིས་མི་གསོད་ཉེས་ཅན་པ་ཅི་ལ་མིན། དེ་བས་ངས་ཡང་བསྐྱར་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཛེ་ནབ་ཀྱི་དྲི་ཚིག་དེ་དག་དྲན་བྱུང་སྟེ། “ཕྲུ་གུ་བསྐྱེད་རྒྱུ་དེ་མི་གསོད་ནག་ཉེས་མིན་པར་གསོད་རྒྱུ་ཁོ་ན་ནག་ཉེས་ཅིའི་ཕྱིར་ཡིན་ནམ། ཅིའི་ཕྱིར…. …”
གློག་རྙན་ཡག་པོ་ཞིག་བཟོས་ཡོད་ས་རེད། ལྟ་འདོད་བྱུང་་་འཇིག་རྟེན་གྱི་བྱ་ཞག་ཕལ་ཆེར་དེ་ག་རེད་་་་
གློག་རྙན་བལྟ་བ་བཟང་ཏེ་བདེན་པ་ག་ཚོད་ཡོད་མེད་ཤེས་གལ་ཆེ། རྒྱ་རོ་དམར་པོས་༡༩༥༩་སྔོན་གྱི་བོད་དེ་ཆེས་མུན་ནག་དང་ཆེས་ཀླ་སློ་ཡིན་པའི་གློག་རྙེན་མང་པོ་འདུག་་།
ཀློག་པ་པོ་རྣམ་པར་དགོངས་སེལ་ཞུ་རྒྱུ་ཞིག་ལ། ངས་ཧོལ་རྒྱུག་བྱས་ཏེ་ཞུ་དག་ཡག་པོ་བྱེད་མ་ཐུབ་པས་ད་ལྟ་རྩོམ་ཐུང་འདིར་ཡིག་ནོར་དང་ཆ་ལྷག་གང་མང་མཐོང་རྒྱུ་འདུག་པས། ཁྱེད་རྣམ་པས་དེ་མཐུན་གྱི་བསམ་ཤེས་གནང་རོགས་ཞུ་རྒྱུ་ཡིན་ལགས།
༼ འོ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གོང་བཀུར་དང་བརྩི་སྲུང་བྱེད་མཁན་དེ་སྐྱེས་པ་ཁོ་ན་རེད་ཟེར་ན་དེ་ནི་གནས་ལུགས་ཀྱི་སྐད་ཆ་ཞིག་ག་ནས་ཡིན། བུད་མེད་ལ་མཐོང་ཆུང་གཏོང་བའི་སྲོལ་རྒྱུན་གྱི་གོམས་སྲོལ་མཐའ་དག་ལ་དོགས་པ་ཙམ་ཡང་མི་ཟ་བར་ཡིན་ཤག་ཤག་ཏུ་ཁས་ལེན་ཞིང་བརྩི་བཀུར་བྱེད་པའི་བུད་མེད་དེ་དག་ཅིའི་ཕྱིར་བུད་མེད་ཀྱི་ཐོབ་ཐང་འཕྲོག་མཁན་མིན་ཏེ། དེ་དག་ལ་ཡང་ནག་ཉེས་གཅིག་མཚུངས་སུ་ཡོད་པ་མིན་ནམ།(འདི་དག་ནི་ཞོར་འཕྲོས་ཡིན་ལ། ཕྱོགས་གཅིག་ནས་ངས་རྩོམ་འདི་འབྲི་བའི་དགོས་པ་ཡང་ཞོར་འཕྲོས་འདི་ན་ཡོད།)༽ སྐད་ཆ་འདི་གནས་ལུགས་སྟོང་གིས་ཕྱུག་པའི་གནད་དོན་ཞིག་རེད། ངས་ཀྱང་སྔ་མོ་ནས་དེ་ལྟར་བསམ་ཡོད། ཐེངས་འདིར་ཉིད་ཀྱིས་ཆུ་ཚོད་བཏང་ནས་བྲིས་བར་ཐུགས་རྗེ་ཡོད། ཁ་ཆེའི་དབུ་མེད་ཚོ་ཡོ་རོབ་ཏུ་ཡོང་ཏེ་ཡོོ་མོ་ཚོས་རྐང་ཐུང་དང་གོས་ཐུང་གོན་པ་མཐོང་བར་དགའ་བོ་མི་བྱེད་ཅིང་ལྟ་འདོད་ཀྱང་བྱེད་ཀྱི་མི་འདུག དེ་ནི་གོས་སྒྲིབ་དེ་ཙམ་མེད་པ་ལུས་ཕུང་ཕྱི་རོལ་ཏུ་སྟོན་ཡ་མང་དྲགས་འདུག་ཅེས་ངོ་རྒོལ་བྱེད་པས། ཁ་ཆེའི་ལུང་པ་ཡིན་ན་དེ་ལས་གནོད་ཤུགས་ཡོད་པ་དངོས་འབྲེལ་རེད། འཛམ་གླིང་གི་ཡུལ་གྲུ་མང་པོར་སྐྱེས་བས་གནོད་ཤུགས་སྤྲད་མི་དགོས་བར་དབུ་མེད་ཀྱིས་དབུ་མེད་ལ་གནོད་ཤུགས་སྤྲད་ནས་སྲོལ་རྒྱུན་གྱིི་སྐྱི་གཡའ་བའི་གོམས་གཤིས་འོག་ཏུ་འཇིག་རྟེན་གྱི་དབུ་མེད་མང་པོ་ཞིག་ཡར་ལངས་མི་འཇུག་པ་བདེན་དུ་ཁུམས།