གཉན་ཆེན།
ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་རེད།།
མ་གངས་རིའི་བྲག་གི་སྲིན་མོ་རེད།།
སྤུན་གདུང་དྲུག་འཕེལ་བའི་མི་རྒྱུད་རེད།།
བོད་ཁ་བ་ཅན་གྱི་གཞི་འཛིན་རེེད།།
ནང་ཕུ་ནུའི་ནང་དམེ་ངོ་ཚ་རེད།།
གངས་དཀར་པོ་ང་ཚོའི་ཕ་ཡུལ་རེད།།
སེང་གཡུ་རལ་ང་ཚོའི་རྒྱལ་བོ་རེད།།
འབངས་ཆོལ་གསུམ་ང་ཚོའི་ནང་མི་རེད།།
བོད་ཁ་བའི་ཁྱིམ་གཞི་གཅིག་པ་རེད།།
སྤུན་ན་ཟླས་ནང་འཁྲུག་མ་སློང་རོགས།།
ཆོས་གཞན་ཕན་བྱམས་དང་སྙིང་རྗེ་རེད།།
མགོན་རྒྱལ་བ་ཉི་ཟླ་རང་ཤར་རེད།།
གསུང་བྱིན་རླབས་ཅན་པོ་རང་བྱོན་རེད།།
བོད་གཅིག་སྒྲིལ་ཡོང་བའི་རེ་སྒུག་ལ།།
མི་ངན་པས་གཏོར་བརླག་མ་བྱེད་རོགས།།
ས་ཆེན་པོ་གོ་ལའི་ཁྱིམ་གཞི་རེད།།
མཁའ་ཡངས་མོ་ནམ་མཁའི་རྒྱ་ཁྱོན་རེད།།
བློ་རིག་པ་འཇིག་རྟེན་ལམ་སྟོན་རེད།།
སེམས་དོག་མོའི་ས་རྩོད་ཆུ་རྩོད་འདི།།
ས་གང་ས་གང་ནས་སྤོང་ཐབས་བྱོས།།
ས་དོག་མོ་རང་ས་རང་ཡུལ་ནས།།
སེམས་དོག་མོའི་རྩྭ་ས་རྩོད་རྙོག་འདི།།
ས་གང་ས་གང་ན་ཡོད་ནའང་།།
སྲོག་དམར་པོ་རྩོད་པའི་སྲོལ་ངན་འདི།།
བོད་ཁ་བ་ཅན་གྱི་གླེན་རྟགས་རེད།།
བུ་དཔའ་བོ་ཡོད་ན་ལོངས་ལ་ཤོག །
བུ་དཔའ་བོའི་དཔའ་རྟགས་སྟོན་ས་ཡོད།།
དགྲ་རྩོད་ན་ལག་དམར་ཤར་ན་ཡོད།།
བུ་དཔའ་བོའི་དཔའ་རྟགས་དགྲ་ལ་སྟོན།།
བོད་སྤུན་ཟླའི་ནང་ལ་མ་ངོམས་རོགས།།
ས་རྒྱུ་ནོར་འཛམ་གླིང་ཀུན་གྱིས་རྩོད།།
གྱོད་ཁ་འཆུ་ཡོང་བ་ཆོས་ཉིད་རེད།།
གྲི་མེ་མདའི་ཁ་ནས་གྱོད་གཞི་ཞིག །
འགྲིག་ཡོང་བའི་རྩོད་རྙོག་སྲིད་ན་དཀོན།།
རྒན་གྲོས་མཐུན་གཏམ་གྱིས་ཞི་འགྲིག་བྱོས།།
ས་ཆེ་ཆུང་རྩོད་རྙོག་ཤོར་དུས་ན།།
སྙིང་དམར་བོ་བྲང་ནས་ལྡང་གི་རེད།།
རླུང་ནག་པོ་སྟོད་ལ་འཚངས་ནའང་།།
བོད་སྤུན་ཟླའི་ནང་འཁྲུག་མ་རྒྱག་རོགས།།
གྲི་མཚོན་ཆ་དོར་ནས་བཟོད་སྒོམ་བྱོས།།
༢༠༡༣ ༡༠ ༨ ཉིན།
མདའ་གྲི་མདུང་གསུམ་ཚབ་ལ།།
རིག་ནས་ཡོན་ཏན་སྦྱོངས་དང་།།
ཕ་རོལ་དགྲ་བོ་དཔུང་ཚོགས།།
ཚིག་གཅིག་གིས་ཀྱང་གསོད་ཐུབ།།