དྲིལ་ལྕེ། (སྔོན་མའི་འཕྲོས།)
༼ག༽
དུས་སྐབས་འདིར། དགོན་པར་ཚོགས་འཚོགས་པ་དང་། རིམ་གྲོ་སྒྲུབ་པ། སྨོན་ལམ་གསུངས་པ་སོགས་ཡར་ཚོགས་མང་བོ་མི་འདུག ཨ་ཁུ་གྲྭ་ཤག་འདིར་མེད་སྟབས། ང་རང་ཧ་ཅང་གུ་ཡངས་དང་རང་དབང་ཆེན་པོ་འདུག མཚམས་རེ་རབ་འབྱོར་དང་ངེད་གཉིས་སྤྲོ་འཆམ་རེ་དང་། དགོན་པའི་ཕྱི་ནང་དུ་འདུར་རྒྱུག་རེ་བྱེད་པ། དགོང་སྔ་ཉལ་འཕྱི་ཉལ་ལ་གཏན་ཁེལ་མེད་པ་དང་། ནངས་སྔ་ལངས་འཕྱི་ལངས་ལ་དུས་བཀག་མེད་པ། ལུས་སེམས་ནམ་ཁོམ་ལ། ང་རང་གིས་དཔེ་ཆ་བློ་འཛིན་བྱས་པ་ཡིན། དུས་ཡུན་དེའི་ནང་། ཚོགས་ཆེན་འདུ་ཁང་ཐོག་གི་མཁར་རྔ་ནམ་རྡུང་བ་ཡིན་ན། འདུ་ཁང་ནང་ཚོགས་ལ་ཞུགས་རྒྱུ་དང་། འདོན་པ་སྨོན་འདེབས་གནང་རྒྱུ་དེ་རེད། མཚམས་རེ། ཞོགས་པར་གཉིད་ལ་ཤོར་སྐབས། མཁར་རྔའི་སྒྲ་གཉོམ་པོ་ཞིག་ལས་རྣ་ལམ་དུ་མི་གོ་དུས། རང་ཉིད་བློ་བདེ་བོ་ངང་མུ་མཐུད་གཉིད་བསྡད་པ་ཡིན།
གྲྭ་ཤག་འདིར། ངའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་དང་། ང་ལ་ཚོགས་སུ་ཞུགས་དགོས་པར་ངའི་ལུས་སེམས་གཉིས་ལ་ཚ་འདེད་བྱེད་མཁན་མེད་ལ། བྱེད་ལས་དང་འགན་འཁུར་སོགས་ཀྱང་མེད། ང་ལ་གཅིག་ལྷག་པ་ནི། དཔེ་ཆ་བློ་འཛིན་བྱེད་རྒྱུ་དེ་རེད། ང་ལ་མཚོན་ན་དཔེ་ཆ་ངག་སྐྱོར་བྱེད་རྒྱུ་ནི་བསུན་སྣང་གི་རྒྱུ་ཞིག་མ་རེད། རང་ཉིད་ལ་དཔེ་ཆ་བསྐྱོར་རྒྱུ་དགའ་སྣང་བྱུང་ཚེ། ངས་ཉིན་གུང་ལ་ཡང་དཔེ་ཆ་བློ་འཛིན་བྱས་པ་དང་། ཨ་ཁུ་གྲྭ་ཤག་ཏུ་བཞུགས་མེད་སྟབས། ངས་ག་དུས་དཔེ་ཆ་ཀློག་འདོན་བྱེད་འདོད་ཡོད་ཚེ། དེ་དུས་དཔེ་ཆ་བཀླགས་པ་ཡིན།
སྐབས་ཤིག་ནས། ངས་དཀྱིལ་ཀྲུང་བྱས་ཏེ་དཔེ་ཆ་ཀློག་པའི་གོམས་གཤིས་དོར་ནས། གྲྭ་ཤག་གི་ལྷས་ན། དཔེ་ཆའི་ཤོག་ལྷེབ་རེ་ལག་ཏུ་བཟུང་སྟེ་གོམ་བགྲོད་བྱེད་བཞིན་དཔེ་ཆ་ངག་བསྐྱོར་དང་བློ་འཛིན་བྱས་པ་ཡིན། ཐ་ན་ཉིན་གུང་དང་ཕྱི་དྲོ་ལ། གྲྭ་ཤག་གི་ལྷས་རར་དྲོད་རྒྱས་པ་ན། རང་ཉིད་ཀྱི་གཟན་ཤམ་སྐེད་པར་བཅང་སྟེ་དཔེ་ཆ་བློ་འཛིན་བྱས་པ་ཡིན། ཆོས་དཔེ་བློ་འཛིན་བྱེད་རྒྱུ་ནི། ང་ལ་སྤྲོ་སྣང་འཕེལ་བ་ཞིག་རེད། ངས་དཔེ་ཆ་མང་བོ་ཞིག་བློ་འཛིན་བྱས་པ་དང་། དཔེ་ཆ་དེ་དག་ལས་མང་ཆེ་བ་ཞིག དགོན་པའི་འདུ་ཁང་གི་ཚོགས་གྲལ་དུ་ཞལ་འདོན་བསྐྱོར་བ་ཤིན་ཏུ་ཉུང་ཉུང་རེད། མཚམས་རེ། ངས་དཔེ་ཆའི་ནང་གི་ཡི་གེ་དེ་དག་ལ། གོ་བ་ལེན་རྒྱུ་ཐབས་ཤེས་བྱས་ཀྱང་། དངོས་གནས་ང་ལ་གོ་རྟོགས་དང་ནང་དོན་ཅི་ཡང་མི་འདུག དེར་བརྟེན། སྐབས་རེ། ངའི་ཁ་ནས་རླུང་ལྟར་གྲགས་པའི་ཞལ་འདོན་དང་དཔེ་ཆ་འདོན་རྒྱུའི་དགའ་སྣང་ཡང་བརླགས་པ་ལྟ་བུའི་ཚོར་སྣང་བྱུང་།
མཚན་མོ་ཞིག་ལ། ང་རང་ཁེར་རྐྱང་དང་ཉོབ་སྣང་ངང་འཚོ་བའི་སྐབས། ངའི་སེམས་ལ་དྲིལ་རྙིང་དེ་འཁོར་བྱུང་། ངས་དྲིལ་བུ་དེ་རང་གི་སྔས་འགྲམ་གྱི་མདུན་ཅོག་ཐོག་བཞག་ནས་ཞིབ་ལྟ་བྱས་པ་དང་། ལན་རེ། ངས་ཐུར་མ་རྐང་གཅིག་གིས་དལ་བུར་གཞུས་པ་ཡིན། དྲིལ་སྒྲ་ཧ་ཅང་གཉོམ་པོ་ཞིག་གྲགས་ཡོང་བ་དང་། སྒྲ་འདི་ལ་ཡང་ཡང་ཉན་འདོད་བྱུང་། ལྷང་འཇགས་ཀྱི་མཚན་མོའི་ཁྲོད་དུ་དྲིལ་སྒྲ་འདི་ནི། གྲྭ་རྐྱང་ངའི་རྣ་ལ་ཤིན་ཏུ་སྙན་ཅིང་འགྱུར་ཁུགས་ལྡན་པ་ཞིག་རེད། དེ་བཞིན་དྲིལ་སྒྲའི་ཁྲོད་རང་ཉིད་ལ་སྟོང་འདང་དང་རྨི་ལམ། རེ་སྨོན་མང་བོ་ཞིག་འཕེལ་ཡོང་བ་མ་ཟད། དྲིལ་སྒྲ་འདི་ངའི་རྣ་ལམ་དུ་ལྷུང་བ་ནས་བཟུང་། ང་ལ་དྲིལ་བུ་འདིའི་སྐོར་དང་རང་ཉིད་ཀྱི་མི་ཚེ་སྐོར་ལ་དྲི་བ་མང་བོ་ཞིག་འཁོར་ཡོང་།
ཞོགས་པའི་ཉི་འོད་ཀྱིས་ངའི་གྲྭ་ཤག་གི་ཁང་མིག་ནི་གསལ་ལྷང་ངེར་འདུག སྔས་འགོའི་མདུན་ཅོག་ཐོག་གི་དྲིལ་རྙིང་ལ་ཉི་ཟེར་ཕོག་སྟེ་འོད་འཚེར་འཚེར་བྱེད་བཞིན་འདུག ཉི་འོད་ཁྲོད་ཀྱི་དྲིལ་བུ་འདི་གཟི་འོད་འབར་བ་ཞིག་ཏུ་སྣང་། ངའི་སེམས་ལ་དྲིལ་བུ་འདི་ལ་དྲིལ་ལྕེ་ཞིག་ངེས་པར་དུ་གདགས་དགོས་བསམས། ཞོགས་པར་ཡར་ལངས་ཏེ་ནམ་རྒྱུན་ལྟར། མཆོད་ཁང་གི་མཆོད་ཁྲིའི་ཐོག་མཆོད་བཤམས་དང་སྤོས་སྒྲོན་པ། གྲྭ་ཤག་ནང་གཙང་དག་བཟོས་པ་བཅས་བྱས་པ་དང་། ཅ་ནེ་ནང་རྩམ་པ་བརྫིས་ཏེ་ཞོགས་ཇ་འཐུང་བ་ཡིན།
ཉིན་དེའི་གནམ་གཤིས་གསལ་ཞིང་དྭངས་པ་ཞིག་རེད། ང་རང་ལ་ཚོར་བ་འགོག་མེད་ཅིག་གིས། དྲིལ་བུ་འདི་ལ་དྲིལ་ལྕེ་ཞིག་ཐོབ་འདོད་བྱུང་། ངས་བསམ་བློ་བཏང་མཐར། དྲིལ་ལྕེ་དགོས་པ་ཡིན་ན། ང་རང་ངེས་པར་དུ་གྲོང་བརྡལ་དུ་འགྲོ་རྒྱུ་ཉག་ཅག་རེད། ཉིན་གུང་ཙམ་ལ་ངས་དྲིལ་བུ་དེ་འཁྱེར་ནས་གྲོང་བརྡལ་དུ་ལམ་དུ་ཆས་པ་ཡིན། ཟང་ཟིང་གི་གྲོང་བརྡལ་འདིར་མི་རིགས་འདྲ་མིན་གང་འཚམ་ཞིག་འདུག ང་རང་ཐད་ཀར་རྒྱ་ཁ་ཆེ་མཱ་མགར་བ་འཚོལ་དུ་ཕྱིན་པ་ཡིན།
གྲོང་བརྡལ་འདིར་ལྕགས་རིགས་དང་། ཤིང་རིགས་བཟོ་མཁན། གོས་དང་གོན་རྒྱུ། ཐ་ན། ཇ་དང་ཚྭ་བཙོང་མཁན་སོགས་རྒྱ་ཁ་ཆེ་རྣམས་ཡིན། རྒྱ་ཁ་ཆེ་འདི་ཚོས། བོད་སྐད་ཆུ་རྒྱུགས་ཆུ་རྒྱུགས་བཤད་ཐུབ་ལ། ཁོ་ཚོས་བོད་སྐད་བཤད་སྐབས། མཚམས་རེ་བོད་ཀྱི་གཏམ་དཔེ་ཁ་ཤས་ཀྱང་སྐད་ཆའི་ནང་བསྲེས་ནས་བཤད། ཁོ་ཚོའི་སྐད་ཀྱི་གདངས་ནི་བོད་མི་ཚོ་དང་མ་འདྲ་བ་ཞིག་དང་། ཚིག་ཁ་ཤས་ཀྱི་སྒྲ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། ཡིན་ནའང་། ཁོ་ཚོས་སྐད་ཆ་བཤད་སྐབས་ཉམས་དགའ་བ་ཞིག་དང་། ལུས་ཀྱི་བརྡ་སྤྲོད་སྟངས་ངོ་མཚར་བ་ཞིག་ཡོད། རྒྱ་ཁ་ཆེ་ཚོང་བ་འདི་ཚོས། ཚོང་ཉོ་མཁན་བོད་མི་ཚོ། ཐོག་མར་ཐུག་དུས་ནས་བཟུང་། ཕན་ཚུན་ངོ་ཤེས་ལྟ་བུའི་རྣམ་འགྱུར་ཞིག་སྟོན་པ་དང་ལྷན། ཁམས་བདེ་ཡིན་མིན་གྱི་འཚམས་འདྲི་གནང་། དེ་ནས་ལག་པ་གཅིག་གིས་སྨ་ར་བྱིལ་བྱིལ་གཏོང་བཞིན་ཁ་བརྡ་བྱེད། ཁོ་ཚོས་སྐད་ཆ་བཤད་སྐབས། སྨིན་མ་སྟུག་པོ་དེའི་འོག་གི་མིག་གཉིས་པོ་ཧ་ཅང་གྲུང་ཤ་དོད་པོའི་ངང་ཕར་འགུལ་ཚུར་གཡོ་བྱེད་པ་དང་། ལག་པ་གཞན་དེ་ཡང་མདུན་གྱི་ནམ་མཁར་དལ་མོར་གཡུག་ཅང་སྐད་འཇམ་ཞིང་། མཐོ་དམའ་རན་པའི་ཁ་བརྡ་བྱེད། དེ་ནི་ཉམས་སྣང་ཅན་ཞིག་ཀྱང་རེད།
༼ང༽
སྔོན་ཆད་ང་རང་སྡེ་བའི་གྲོང་ཁྱིམ་དུ་ཡོད་དུས། ཨ་ཞང་གིས་ང་རང་མཱ་མགར་བ་མདུན་དུ་ཐེངས་ཁ་ཤས་འཁྲིད་མྱོངས་ཡོད། སྡེ་མི་ཚོས་ཁྱིམ་གྱི་ཟངས་དེམ་དང་ལྕགས་ཀྱི་ཡོ་ཆས་སོགས་ལ་ཚ་ལ་རྒྱག་དགོས་པ་དང་བཟོ་བཅོས་རྒྱག་དགོས་ཚེ། ཐད་ཀར་མཱ་མགར་བའི་མདུན་དུ་འགྲོ། ངའི་ཨ་ཞང་ནི་མཱ་མགར་བ་དང་གྲོགས་པོ་རྙིང་བ་ལྟ་བུ་ཞིག་རེད། མཱ་མགར་བས་ངའི་ཨ་ཞང་གི་ལྕགས་རིགས་སོགས་ལ་བཟོ་བཅོས་དང་ཚ་ལ་རྒྱག་ཞོར་ཁ་བརྡ་གནང་།
སྐབས་དེའི་མཱ་མགར་བའི་སྣང་བརྙན་གསལ་བོ་ཞིག་ངའི་དྲན་ཡིད་དུ་མི་འཁོར་མོད། ནག་ཁུང་ཆགས་པའི་ཁོང་གི་མགར་ཁང་ནང་། ལུས་སྟོབས་དར་བའི་མཱ་མགར་བའི་བོད་སྐད་ཆུ་རྒྱུགས་རྒྱུགས་བཤད་པ་དེ། ད་དུང་ཡང་ངའི་རྣ་ལམ་དུ་གསལ་ལྷང་ངེར་འདུག ཁོང་གིས་བོད་སྐད་དག་པོ་ཅིག་བཤད་པ་དེ་ང་རང་མཚར་སྣང་ཡང་བྱུང་། སྐབས་དེར་། ང་རང་ལོ་ན་ཆུང་ན་ཡང་། ངའི་མིག་དང་སེམས་པ་འཁོར་ས་ནི་མཱ་མགར་བའི་བུ་མོ་སྙིང་རྗེ་བོ་དེ་རེད།
མཱ་མགར་བའི་བུ་མོ་ལོ་ན་བཅོ་བརྒྱད་ཙམ་ཞིག་རེད། མོ་ནི་སྐྱེས་གཟུགས་ཤིན་ཏུ་མཛེས་པ་དང་། གདོང་ལ་དཀར་ཤ་ཆེ་ལ་སྙིང་རྗེ་བོ་ཞིག་ཡིན། མོའི་མིག་གི་སྨིན་མ་སྟུག་ཅིང་གཟི་མ་རིང་བ། མིག་རིལ་གཉིས་ཆེ་ལ་གྲུང་ཤ་དོད་པ། མིག་ཟུང་ཕར་གཡོ་ཚུར་གཡོ་བྱེད་སྐབས་ཧ་ཅང་རྣོ་བོ་ཞིག་དང་ལྟ་མི་བཟོད་པ་ཞིག་ཡིན། མོའི་མཛེས་བྱད་དེས་ངའི་མིག་རིལ་གཉིས་ཀྱང་རང་དབང་མེད་པར་མོའི་ཕྱོགས་སུ་ཤོར་འགྲོ་ལ། ངེད་གཉིས་ཀྱི་མིག་གཉིས་གདོང་ཐུག་རྒྱབ་དུས། ང་ནི་ཉམས་ཆུང་ངུ་གྱུར་ཏེ་ངའི་མིག་གི་ཁ་ཕྱོགས་ཐང་དུ་ལྷུང་འགྲོ།
མཱ་མགར་བས་ངའི་ཨ་ཞང་ལ། བུ་མོ་ལ་མགར་ལས་ཞིག་བསླབ་ཀྱང་ལས་ཀ་ཡག་པོ་མི་བྱེད་པར་། རྟག་པར་དེང་སང་གི་གཞས་ལ་ཉན་ཏེ་སྡད་པ་རེད། ཁ་ལ་ཉན་པོ་མི་འདུག་ཅེས་ཟེར། ཁོས་འོག་རྡོ་ཐོག་གི་དམར་འཚུབ་འཚུབ་ཀྱི་ལྕགས་ལེབ་དེར་ཐོ་བས་གཞུས་པ་དང་། མེ་སྟག་དམར་འཚུབ་འཚུབ་གང་སར་ཐོར་བ་མ་ཟད། མཱ་མགར་བའི་ལག་མགོའི་ཐོག་དང་ལུས་ཐོག་ཏུ་ཐོར་ན་ཡང་། ཁོང་ལ་སྣང་དོག་ཙམ་ཡང་མི་འདུག ཁོས་མགོ་བོ་གཡུག་གཡུག་གནང་སྟེ། མུ་མཐུད་དུ་བཤད་རྒྱུ། དེང་སང་གི་གཞས་དེ་ཚོའི་ཚིག་རྣམས་ནི་ལ་གཞས་རང་རེད། ངོ་ཚ་བ་རང་རེད་ཟེར། མཱ་མགར་བས་ཁོང་གི་ཁ་ནས་ལ་གཞས་ཞེས་པའི་ཚིག་དེ་ངའི་ཨ་ཞང་མདུན་དུ་བཤད་སྟབས་ང་རང་ཡང་ངོ་ཚ་བོ་བྱུང་།
༼ཅ༽
མཱ་མགར་བས་ང་རང་མཐོང་མ་ཐག ཨ་ཁུ་གྲྭ་བ། ཁྱེད་ལ་ཅི་ཞིག་དགོས་ཟེར། ངས་ཁུག་མ་ལས་དྲིལ་བུ་དེ་ཕྱིར་བཏོན་ཏེ་ཁོ་ལ་བསྟན་པ་དང་། དྲིལ་རྙིང་འདི་ལ་དྲིལ་ལྕེ་ཞིག་དགོས་ཞེས་བརྗོད་པ་ཡིན། མཱ་མགར་བས་དྲིལ་བུ་ལག་ཏུ་བཟུང་ནས་ཕྱི་ནང་གཉིས་ལ་ཞིབ་ཚགས་ཤིག་བལྟས་རྗེས། ཨོ། སྟབས་ལེགས་པ་ཞིག་ལ། དྲིལ་བུ་འདིའི་ནང་དྲིལ་ལྕེ་གདེག་ས་འདུག དྲིལ་བུ་འདི་ཧ་ཅང་རྙིང་བ་ཞིག་ཡིན་སྟབས། དྲིལ་ལྕེ་བཟོ་བར་ལྕགས་རིགས་མཉམ་སྦྱོར་བྱེད་དགོས། དེ་འདྲའི་དཀའ་ཁག་ཅན་ཞིག་མ་རེད་ཟེར།
མཱ་མགར་བས་དྲིལ་ལྕེ་བཟོ་བཞིན་ང་ལ་ཁ་བརྡ་བྱས། དེང་སང་གྲོང་བརྡལ་ནང་། ཨ་ཁུ་གྲྭ་བ་སྐོར་ཁག་འགའ་རིག་རྒྱུ་འདུག སྔོན་མ་ཡིན་ན། གྲོང་བརྡལ་ནང་གྲྭ་བ་མང་བོ་མཐོང་གི་མ་རེད་ཟེར། ངས་མཱ་མགར་བའི་སྐད་ཆ་ཉན་ཞོར། མིག་གིས་ཁོའི་བུ་མོ་སྙིང་རྗེ་བོ་འདིར་ཡོད་ན་བསམས་ཏེ། མགར་ཁང་གི་ནང་ཡར་ལྟ་མར་ལྟ་ཡང་ཡང་བྱས་ཀྱང་། མིག་གིས་མཐོང་སར་མི་འདུག ཁོས་མུ་མཐུད་དུ། གལ་སྲིད་ཁྱེད་རང་ལ་ཚོང་ཁང་གཞན་དུ་ཅ་དངོས་གཞན་དགོས་ཚེ། དེར་སོངས། ཕྱིར་འཁོར་ཡོང་ན་འགྲིགས་པ་རེད་ཟེར། ངས་ཐུགས་རྗེ་ཆེ། ང་རང་དྲིལ་ལྕེ་འདིའི་ཆེད་དུ་གྲོང་བརྡལ་དུ་ཡོང་བ་ཡིན། བྱ་བ་གཞན་ཅི་ཡང་མེད་ཞེས་བརྗོད་པ་ཡིན།
མཱ་མགར་བ་ནི་ལོ་ན་ཅུང་མཐོ་བའི་མགར་བ་ཞིག་རེད། ཡིན་ནའང་། ཁོ་ནི་རྒྱ་ཁ་ཆེ་གཞན་དང་མ་འདྲ་བ་ཞིག་རེད། ཁོའི་གདོང་ན་སྨ་ར་དང་ཁ་སྤུ་ཅི་ཡང་མེད་ལ། མགོ་ན་ཡང་རྒྱ་ཁ་ཆེ་གཞན་ལྟར་ཞྭ་དཀར་པོ་ལེབ་ལེབ་དེ་ཡང་མི་འདུག སྐབས་དེར། ཁོས་དེང་རབས་ཀྱི་ཞྭ་མོ་མཆུ་རིང་ཉི་ཁེབ་དེ་གོན་འདུག ཁོང་འགྲོགས་བདེ་ཞིང་ཁ་བརྡ་ལ་དགའ་མཁན་ཞིག་རེད། ཁོང་གི་ལག་བྱང་དུ་ཕྱིན་པའི་མགར་ལས་ནི་ང་ལ་མཚོན་ན་ལྟད་མོ་ཡ་མཚན་ཅན་ཞིག་ཀྱང་རེད། ལག་གཅིག་གིས་ཁོལ་མོ་ལ་རེག་ཙམ་བྱས་པ་ན། མེ་ཐབ་ལས་མེ་ལྕེ་དམར་འཚུབ་འཚུབ་ཅིག་མཆེད་པ་དང་། ལག་གཞན་དེས་ལྕགས་མདུང་ཞིག་མེ་ནང་བཙུགས་ཏེ་ཁོལ་མོ་རྒྱབ་པ་ན། ལྕགས་མདུང་གི་མགོ་ཡང་དམར་འཚུབ་འཚུབ་བྱེད། ལྕགས་མདུང་གི་མགོ་དེ་ཁོས་འོག་རྡོ་ཐོག་བཞག་ནས་ཐོ་བས་ཐེངས་ཁ་ཤས་བརྡུངས་པ་ན་དུམ་བུ་ཆག་པ་དང་། དམར་འཚུབ་འཚུབ་ཀྱི་ལྕགས་དུམ་དེ་ལྕགས་ཀྱི་སྐམ་པས་ཕྱིར་མེ་ཐབ་ནང་གཡུགས།
མཱ་མགར་བ་མེ་ཐབ་དང་མགར་སྤྱད་ཀྱི་མཐའ་རུ་འཚུབ་འཁོར་བྱེད་བཞིན་པ་དང་། ཡུད་ཙམ་ཞིག་གི་རྗེས་ཁོས་དྲིལ་ལྕེ་བཟོས་ཚར་སོང་། ཁོས་དྲིལ་ལྕེ་ང་ལ་སྟོན་བཞིན། ཁྱེད་ཀྱི་དྲིལ་བུ་ཧ་ཅང་རྙིང་བ་ཞིག་རེད། དྲིལ་བུ་འདིའི་རྒྱུ་ཆ་གནའ་བའི་ཁྲོལ་ལྕགས་དང་ལྕགས་རིགས་གཞན་བསྡེབ་སྦྱོར་བྱས་ནས་བཟོས་པ་ཞིག་རེད། ད་དུང་དྲིལ་བུ་འདི་མ་ཉམས་པ་དང་གས་ཆགས་མ་ཤོར་བར་ཡོད་པ་ནི་ངོ་མ་ཧང་སངས་པ་ཞིག་རེད། ངས་དྲིལ་ལྕེ་འདི་ཁྲོ་ལྕགས་དང་ལྕགས་རིགས་གཞན་དང་བསྲེས་ནས་བཟོས་ཡོད། དྲིལ་ལྕེ་འདིས་དྲིལ་རྙིང་ལ་སྐྱོན་མི་ཕོག་པའི་རེ་བ་ཡོད་ཞེས་ཟེར།
ཁོས་དྲིལ་ལྕེ་བཏགས་ཏེ་དྲིལ་བ་དཀྲོལ་བ་ན། དྲིལ་སྒྲ་ཧ་ཅང་སྙན་ཞིང་འཇམ་པ་ཞིག་དང་། གསལ་ཞིང་དྭངས་པ་ཞིག་རེད། དྲིལ་སྒྲ་དེ་ཐོས་པ་ན། ང་རང་ཧ་ཅང་དགའ་སྣང་ཞིག་སྐྱེས། ཁོ་ཡང་ཧང་སངས་ཏེ་དྲིལ་བུ་དེ་ཡང་བསྐྱར་དཀྲོལ་བ་དང་། ཁོས་དྲིལ་བུའི་སྒྲ་ལ་ཉན། དྲིལ་བུ་འདི་ངོ་མ་ཡ་མཚན་ཞིག་རེད། གྲྭ་བ་ཁྱེད་ཀྱིས་དྲིལ་ལྕེ་འདིའི་རྒྱུ་ཆའི་རིན་ཙམ་སྤྲད་ན་ཆོག སྒོར་སུམ་ཅུ་སྤྲོད་རོགས་ཞེས་ཟེར། སྒོར་སུམ་ཅུ་ནི་ངའི་བློ་ཡིད་དུ་འཁོར་མེད་ཀྱང་། མཱ་མགར་བ་ནི་གྲོང་བརྡལ་འདིའི་ནང་བློ་གཏད་ཆོག་པའི་རྒྱ་ཁ་ཆེ་མགར་བ་ཞིག་ཡིན། ཕལ་ཆེར་ཁོས་དྲིལ་རྙིང་འདི་ལ་དམིགས་བསལ་གྱི་དྲིལ་ལྕེ་ཞིག་བཟོས་པ་འདྲ། ངས་ཁོས་བཤད་པ་ལྟར་སྒོར་སུམ་ཅུ་སྤྲད་པ་ཡིན།
མུ་འགོད་གནང་རོང་་་ཚོང་མ་ཀློག་པ་ཡིན།
དངོས་ནས་སྒྲུང་གཏམ་ཡག་པོ་ཞིག་འདུག བཀླགས་ཡོད།