རྩོམ་པ་པོ། ཤེས་རབ་དར་རྒྱས། འོས་སྦྱོར་བ་བསྟན་འཛིན་འཇམ་དཔལ།
—–བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་བགྲོ་གླེང་ལས་ཅུང་ཟད་འཕྲོས་པ།
ཁོ་བོ་སྡོད་མ་ཚུགས་པར་སྤྱི་ལོ་༡༩༩༦ ལོར་བོད་ཀྱི་དུས་བབ་ཚགས་ཤོག་ཏུ། <<བསྲན་མ་ཐུབ་པའི་སྨྲེ་སྔགས།--བོད་ཀྱི་ལོ་ཙཱ་བ་རྣམས་ལ་སྤྲིངས་པ།>>ཞེས་པ་ཞིག་བྲིས་ཏེ་རང་ཉིད་ཀྱི་བསམ་ཚུལ་དུ་མ་མཚོན་ཙམ་བྱས་ཡོད། དེའི་སྙིང་དོན་ནི། བོད་ཀྱིས་སྒུག་པའི་ཉིན་མོ་དེ་མ་ཤར་བར་དུ། བོད་མི་རིགས་འདི་འཛམ་གླིང་སྟེང་འབུར་དུ་འདོན་བྱེད་དམ། གང་གི་དོན་དུ་བོད་ཀྱི་རྩ་དོན་དེ་ཉིད་གལ་གནད་ཅན་དུ་གྱུར་པའི་གཞུང་ལུགས་ཧྲིལ་པོ་རེ་རེ་བཞིན་དབྱིན་སྒྱུར་མི་བྱ་རྒྱུ་དང། བོད་ཀྱི་སྐད་ཡིག་ལ་བསྲེས་ལྷད་མི་འཇུག་པར་བྱ་རྒྱུ། ཕྱིའི་རྩོམ་ཡིག་གྲགས་ཅན་ཁག་ནང་འདྲེན་བྱེད་དགོས་པ་སོགས་ཡིན། དགའ་འོས་པ་ཞིག་ལ། ཉེ་བའི་ཆར་རྩོམ་པ་པོ་རེ་ཟུང་གིས་ཀྱང་དེ་དང་ཕྱོགས་མཚུངས་པའི་རྩོམ་ཐུང་རེ་ཚོར་ཤུགས་དྲག་པོས་བྲིས་འདུག་ལ། ཁོ་བོ་དང་འདོད་ཕྱོགས་མཐུན་པ་དུ་མ་རེའང་འདུག་སྙམ་པའི་དགའ་ཚོར་ཆེན་པོ་སྐྱེས།
བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་གླེང་བ་ནི། གསལ་པོར་བཤད་ན་དེ་དག་གི་བདག་པོ་སུ་རེད་ཅེས་པ་དེ་རེད་ལ། ཤེས་ཚོད་ལྟར་ན། དེ་ནི་བགྲོ་གླེང་གི་རྣམ་པའི་ཐོག་གླེང་སློང་བྱས་པ་ཐོག་མ་དེ་ཡང་རེད། གང་ལྟར་ད་ཆ་ང་ཚོས་བརྗོད་པའི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་ནི་མི་རིགས་དང་མི་རིགས་བར་གྱི་བདག་དབང་བརྗོད་པ་ཙམ་ལས། བོད་མི་རིགས་ནང་ཁུལ་དུ་ཁ་གཏད་པ་ཞིག་གཏན་ནས་མ་རེད། དེ་ལྟར་བརྗོད་ཅིང་གླེང་བས། བཀའ་བསྟན་གསུང་འབུམ་རྣམས་གཞན་ལ་སྟོན་མི་རུང་བ་དང། གཞན་སྐད་དུ་བསྒྱུར་བའི་ལམ་བུ་འགོག་པ། པར་སྐྲུན་དང་དེ་འབྲེལ་གྱི་ཁེ་ཐོབ་རྩོད་ལེན་སོགས་དམིགས་ཀྱིས་བརྗོད་པ་ཞིག་མིན། དེ་ལྟ་ནའང། ཆོས་ཕྱོགས་ཀྱི་འདུ་ཤེས་ཐན་ཐུན་རེ་དང་ཉི་ཚེ་བའི་ལྟ་བ་ཕྱོགས་རེ་བ་ཙམ་ཞིག་ཁུར་དུ་ལེན་པ་དུ་མས་ཕུགས་དོན་མ་རྟོགས་པའི་ཀླན་ཀ་དང་། མི་རིགས་ཀྱི་འདུ་ཤེས་དང་དགོས་མཁོ་ཟེར་བ་ཞིག་གོ་ཙམ་ཡང་མ་མྱོང་བའམ་གླེང་ཙམ་ཡང་བྱེད་མི་འདོད་པ་ལྟ་བུའི་རྨོངས་བཤད་ཀྱི་གླགས་འཚོལ་བར་བྱེད་དོ།།
ལྟོས་དང། མི་སྒེར་དག་གིས་བརྩམས་ཆོས་ཆུང་ངུ་རེའི་བདག་དབང་ཙམ་ཡང་ཤུགས་ཀྱིས་བརྗོད་ཅིང། མི་རིགས་གཞན་གྱིས་དངོས་རྫས་ཆུང་ངུ་རེའི་བདག་དབང་ཡང་འབད་པས་རྩོད་ཅིང་ཐོབ་པར་བྱེད་ན། ང་ཚོས་རིག་རྫས་ཚན་པོ་ཆེ་འདི་དག་གི་བདག་དབང་ཙམ་ཡང་གླེང་མི་རུང་བ་ཅི་ཡིན་ནམ། བདག་དབང་ལ་རང་བཞིན་དང་ཁྲིམས་ཀྱིས་སྤྲད་པའི་ཁེ་ཐོབ་ཤིན་ཏུ་མང་ལ། མི་རིགས་ལ་དབང་བའི་ཁེ་ཐོབ་དེ་དག་མི་སྒེར་རེ་ཟུང་གིས་སྣང་མེད་ཀྱིས་འདོར་རུང་ཞིག་ག་ལ་ཡིན། མི་སྒེར་གཞན་དང་མི་རིགས་གཞན་ལ་ཐོབ་རུང་བའི་བདག་ཐོབ་དེ་དག་ང་ཚོས་ཅིའི་ཕྱིར་གླེང་ཙམ་ཡང་མི་བྱེད་པར་སྣང་མེད་དུ་བསྐྱུར་དགོས་སམ། འདི་ནི་ངའི་བསམ་གཞིག་ཐོག་མ་དེ་ཡིན། མི་རིགས་ལ་ཡོད་པའི་བདག་དབང་དང་བདག་ཐོབ་གླེང་ཞིང་རྩོད་པ་ནི་མི་རིགས་ལ་དུང་བའི་ཞེན་པ་དེ་ཡིན་ཞེས་ཀྱང་བརྗོད་ཆོག།། ང་ཚོས་འདི་ལྟ་བུ་མང་པོ་ཞིག་གླེང་ཙམ་ཡང་མ་བྱས་པར་ཡོད་ཚད་འཕྱི་དྲགས་པའི་ཉིན་མོར་བསྐྱལ་ཏེ་ཕྱི་རབས་པ་དག་གིས་ལེ་བདའ་བྱས་ཚེ་ཅི་ཞིག་བྱའམ།
ད་ལྟའི་ཆར་ང་ཚོས་བདག་དབང་གླེང་བ་ཙམ་ལས་གཞན་ཅི་ཡང་ཤོད་ཀྱིན་མེད་ནའང། འགའ་ཞིག་གིས་ཅི་མི་སྙམ་པར་འབྲུག་ཡུལ་གྱི་གཞོན་སྐྱེས་ཚོས་ནང་དོན་རིག་པ་དབྱིན་སྐད་ཀྱི་ལམ་ནས་སྦྱོང་བ་དང་། བྱེས་སུ་སྐྱེས་པའི་བོད་ཕྲུག་འགའི་བོད་ཡིག་གི་ཤེས་ཚད་དམན་པ་ཙམ་ཞིག་དཔེར་བླངས་ཏེ། ཡིད་སྐྱོ་སྐྱོ་དང་ཐུགས་ཁུར་ཆེ་ཆེའི་རྣམ་པས། བོད་ཀྱི་བཀའ་བསྟན་འདི་དག་དབྱིན་ཇི་ལྟ་བུ་དེང་རབས་ཀྱི་སྐད་ཡིག་ཏུ་གང་མྱུར་མ་བསྒྱུར་ཚེ། བཀའ་བསྟན་གྱི་བརྡ་དོན་རྟོགས་པའི་བོད་ཀྱི་མཁས་གྲུབ་རྣམས་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་པས་མི་འགྱངས་པར་བཀའ་བསྟན་འདི་གཉིས་མཆོད་ཡུལ་ཙམ་ལས་ཕན་མེད་དུ་འགྱུར་ཞིང་། བོད་ཀྱི་སྐད་ཡིག་གི་ལམ་ནས་དེ་དག་གི་དོན་རྟོགས་རྒྱུའི་སྐལ་བ་དེ་ཡོངས་སུ་ཟད་པར་འགྱུར་བ་ལྟ་བུའི་གླེང་ཕྱོགས་དུ་མ་ཞིག་གཟས་ནས་སྐད་གསང་མཐོན་པོས་བསྒྲགས་སོང། སྐད་ཆ་དེའི་རྒྱབ་ལྗོངས་ནི། ད་ལྟ་བཀའ་བསྟན་གསུང་འབུམ་གྱི་བདག་དབང་བཤད་པའི་ཚོད་མ་ཡིན་པར་དེ་དག་གི་ནང་དོན་ཡོངས་སུ་རྫོགས་པ་དབྱིན་ཇི་ལྟ་བུ་དེང་རབས་ཀྱི་སྐད་དུ་སྤོས་ཏེ་མྱུར་སྐྱོབ་མ་བྱས་ན། བོད་ཀྱི་བཀའ་བསྟན་གཉིས་མི་འགྱངས་པར་སུས་ཀྱང་ཀློག་མི་བཏུབ་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ་ཞེས་པ་དེ་རེད། དེ་ནི་ཇི་འདྲའི་ཡ་ང་ཞིང་བག་ཚ་ལ། ལུས་ཀྱི་བ་སྤུ་ཚུན་ཆད་ལྡང་བར་བྱེད་པ་ཞིག་རེད་ཨང།
ང་ཚོས་གཏམ་འདི་ལྟ་བུ་དག་ནམ་ཡང་ཐོས་མི་འདོད་ལ། གནས་སྟངས་དེ་ལྟ་བུར་ཐུག་པའི་སྐབས་ཤིག་ནམ་ཡང་སྦྱིན་མི་འདོད། ང་ཚོར་ཡོད་པ་ནི་དེ་དག་ཡིན་ལ་དགོས་པ་ཡང་དེ་དག་ཡིན། བཀའ་བསྟན་གསུང་འབུམ་འདི་ཚོ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། ང་ཚོ་ཡིད་མུག་ཅིང་ཞེ་སྐྱོ་བའི་སྐབས་སུ་འདི་དག་གིས་ང་ཚོའི་སེམས་ཁམས་གསོས། ཉམས་དམའ་ཞིང་སྟོབས་ཆུང་བའི་སྐབས་སུ་འདི་དག་གིས་ང་ཚོར་ནུས་པ་སྦྱིན། ང་ཚོ་འཛམ་གླིང་མི་མང་གི་མིག་ལམ་ལས་ཡལ་ལ་ཉེ་བའི་སྐབས་སུ་འདི་དག་གིས་ང་ཚོར་གཟི་བརྗིད་དང་སྤོབས་པ་བྱིན། དེ་ལྟར་བོད་མི་རིགས་འདི་འཇིག་རྟེན་གསོན་ངོགས་སུ་འཚོ་ཞིང་གནས་པར་བྱེད་པའི་རམ་འདེགས་གཙོ་བོ་དེ་ཡིན་ཞེས་བརྗོད་ཆོག
དེར་བརྟེན། ང་ཚོས་ནམ་ཡང་འདི་དག་བདག་ཉར་བྱ་དགོས་ཤིང་བྱ་ཡང་ཐུབ་སྟེ། གོང་ན་ཐུགས་བསྐྱེད་དང་འཕྲིན་ལས་ཟབ་ལ། གཤམ་ན་བརྩོན་འགྲུས་དང་སྡུག་རུས་ཆེ། མི་རིགས་འདིའི་ཤེས་རབ་ལ་རྣོ་ངར་ཆེ་ཞིང། གངས་ཅན་པའི་ལས་དབང་ཡང་ད་དུང་བཟང་ཕྱོགས་ན་ཡོད། གལ་ཏེ་སུ་ཞིག་ལ་དཔལ་འབྱོར་དང་ཤེས་རབ། བརྩོན་འགྲུས་དང་ལས་སྐལ་སོགས་ཅི་འདོད་དུ་ཡོད་ན། བོད་མི་བྱིངས་ཀྱིས་ནམ་ཡང་བཀའ་བསྟན་གཉིས་ཕྱི་སྐད་དུ་བསྒྱུར་བར་བཀག་རྒྱ་དེ་ཙམ་མི་བྱེད་སྙམ། འོན་ཀྱང། བདག་དབང་ལ་ཡོད་པ་ནི་བདག་ཐོབ་རེད་ལ། བདག་ཐོབ་ནི་སུ་ལ་ཡང་དགོས་ངེས་ཡིན་པས་ང་ཚོས་ཐོག་མར་བདག་དབང་གླེང་དགོས་པའང་གནད་དོན་དེ་ལ་ཐུག་ཡོད། བཀའ་བསྟན་གསུང་འབུམ་གྱི་བདག་ཐོབ་ནི། དེང་དུས་ཀྱི་བརྩམས་ཆོས་དཀྱུས་མ་དག་གི་བདག་ཐོབ་ལྟར་བདག་དབང་ཅན་ལ་ཐོབ་པའི་དངུལ་དངོས་ཙམ་ཞིག་མ་ཡིན་པར། བདག་པོར་རང་བཞིན་གྱིས་ཐོབ་པའི་རིན་ཐང་དང་། ཆེ་མཐོང། ཡིད་འགུག་སོགས་སུའང་གོ་ཆོག
སྤྱིར་བཤད་ན། སྲིད་ཕྱོགས་སམ་ཕྱིའི་རྣམ་པའི་ངོས་ནས་བོད་མི་རིགས་འདི་ཆེས་ཆེར་རྒུད་པར་གྱུར་ཡོད་ན་ཡང། ནང་གི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་སོགས་ལ་ཉམས་རྒུད་ཀྱི་རྣམ་པ་གཏན་ནས་མེད། དུས་རབས་གོང་མའི་ནང་བོད་ཀྱི་སྣོད་བཅུད་ཤེས་རིག་དང་བཅས་པར་ཆག་སྒོ་བློར་མི་ཤོང་བ་ཞིག་བྱུང་ཞིང། ལྷག་པར་དུ་རིག་གསར་གྱི་གཏུམ་སྤྱོད་དྲག་པོས་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་འབུམ་ཕྲག་མང་པོ་རི་རབ་ཏུ་བརྩིགས་ཏེ་མེར་བསྲེགས། ཆོས་བྱེད་དགེ་འདུན་གྱི་དགེ་སྡེ་ལས་དྲག་གྲས་རྣམས་བཤས་རའི་ར་ལུག་ལྟར་བསྡུས་ཏེ་གསོད་གཏུབ་བྱས། ལྷ་ཁང་དང་མཆོད་ཡུལ་གྱི་རྟེན་ཆེ་ཆུང་རྣམས་གདོན་རྫས་སུ་བསྙད་ཏེ་རྩ་གཏོར་བཏང། བསྟན་པའི་སྦྱིན་བདག་དད་ཅན་རྣམས་ནག་ཅན་དུ་བརྩིས་ཏེ་བཙོན་འཇུག་དང་དམར་གསོད་བཏང། དེ་ལྟར་མི་ལོ་མང་ཙམ་འདས་པ་ན། བོད་མི་རིགས་འདིའི་ཤེས་རབ་ཀྱི་རྩལ་དང་ནང་བསྟན་ལ་གཅིག་ཏུ་བརྩེ་ཞིང་ཞེན་པའི་འདུ་ཤེས་ཁོ་ནས་སླར་ཡང་སྔར་སོར་ཆུད་པར་བྱས།
སྐབས་དེ་དུས། མི་རིགས་འདིས། བོད་ཕྱི་ཕྱོགས་ཀྱི་ནང་པའི་སྡེ་བ་དང་ཚོ་བ། ལུང་པ་དང་རྒྱལ་ཁབ་སོགས་ནས་དཔེ་རྙིང་གླེགས་བམ་ཙམ་ཡང་ཨེ་རྙེད་ཀྱི་རེ་བ་དྲག་ཏུ་བྱས། འོན་ཀྱང། བོད་མི་ཚོས་ས་འོག་བྲག་སྐྱིབས་དང་ནགས་ཁྲོད་དོང་ཞབས་སོགས་སུ་སྦས་པ་དེ་དག་ལས་གཞན་བོད་མིར་མེད་པ་ཞིག་རྙེད་སོན་མ་བྱུང། སྐབས་དེར་བསླེབས་པ་ན། ཁོ་ཚོར་ཡང་བཙན་འཛུལ་དང་རིག་གསར་གྱི་གཏུམ་སྤྱོད་ཕོག་པ་ཡིན་ནམ་ཞེས་བོད་མི་བསམ་གཞིག་ཅན་རྣམས་ཧ་ལས་པར་གྱུར། གནས་སྟངས་འདི་ལས་ཤེས་ཐུབ་པ་ནི། མདོ་སྔགས་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བདག་པོར་འོས་ཤིང་བྱེད་ནུས་པ་ནི་བོད་མི་རིགས་འདི་ལས་གཞན་ད་ལྟའི་དུས་འདིར་རྙེད་དཀའ་བའི་ངེས་ཤེས་དེ་ཇེ་བརྟན་དུ་གྱུར་པ་དེ་རེད།
གང་ལྟར་འདིར་ཤོད་འདོད་པ་ནི། བོད་མི་རིགས་སྤྱི་བྱིངས་ལ་རིག་རྩལ་དང་སྤོབས་པ། བློ་སྟོབས་དང་ཕུགས་བསམ་སོགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གདོན་མི་ཟ་བར་ཡོད་པས། བཙན་བྱོལ་བོད་ཕྲུག་འགའི་བོད་ཡིག་གི་ཤེས་ཚད་ཞན་པ་དང་མི་འབོར་སྦར་མཐིལ་གང་ལས་མེད་པའི་འབྲུག་གཞོན་ཚོའི་གནས་སྟངས་ཀྱིས་ས་ཡ་དྲུག་གི་ཆོས་རིག་སྐད་ཡིག་དང་བཅས་པའི་ལས་དབང་ལ་སྡོམ་རྒྱག་རྒྱུ་དང། བོད་མི་རིགས་ཀྱི་ཤེས་རབ་དང་བློ་རྩལ། ནུས་འཇོན་དང་སྤོབས་པ་སོགས་ལ་ཡིད་ཆེས་མེད་པ་ལྟ་བུའི་ཟུར་གཏམ་སྨྲ་བ་ནི་ཧ་ཅང་སྔ་དྲགས་ཤིང་ཡིད་མི་སྤྲོ་བ་ཞིག་ཏུ་མཐོང།
ཡང་གཅིག་བཤད་ན། གདན་སའི་དགེ་འདུན་པ་རྣམས་ཀྱིས་རིག་གསར་སྔ་གཞུག་ཏུ་བྱུང་བའི་སྟོང་ཆ་དེ་ཡོངས་སུ་བསྐངས་ཡོད་པར་མ་ཟད། རྒྱུན་སྲོལ་སློབ་གཉེར་གྱི་རྨང་གཞིའི་སྟེང་རིགས་གཅིག་རྐང་འཛིན་གྱི་ཆེད་སྦྱོང་གསར་སྣོན་གྱིས་མདོ་རྒྱུད་གཉིས་ཀྱི་ཚིག་དོན་ལ་སྔར་ལྷག་འཇུག་པའི་སྒོ་མོ་སྣ་ཚོགས་འབྱེད་བཞིན་ཡོད་པས་བོད་ཀྱི་བཀའ་བསྟན་རྣམས་མཆོད་རྫས་ཙམ་དུ་འགྱུར་བའི་ཐུགས་ཁུར་དེ་ཇི་འདྲའི་ལྕི་ཆེ་ཨང། དེར་མ་ཟད། སྔར་གྱི་སྒྲུབ་གྲྭ་ཁག་ཀྱང་བཤད་སྒྲུབ་ཟུང་འབྲེལ་དུ་བྱས་ཤིང། བཙུན་མའི་སྡེ་ནའང་ལོ་རྒྱུས་སུ་མ་བྱུང་བའི་འཆད་མཉན་གྱི་རླབས་ཁ་ཕྱོགས་གང་ས་ནས་འཕྱུར་བཞིན་ཡོད། སྐྱ་བོའི་སྡེར་མཚོན་ན་ཡང་། རྒན་གཞོན་གྱི་དབྱེ་བ་མེད་པར་ཆོས་རིག་དང་སྐད་ཡིག་ལ་དོ་སྣང་དང་གསར་སྦྱོང་སྔར་ལྷག་འབྱུང་བཞིན་ཡོད།
འདི་དག་ནི་བྱེས་ཀྱི་གནས་སྟངས་ཙམ་སྟེ། བོད་གངས་ཅན་ལྗོངས་ལ་མཚོན་ནའང། མཚོན་དང་སྒྲོག་གི་སོ་ཁ་ན་མི་ཚེ་ལ་ངེས་གཏན་མེད་ཀྱང། རིགས་ཞེན་དང་སྐད་ཡིག་གི་དུང་བ། ཆོས་ཕྱོགས་ཀྱི་སློབ་གཉེར་སོགས་སྐྱ་སེར་གྱི་དབྱེ་བ་མེད་པར་ཕྱོགས་དང་གྲུ་ཐམས་ཅད་ན་འཕེལ་བཞིན་ཡོད། སློབ་གྲྭ་ཁག་ཏུའང་། ཐུན་མོང་ཤེས་རིག་གི་ལམ་སྲོལ་སྟེང་རིགས་ལམ་སློབ་གཉེར་གྱི་སྲོལ་ག་གསར་འཛུགས་ཀྱིས་ལོ་མང་ཕྱིན་པར་མ་ཟད། རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། དེ་ལྟར་བོད་ཀྱི་ནང་དོན་རིག་པའི་སློབ་གཉེར་དེ་ཉིད་བཤད་གྲྭ་ནས་སྒྲུབ་གྲྭ་དང། དགེ་འདུན་པའི་སྡེ་ནས་སྐྱ་བོའི་སྡེར་མཆེད་ཅིང་དར་བཞིན་ཡོད།
འདི་དག་ནི་སྔར་བྱུང་མ་མྱོང་བའི་ནང་དོན་རིག་པའི་སློབ་གཉེར་གྱི་ལོ་རྒྱུས་ཆེན་པོ་ཞིག་སྟེ་མདོར་ན། བུ་ཆུང་སོ་ཁ་མ་ཚང་བ་ཡན་ནས་རྒན་རྒོན་བདུན་ཅུའི་ཁ་རལ་དུ་གྱུར་པ་མན་གྱིས་བོད་ཀྱི་ཆོས་རིག་དང་སྐད་ཡིག་ལ་དོ་སྣང་དང་གསར་སྦྱོང་བསྟུད་མར་བྱེད་བཞིན་ཡོད། འདི་ནི། ༸བླ་མ་གཅིག་གི་འཕྲིན་ལས་དང་ཐུགས་བསྐྱེད་ཁོ་ནས་ཐོག་དྲངས་པ་ལས་བྱུང་བར་སུས་ཀྱང་བསྙོན་མི་ཐུབ། དེ་ལྟ་བས་ན། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་སྔ་དྲགས་པ་ཞིག་དང། བཀྲ་མི་ཤིས་པའི་གཏམ་ངན་དེ་ཉན་མི་སྤྲོ་བ་ཞིག་རེད་ཅེས་སྨྲ་བར་འདོད་དོ།།
གཞན་ཡང། ལོ་རྒྱུས་རིང་ཞིང་ཆོས་རིག་ཀུན་སྤྱོད་སོགས་འཇིག་རྟེན་ན་འབུར་དུ་ཐོན་པའི་མི་རིགས་ཤིག་ལ་མཚོན་ན། བསྐལ་པའི་བར་དུ་གནས་དགོས་ཤིང། གནས་པ་ལ་ཅིས་ཀྱང་བརྩོན་དགོས། དེ་ལ་སྔར་མ་གླེང་ཞིང་གླེང་མ་ཐུབ་པ་རྣམས་གླེང་སྟེ་རྩོད་དགོས་ལ། དེ་ནི་འཇིག་རྟེན་མི་ཆོས་ཀྱི་བརྩོན་ལེན་བྱེད་སྟངས་ཤིག་ཡིན་ལ། འཇིག་རྟེན་མི་ཆོས་ནི་དམ་པ་ལྷ་ཆོས་སུ་བསྙད་པའི་མ་ལག་ཀུན་གྱི་སྲུང་བ་གོང་ན་མེད་པ་དེ་ཡིན་ཞེས་བརྗོད་ཆོག
བསམ་གཞིག་ཅུང་ཟད་བྱས་ན། དེ་ཡང་བོད་ཀྱི་ལོ་རྒྱུས་ནང་དུ། སོས་དལ་དུ་འཚོ་སྐབས། ཆེན་པོར་དབང་བ་མང་པོས་རང་གི་ཚུལ་བཅོས་ཏེ་འཇིག་རྟེན་འདི་གླེང་མ་འདོད་པའམ་གླེང་རིན་མེད་པར་མཐོང་བ་གང་ལྟར་ཡང་དོན་དག་ཆེ་ཕྲ་ཇི་སྙེད་ཅིག་ཡུན་རིང་སྣང་ཆུང་དང་མཁོ་མེད་དུ་བསྐྱུར། ནམ་ཞིག་རང་དང་རང་གི་སྡེ་རྣམས་སྡོད་བཟོད་མ་བདེ་བའི་གནས་སྟངས་ཤར་བ་ན། དེ་ལས་ལྡོག་སྟེ་ཕྱི་མ་དང་གཞན་དོན་སོགས་ཆོས་པའི་སྤྱོད་པ་རྣམས་གཅིག་ཏུ་བརྗེད་དེ་དེ་མ་ཉིད་དུ་མགོ་འདོགས་ལུས་འབུལ་གྱི་ལས་ལ་ཞུགས་ཏེ་ཕྱི་ཕྱོགས་ཀྱི་རྒྱབ་རྟེན་རེ་ཨེ་རེག་བལྟས། མི་རིགས་ཞེས་པ་ཞིག་བློ་ཡུལ་དུ་མ་ཤར། རྐྱེན་རྩ་དེ་དག་གི་དབང་གིས་མི་རིགས་འདི་སིལ་བུ་ནས་སིལ་བུར་གྱུར་ཏེ་ད་ལྟའི་གནས་སྟངས་སུ་གྱར།
ཉེ་རབས་ལོ་རྒྱུས་ལ་ཆ་བཞག་ཀྱང། ཆེན་པོ་སྐོར་ཞིག་གིས་མི་རིགས་འདིར་ཐུགས་ཁུར་དེ་ཙམ་མ་གནང་བར་རྗེས་འབྲང་འཚོལ་སྡུད་ཀྱི་བྱ་བཞག་ཙམ་ཞིག་གཙིགས་སུ་བཟུང་སྟེ། ཤར་ནས་ནུབ་ཏུ་བརྒྱུགས། མི་རིགས་ཀྱི་དགོས་མཁོ་ཇི་སྙེད་ཅིག་ཡལ་བར་དོར། རང་གི་སྡེ་ཙམ་ཞིག་དངུལ་དངོས་ཀྱིས་སྐྱོང་ཁུལ་བྱས། ང་ཚོ་ཆོས་པ་ཡིན་པས་སྲིད་མི་ཤེས་ཤིང་འཇིག་རྟེན་མི་སྒྲུབ་ཅེས་སོགས་ཆོས་ཁང་དང་ཆོས་ཁྲིའི་སྟེང་ནས་ཆེ་མདོག་བཙུན་མདོག་གིས་བསྒྲགས་ཏེ་ཕྱི་ནས་ཆེ་མཐོང་བཙལ། ཞལ་ནས་ཕྱི་མ་དང་གཞན་ཕན་བརྗོད་ཀྱང་གལ་ལ་ཐུག་དུས་རང་དང་རང་གི་སྡེ་ཙམ་ཞིག་དཀྱིལ་སྙིང་དུ་བཟུང་། ཁེ་གྲགས་དང་ལོ་རྒྱུས་གསར་བསྐྲུན་སོགས་དམིགས་འབེན་དུ་བྱས། ཕྱི་ལག་ནང་དུ་རྐྱོང་བ་དག་ལ་ལྷག་བསམ་ཆེ་མདོག་གིས་རམ་འདེགས་བྱས། དེ་ལྟར་སྤྱང་མདོག་དང་འཇོན་མདོག་ཅི་ཙམ་བསྟན་ཀྱང། བོད་རྒྱལ་སྲིད་ཀྱི་རྩ་བ་མ་བརྟན་པའི་ཉིན་མོ་དེར། ཆོལ་ཁ་དང་ཆོས་ལུགས། ཕོ་མོ་དང་སྐྱ་སེར། དྲག་ཞན་དང་མཐོ་དམའ་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་མི་འདོད་བཞིན་གཞན་ཡུལ་དུ་གྱར་དགོས་བྱུང་བ་ཙམ་ཡང་བློར་མ་ཤར་བ་ནི་ཇི་འདྲའི་མི་མཚང་མི་ཆེའམ། མཚམས་འདིར་བསླེབས་པ་ན། ང་ཚོས་མི་རིགས་འདིའི་ཡ་ང་བའི་གནས་སྟངས་ཆེན་པོ་དག་ནས་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་ཚུན་ཆད་ཤུགས་ཀྱིས་གླེང་དགོས་པ་དེ་བྱུང་།
གང་ལྟར། བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་གླེང་བར། ལོ་རྒྱུས་དང་གནད་དོན་གང་མང་ཞིག་ཞིབ་རྒྱས་སུ་གླེང་དགོས་ཀྱང་། དོན་བརྒྱ་ཚིག་གཅིག་ཏུ་བསྡུས་ན། བོད་མི་རིགས་འདི་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་པོར་སུས་ཀྱང་བསྙོན་མི་རུང་བ་ཡིན་ཞེས་པ་དེ་ཡིན། དེ་ཡང་བོད་མིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་གཉིས་བོད་དུ་འདྲེན་པར་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་བློར་ཆུད་དཀའ་བ་ཞིག་བཏང་ཡོད། དེ་ལ་ཐོག་མར་ཆོས་རྒྱལ་བཀའ་དྲིན་ཅན་དག་གིས་ཐུགས་བསྐྱེད་ཀྱིས་ཐོག་དྲངས་ཏེ་བང་མཛོད་ཀྱི་ཁ་ཕྱེ་ཞིང་འབངས་འཇོན་ཐང་ཅན་རྣམས་ལས་སུ་བཀོལ། ཕ་མ་བློ་རྒྱ་ཅན་རྣམས་ཀྱིས་ཀྱང་རང་རང་གི་སྲོག་ལས་གཅེས་པའི་བུ་ཕྲུག་རིག་པ་ཅན་དག་ཕྱིར་ཡོང་དང་འཆི་གསོན་ཅི་འབྱུང་མ་ངེས་ཀྱང་ཅི་མི་སྙམ་པར་བློས་བཏང་། ཐོན་མི་ནས་དགེ་ཆོས་ལ་ཐུག་གི་བར་གྱི་ལོ་ཙཱ་བ་རིམ་བྱོན་གྱིས་ཚེ་སྲོག་ལ་ཐུག་པའི་དཀའ་སྤྱད་དཔག་ཏུ་མེད་པ་མཛད། ས་བདག་སྡེ་དཔོན་དང་དད་ལྡན་འཁོས་ཆུང་ཚུན་ཆད་ཀྱིས་གསེར་དངུལ་གླ་རྩི་དང་གནས་མལ་བཟའ་བཏུང་སོགས་ཕངས་མེད་དུ་བཏང་། མཁས་གྲུབ་རིམ་བྱོན་དང་འབྱོར་ལྡན་ལྷག་བསམ་ཅན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་ད་ལ་ཐུག་གི་བར་དུ་གཅེས་ཉར་བགྱིས། དེ་ལྟར་བོད་མི་རིགས་འདིས་མི་རྒྱུ་སྲོག་གསུམ་དང་དཀའ་བ་འབུམ་ཕྲག་གིས་ནང་འདྲེན་བྱས་ཤིང་། རྒྱུན་ཉར་བགྱིས་པའི་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས། བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཐུགས་བཅུད་ཀྱིས་ཡོངས་སུ་གཏམས་པའི་གསུང་འབུམ་བཅས་ཀྱི་བདག་དབང་གི་ཆ་རྐྱེན་ཚང་ལ་མ་ནོར་བར་ཡོད་པ་ནི་བོད་མི་རིགས་འདི་ཡིན།
དེ་ཡང་ཡིན་ཏེ་དཔེ་ཙམ་བཀོད་ན། དུས་རབས་བཅུ་གཅིག་པའི་ནང་དུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས། པཎྜི་ཏ་སྤྱན་འདྲེན་པར་བོད་ཕྲུག་རིག་པ་རྣོ་བ་ ༢༡ གསེར་དང་བཅས་ཏེ་རྒྱ་གར་དུ་བཏང། ལོ་ཆེན་རིན་བཟང་དང་ལོ་ཆུང་ལེགས་ཤེ་གཉིས་མ་གཏོགས་གཞན་བཅུ་དགུ་པོ་ཚད་པས་ཤི། པཎྜི་ཏ་གདན་མ་འདྲོངས། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་རང་ཉིད་པཎྜི་ཏ་སྤྱན་འདྲེན་པའི་ཆ་རྐྱེན་དུ་གསེར་འཚོལ་དུ་བྱོན་པས་གར་ལོག་གི་བཙོན་དུ་ཚུད། བྱང་ཆུབ་འོད་ཀྱིས་གསེར་སྲང་ ༧༠༠ དང་བཅས་ཏེ་ནག་ཚོ་དཔོན་གཡོག་བདུན་ཙམ་རྒྱ་གར་དུ་བརྫངས། གཞན་ཡང་ཁ་ཆེ་ཟླ་མགོན་རྒྱ་གར་ནས་བོད་དུ་ཕེབས་ཏེ་འགྲེལ་པ་དྲི་མེད་འོད་བོད་སྐད་དུ་བསྒྱུར་མགོ་བརྩམས། གསེར་སྲང་ ༡༠༠ རྫོང་བར་ཆད་པས་ཕྱེད་ལས་མ་བསྒྱུར་བར་བསྒྱུར་འཕྲོ་བསྣམས་ཏེ་གཞན་དུ་ཕེབས། རྗེས་སུ་གསེར་ཐིག་པོ་དང་གླ་རྩི་རྐྱལ་པ་མང་པོ་བལ་ཡུལ་དུ་བསྐྱལ་བ་སོགས་ལོ་རྒྱུས་འདི་ལྟ་བུ་ཤིན་ཏུ་མང། དེ་ལྟར་བོད་ཀྱིས་མི་རྒྱུ་སྲོག་གསུམ་གྱིས་ནང་འདྲེན་བྱས་ཤིང་བསྐྲུན་པའི་གསུང་རབ་དེ་དག་གི་བདག་དབང་་་་་་་་་་་་་།
མཐར་ཤོད་འདོད་པ་ནི་འདི་ལྟ་སྟེ། ཕྱིར་གཏོང་བ་དག་གིས་གསུང་བ་ལྟར། ང་ཚོས་ཀྱང་། ཆོས་ལ་སེར་སྣ་མི་བྱེད་པ་དང། ཆོས་རྣམས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མི་བྱེད་པར་ཐམས་ཅད་ལ་སྟོན་ཅིང་། རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ། །ཞེས་པའི་བྱང་སའི་བསླབ་བྱ་སོགས་སྔར་ནས་གོ་མྱོང་ལ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།། ཅེས་པའི་ཤར་ཙོང་ཁ་པ་ཆེན་པོའི་ཐུགས་སྨོན་སོགས་ཆོས་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་སམ་ཉམས་ལེན་དང་བསྔོ་སྨོན་གྱི་རིགས་མང་པོ་ཞིག་མདོ་རྒྱུད་བསྟན་བཅོས་ཁག་ན་བགྲང་དུ་མི་ལང་བར་ཡོད་པའང་སྔར་ནས་ཤེས་ཡོད་ལ། དེ་དག་ནི་རང་དང་རང་སྡེའི་འདུ་ཤེས་སྤུ་ཙམ་ཡང་མེད་པར་གཞན་དོན་ཁོ་ན་གཙིགས་སུ་འཛིན་མཁན་བདག་ཉིད་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི་དང་སྨོན་པའི་གནས་དག་སྟེ། སྲིད་ཀྱི་ཡོ་ལང་འཁྲིགས་པའི་ཁོར་ཡུག་ཏུ་མི་རིགས་རིག་གཞུང་ཆོས་ལུགས་སྐད་ཡིག་དང་བཅས་པའི་བདེ་དོན་བསམ་པའི་འཇིག་རྟེན་པ་དག་ལ་མཚོན་ན། ཡོད་ཚད་བདག་ཉིད་ཆེན་པོ་རྣམས་དང་བྱ་བྲལ་རི་པ་དག་གི་སྤྱོད་པ་དང་སྒོ་བསྟུན་རྒྱུ་དེ་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད་ཅེས་ཀྱང་སྨྲ་བར་སྤོབས་སོ།།
(ན་གཞོན་གསར་བ་ལས་དྲངས།)
རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད།།།
ཤེས་རབ་དར་རྒྱས་ལགས་ངོ་མ་བཀའ་དྲིན་ཆེ། ལུང་རིགས་ཆར་དུ་བསྙིལ་བའི་རྩོམ་ཡིག་འདི་དངོས་གནས་དོན་ལ་གནས་ཤིང་གནད་ལ་སྨིན་པ་ཞིག་རེད། བོད་ཀྱི་བཀའ་བསྟན་བདག་དབང་ནི་བོད་ལ་དབང་ཞིང་བོད་ཀྱི་བཀའ་བསྟན་ཕངས་མེད་དུ་ཕྱི་བསྒྱུར་གྱིས་རང་ཁེ་དོན་གཉེར་བྱེད་མཁན་རྣམས་ནི་བོད་མི་རིགས་ཀྱི་བླ་བཙོང་བ་འཁྲུལ་མེད་ཉིད་དུ་གྱུར་ཡོད་པས། ཕྱི་རབས་གཞོན་སྐྱེས་དག་གིས་ངེས་པར་དུ་གནད་དོན་འདི་ཁོང་ཆུབ་པ་བྱ་དགོས་ཤིང་། ཁེ་ཚོང་བ་དག་གིས་ཀྱང་བསམ་གཞིག་ནན་མོ་བྱ་དགོས།
དངོས་གནས་རེད། བོད་ལ་དོན་གྱིས་ཤ་ཞེན་ཆེ་བའི་དན་རྟགས་དངོས་རེད། ང་ཡང་དེང་སང་གི་བླ་སྤྲུལ་དང་དགེ་བཤེས་སུ་མིང་ཐོགས་པ་འགའ་ཞིག་གི་བྱ་སྤྱོད་ལ་ཡིད་མུག་ནས་བསྡད་ཡོད། འདི་ཚོས་བོད་མི་རིགས་ཁ་ལ་འཁྱེར་བ་ལས་བོད་མི་རིགས་ལ་སྙིང་ནས་ཤ་ཞེན་ཡོད་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་མེད། འདི་ཚོའི་མིག་དབང་དང་ཀླད་རྩའི་སྦུག་ཚུན་ཚད་ན་”སྒྲོ་ལོ་”ལྗང་ཁུའི་རིན་ཐང་སྦས་ནས་ཡོད། མི་སྣ་དེ་ཚོ་ནི་བོད་ཀྱི་སྐད་ཡིག་ནང་དུ་གཞན་སྐད་མང་པོ་འདྲེན་མཁན་གྱི་ལྟེ་བའི་གྲས་ཡིན། བོད་རང་གི་ཐ་སྙད་འདི་ཚོས་བེད་མི་སྤྱོད་པར་གཞན་གྱི་ཐ་སྙད་བཙན་གྱིས་སྤྱོད། བོད་རང་གི་རིག་གཞུང་འཕེལ་རྒྱས་ཐད་ལ་འདི་ཚོས་བསམ་བློ་མི་གཏོང་བར། “སྒྲོ་ལོ་”ལྗང་ཁུའི་ཤུགས་རྐྱེན་ལ་བརྟེན་ནས་གཞན་སྐད་ལ་སེམས་ཁྲལ་མང་དུ་བྱེད། དེའི་སྟབས་ཀྱིས་ལོ་ལོ་སྟོང་ཕྲག་ལྷག་གི་རིང་རི་རབ་ཀྱི་གཏོས་ནང་བཞིན་བོད་མི་རིགས་ཀྱི་ཤེས་རིག་གི་ཁྲོད་ན་ལྷམ་མེར། ལྷན་ནེར། བརྗིད་ཆགས་གེར་གཡོ་མེད་ངང་བཞུགས་པ་འདི་ཡང་། འབུ་ལྟ་བུར་སང་ཤི་གནངས་ཤི་སྙམ་པའི་སེམས་ཁྲལ་རྫུན་མ་ཞིག་གི་གཡོ་འཁྲབ་འོག་ནས་མི་རིགས་གཞན་གྱི་རིག་གནས་གྲས་སུ་ཁ་ཕྱོགས་བསྒྱུར་ཐབས་སུ་བརྩོན་པ་རེད།
གཞན་སྐད་དུ་བསྒྱུར་བའི་བྱ་བར་མངགས་བརྗོད་ཡོད།
སྔར་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་དུས་གསེར་དངུལ་གྱི་འགྲོ་གྲོན་ཆེན་པོ་བཏང་ཡོད། ལོ་ཙྭ་བ་ཞེས་བོད་མི་རིགས་ཚོས་གདེང་འཇོག་ཚད་མེད་བྱས་མྱོང། ད་ཕར་གཞན་སྐད་དུ་བསྒྱུར་དུས་གསེར་དངུལ་གྱི་འགྲོ་གྲོན་གཏོང་མི་དགོས་པར་ཚུར་འགྲོ་ལོར་ཡོང་འབབ་བྱུང་དུས་བསྒྱུར་དགོས་པ་རེད།
འོ་ན་བོད་པ་ཚོས་བཀའ་བསྟན་ལེགས་སྦྱར་དང་པ་ལི་ནས་སྒྱུར་དུས་རྒྱ་གར་བ་ཚོར་དཔེ་ཆའི་བདག་དབང་སྐོར་སྐད་ཆ་འདྲི་མྱོང་ཡོད་དམ། དེ་དུས་ལུགས་སྲོལ་དེ་མེད་ཟེར་རྒྱུ་ཡིན་ནམ།
རང་གི་བཟའ་རོགས་ལའང་བདག་དབང་དག་དག་ཅིག་མེད་པའི་ཟ་ལེ་རྒྱལ་ཤེས་རབ་དར་རྒྱས་ཟེར་བ་ལ་བཀའ་བསྟན་གྱི་བདག་དབང་གླེང་བའི་འོས་ཐོབ་དང་འགན་འཁྲི་གང་ཡང་མེད། མ་གཞི་སྐད་ཆ་འདི་ཚོ་རིགས་ཞེན་གཞི་ལ་བཞག་པའི་སྐད་ཆ་ཞིག་ཡིན་པའི་ཁུལ་རེད། འོན་ཀྱང་གླེན་པ་ལ་ནི་མཐའ་གཅིག་མི་འདུག མིག་རྒྱང་ཐུང་ཐུང་ཞེས་པ་དེ་འདི་ལ་ཟེར་བ་དརེད། རང་གི་ནང་ཆ་བསྟན་པའང་འདི་འདྲ་ལ་ཟེར་བ་རེད།
རང་གིས་ལྟོ་རྒྱབ་ཕྱི་ལ་བཅོལ་ཡོད་པ་ཧ་གོ་བར་གྱིས། ཁྱེད་ཚོས་ཕྱི་རྒྱལ་ལོ་ཙྭ་བ་གསོ་སྐྱོང་བྱེད་པའི་གླ་གཡོགས་ལ་མི་ཚེ་ཕུད་པ་རེད། ལོ་ཙ་བ་ཚོས་དམིགས་ཡུལ་ནི་ཡིག་སྒྱུར་མིན་ན་ཅི་ཞིག་ཡིན། རང་གི་ལས་ཀ་དེ་མི་རིགས་ལ་གནོད་པ་ཅན་ཞིག་ཏུ་དེ་རིང་གཞི་ནས་མཐོང་སོང་ངམ།
རང་གིས་ནང་འདྲེན་ག་རེ་བྱས་ཡོད། ཕྱི་རྒྱལ་དང་འགྲོགས་པའི་མཐའ་འབྲས་ལ་ཆགས་དེབ་ཁ་ཤས་བཏོན་པ་རེད། དེ་མིན་བོད་ཀྱི་སློབ་གྲྭ་ག་གེ་མོ་ཞིག་ཏུ་བོད་ཡིག་སློབ་མྱོང་ངམ། རང་གི་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་གསུམ་ཕྱི་རྒྱལ་བ་ལ་ཕུལ་ཚར་བའི་མི་དག་ལ་མ་གཞི་ནས་བོད་དང་བོད་ཀྱི་རིག་གནས་ཀྱི་བདག་དབང་གླེང་བའི་འོས་བབ་ཡོད་པ་མ་རེད།
ལས་མེད་རང་རེད་བདག་དབང་རྩོད་དགོས་ན་སོ་སོ་ས་སྐྱེས་རྡོ་སྐྱེས་བྱེད་སའི་ལུང་པའི་བདག་དབང་རྩོད། །རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་རིག་གཞུང་གི་ཆ་ཤས་ཤིག་ལ་བདག་དབང་རྩོད་རྒྱུ་ཨེ་འདུག མིག་རྒྱང་ཐུང་བ་ཟེར་བའི་དཔེར་བརྗོད་དེ་རང་རེད། རྩ་བ་བོར་ནས་ཡལ་ག་འཇུས་པ་བླུན་རྟགས་ལས་མ་འདས།
གནད་ལ་འཁེལ་བ་ཞིག་གསུངས་འདུག
མཁས་དབང་ཤེས་རབ་དར་རྒྱས་ལགས་ཀྱིས་ངོ་མ་བཀའ་རྩོམ་རིན་ཐང་ལྡན་པ་ཅིག་སྤེལ་གདའ།དེང་སང་གི་འཛམ་གླིང་འདིར་སྤྱིར་དངུལ་དང་དབང་ཆ་མ་གཏོགས་འགྲོ་ས་མེད་ཅིང་།ལྷག་པར་བརྙན་དུ་ཕབ་པ་དང་པར་བཏབ་པ།ཡིག་ཐོག་འཁོད་པའི་གནས་ཚུལ་གང་འདྲ་ཅིག་ཡིན་ན།ངེས་པར་དུ་དེ་ལ་བདག་དབང་ཡོད་པ་རེད།བདག་དབང་མེད་པར་ལུང་འདྲེན་ཙམ་བྱས་ཀྱང་ཁྲིམས་འགལ་ཆགས་ཀྱི་ཡོད་དུས།བོད་མི་ལོ་ཙཱ་བ་བདུན་བརྒྱ་ལྷག་གིས་དུས་རབས་མང་པོར་སྲོག་བློས་གཏོང་བྱས་ཏེ་རྒྱ་གར་ནག་རིལ་གསེར་དགའ་ཚོར་གསེར་སྲང་ཐེར་འབུམ་མང་པོ་སྤྲད་དེ་ཉོས་བཞག་པའི་བཀའ་འགྱུར་དང་བསྟན་འགྱུར་རྣམས།བོད་མིའི་ངོ་ཚབ་བོད་གཞུང་ལ་བདག་དབང་མི་སྤྲོད་པར་གང་བྱུང་ཕབ་ཞུས་བྱེད་པ་ནི་རྒྱལ་སྤྱི་དང་རྒྱ་གར།རྒྱ་ནག་བཅས་ལུང་པ་གང་གིའང་ཁྲིམས་དང་འགལ་བ་རེད།
ཡང་དགོས་སུ་བོད་མིའི་སྐད་ཡིག་སྲུང་སྐྱོབས་ཆེད་སློབ་གྲ་བཙུགས།བུ་ཕྲུག་ཚོའི་མདུན་ལམ་བློས་གཏོང་གིས་སློབ་གྲ་དེ་ཚོར་བཞག།རྒྱ་ནག་གཞུང་གིས་སློབ་གྲ་སྒོ་བརྒྱབ་གྲབས་བྱེད་དུས་དེ་ལ་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་མཁན།བོད་ནང་གི་བོད་མི་ས་ཡ་དྲུག་ལ་བཀའ་བསྟན་གྱི་བདག་དབང་ཡོད་པ་རེད་མ་གཏོགས།འབྲུག་དང་ཧི་མ་ལ་ཡའི་ཁུལ་གྱི་ར་མ་ལུག་མགོ་གཉིས་མ།གནད་ལ་ཐུག་དུས་ཚོན་ཁྲ་གང་ལའང་འགྱུར་ཆོག་ཆོག་གི་རང་ཚུགས་མེད་པ་དེ་ཚོར་བདག་དབང་གང་ནས་ཡོད།
དེ་མཚུངས་སུ་དེང་སང་གི་དེབ་བཟོས་ཏེ་སྒྲོ་ལར་བཟོས་མཁན་གྱི་ཕྱི་རྒྱལ་མགོ་སེར་ཡིག་བསྒྱུར་བ་དེ་ཚོ་ནི།སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་ཚོའི་དོ་ཟླ་ཕར་བཞོག།ཐ་ན་བོད་སྐད་གོ་བརྡ་ཙམ་ཡང་མི་འཕྲོད་པ་ཞེ་གཅིག་གིས་ཨུ་ཚུགས་བྱས་ཏེ་ཚིག་མཛོད་ལ་སྐྱབས་བཅོལ་ནས་ཡི་གེ་བསྒྱུར་གྱི་ཡོད་པས།དེ་ཚོའི་ལག་པར་བཀའ་བསྟན་བསྒྱུར་རྒྱུ་བཞོག་དང་སྒྲ་ལོག་སྐད་ལོག་གོ་བ་ལོག་བསྒྲུབ་ཀྱིས།སངས་རྒྱས་ཀྱི་ཆོས་དྲི་མ་མེད་པ་འཕྲོ་བརླག་ཏུ་བཏང་སྟེ་མི་གཞན་གྱིས་དོ་སྣང་ཡོང་རྒྱུའི་ཚབ་ཏུ་ཞེན་པ་ལོག་པ་ཅིག་བཟོ་ངེས་ཅན་ཡིན་པས།སེམས་གཏིང་ནས་བོད་ཀྱི་ཆོས་རིག་ལ་གཅེས་ཞེན་ཡོད་པ་ཅིག་ཡིན་ན་ལས་གཞི་འདི་ངེས་པར་འགོག་དགོས་པ་རེད་དོ།།།།།
གནའ་སྔོན་མ་རྒྱ་ཆོས་བོད་ལ་བསྒྱུར་དུས་རྒྱ་ཆོས་བོད་ལ་ཤོར་དོག་ནས་བཀག་འགོག་མང་པོ་བྱས་ཚུལ་བཀའ་ཐང་ཁག་གི་ནང་དུ་ཧ་ཅང་མང་པོ་འདུག དེང་དུས་སུ་ཡིག་ཆའི་བདག་དབང་ཟེར་བ་དེ་བཀག་རྒྱ་ཧ་ཅང་དམ་པོ་རེད། ཡིན་ན་ཡང་དེ་ཡག་པོ་ཞིག་གང་ཡང་མ་རེད།
ལྷག་པར་བཀའ་བསྟན་འགྱུར་འདི་ཚོ་ཆོས་ཀྱི་ཡིག་ཆ་ཡིན་དུས་བདག་དབང་ཟེར་བ་ཞིག་གཏན་ནས་མེད་པར་ཆོས་སྦྱིན་བྱེད་དགོས་པ་དེ་སངས་རྒྱས་རང་གི་དགོངས་གཞི་ངོ་མ་རེད། མདོ་སྡེ་རྣམས་ལས་ཀྱང་། ལོངས་ཤིག ཆོངས་ཤིག ཀློག་ཅིག གཞན་ལ་སྟོན་ཅིག་སོགས་གསུངས་ཡོད་པ་དེ་རེད།
ད་ང་ཚོས་བཀའ་བསྟན་དབྱིན་བསྒྱུར་བྱས་ན་དེའི་བདག་དབང་དེ་ཕྱི་རྒྱལ་གྱི་ཚོང་ལས་ཚོགས་པ་ལྟ་བུའི་ལག་ཏུ་མི་ཤོར་བར་ཆོས་སྦྱིན་ངོ་མ་ཞིག་ཏུ་འགྱུར་བར་འབད་པ་བྱེད་ཐུབ་ན་ཆོས་དང་མཐུན་པ་རེད། གལ་སྲིད་མ་བྱུང་ན་ནི་བོད་རང་གི་བསྟན་པ་དགོན་སྡེ་སྤྱི་ལ་དབང་བ་ཞིག་བྱེད་ཐུབ་ན་ཡང་མ་འགྲིགས་པ་མི་འདུག་མོད་ཧ་ཅང་གི་ཁག་པོ་རེད་བསམ།
དེངས་དུས་སུ་བོད་ཀྱི་ང་ཆོས་དབྱིན་བསྒྱུར་བྱེད་མཁན་གྱི་སྒེར་དང་ཚོགས་པ་མང་པོ་ཞིག་ཁོ་ཚོས་ནི་དཔར་བསྐྲུན་བདག་དབང་བཟུང་ནས་ཚོང་ལས་རྐྱང་བྱེད་ཀྱིན་འདུག ངའི་གློག་འཕྲིན་ཡིག་སྒམ་ནང་ལ་སྔ་འགྱུར་རྙིང་མའི་ཡིག་ཆ་མང་པོ་ཞིག་དབྱིན་བསྒྱུར་བྱེད་ཀྱིན་ཡོད་ཚུལ་གྱི་ཡི་གེ་འབྱོར་ཡོང་གིན་འདུག རིན་གོང་ཡང་ཧ་ལས་པ་ཆེན་པོ་རེད་འདུག
སྤྱིར་ན་བཀའ་འགྱུར་ལྟ་བུ་ཡིན་ན་ཆོས་ཕྱོགས་ནས་དབྱིན་ཡིག་ཏུ་བསྒྱུར་ན་ཡང་དེ་ཙམ་ཕན་ཐོགས་མེད་པ་ཧ་ཅང་མང་པོ་རེད། ཡག་པོ་ཞིག་བསྒྱུར་ཤེས་མིན་ཡང་དོག་པ་རེད།
བོད་ཨིན་སོགས་ན་བཞུགས་པའི་བཀའ་བསྟན་གྱི་་བདག་དབང་སུ་གང་ཡང་བདག་མི་ཆོག་ན་ལེགས་སྙམ་ལགས།
བོད་ཀྱི་རིག་གཞུང་མང་དག་ཞིག་ཕྱིའི་སྐད་ཡིག་ཏུ་བསྒྱུར་བ་ནི་ངོ་མཚར་རྨད་བྱུང་གི་བྱ་བ་ཞིག་ཡིན། གང་ལགས་ཅེ་ན རིག་གཞུང་དེའི་རིན་ཐང་གི་་ལྟ་བ་ནི་འགྲོ་བ་མི་རྣམས་ལ་ཕན་པ་རྒྱ་ཆེར་འབྱུང་བཞིན་ཡོད་པས་སོ།
དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས།
ཐ་ན་དམ་པའི་ཆོས་གསང་སྟེ་རྐུན་བུར་བྱས་སྟེ་བཤད་ན་ཡང་ཕན་ཡོན་ཆེ་སྟེ།
མདོ་དེ་ཉིད་ལས། སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན། གང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་དམ་ཐ་ན་གསང་སྟེ་རྐུན་བུར་སེམས་ཅན་གཅིག་ལ་ཡང་། ཡང་དག་པར་བཤད་དམ་བསྟན་ན་ཡང་། སྨན་གྱི་རྒྱལ་པོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ། དེ་བཞིན་གཤེགས་པའི་ཕོ་ཉ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ། དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་སྟེ། དེ་དེ་བཞིན་གཤེགས་པས་མངགས་པར་རིག་པར་བྱའོ། །
ད་འོ་ན་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཟེར་བ་དེ་ད་ཆ་འབྲེལ་མེད་ཆག་ཟིན་ཟེར་གྱིས་ཡོད་དམ?
བཀའ་བསྟན་གྱི་བདག་དབང་བོད་མི་རིགས་ལ་ཡོད་པས་གཞན་ལ་སྒྱུར་མི་ཆོག་ཟེར་རམ། ཡང་ན་དེའི་རིན་དུ་ཆེན་པོ་ཞིག་དགོས་ཟེར་རམ། འོ་ན་བསྟན་སོགས་བོད་ཀྱི་གཙུག་ལག་རིག་གནས་ལ་གཞན་གྱིས་འཆད་ཉན་དང་སློབ་སྦྱོང་ཡང་བྱེད་མི་ཆོག་པ་ཡིན་ནམ། བོད་མི་ཚོས་དེ་དག་ལ་སློབ་སྦྱོང་བྱས་ཏེ་བདག་པོ་རྒྱག་གི་ཡོད་ན་ནི་རབ། མེད་ན་ནི་གཞན་ལ་སྒྱུར་ན་སྒྱུར་དུ་ཆུག བཀའ་བསྟན་སོགས་གཙུག་ལག་རིག་གནས་དེ་དག་གི་མཛད་པ་འཕྲིན་ལས་དང་སྐུ་ཚེ་ཡུན་རིང་བརྟན་པའི་ཁེ་ཕན་ཡོད་རེད། །
ལར་ནས་གདུལ་བྱའི་ཉོན་མོངས་སྤོང་དོན་དུ་སྟོན་པའི་གསུངས་པའི་གསུང་རབ་མཐར་ཐུག བཀའི་མཚན་ཉིད་རེད། བཀའ་ཡི་བདག་དབང་སྐོར་བཤད་ན་སྟོན་པ་ཐུགས་རྗེ་ཅན་ལ་ཡོད་པ་ལས་གཞན་སུ་ལ་མེད་པ་རེད། སྟོན་པ་ཐུགས་རྗེ་ཅན་གྱིས་ཚང་མ་ལ་བདག་དབང་དེ་སྤྱི་ཁྱབ་ཏུ་སྤྲད་ཚར་ཡོད་རེད། བོད་སྐད་དུ་ཡོད་པའི་བཀའ་འགྱུར་ཡང་དེ་ག་རང་རྒྱལ་བའི་བཀའ་རེད། དེ་ཡང་འཛམ་གླིང་སྤྱི་ལ་དབང་བའི་རིག་གཞུང་ཞིག་དང་མི་རིགས་སྤྱི་ལ་དབང་བའི་རིག་གཞུང་ཞིག་ཡིན་པ་ལས་ང་ཚོས་དཀའ་ལས་བརྒྱབ་ཡོད་ཟེར་ནས་དུས་ནམ་ཡང་གཞན་ལ་སྒྱུར་བ་དང་འཆད་པ་སློབ་པ་སོགས་བྱེད་དུ་མི་འཇུག་པར་དེ་ལ་ཆགས་ཞེན་བྱེད་རྒྱུ་ཡིན་ནམ།
༸གོང་ས་མཆོག་གི་ཞལ་སྔ་ནས། ནང་པའི་ཆོས་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་ལ། ལག་ཏུ་བླང་བདེ་བ་ཞིག་ཡོད། དེ་ཡང་མི་རིགས་གཅིག་དང་། ཡུལ་གཅིག་ཁོ་ནའི་ཆེད་དུ་གསུངས་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གསུངས་པའི་ཆོས་ལུགས་ཤིག་ཡིན། ཞེས་གསུངས་པ་ལྟར་རེད། ནང་ཆོས་ལ་ནང་ཆོས་ཀྱི་འགྲོ་སྟངས་ཡོད་ཅིང་དེ་གཞིར་བཞག་སྟེ་འགྲོ་དགོས་པ་ཞིག་ཡིན་པ་ལས་དེ་ལ་རིགས་ཞེན་དང་སྲིད་ཞེན་སོགས་མདོར་ན་ནང་ཆོས་ཀྱི་དགོངས་དོན་དང་མི་མཐུན་པའི་བསམ་བློ་དང་གང་ཟག་སུའི་ཞེན་ཆགས་ཀྱིས་བསླད་བཅུག་ན་དེ་ག་རང་གིས་དོན་གྱིས་ནང་ཆོས་ལ་དམའ་འབེབ་དང་གཏོར་བཤིག་བཏང་བ་ཆགས་ཀྱི་ཡོད་པར་སྙམ་མོ། །
གནད་འགག་ནི་ང་ཚོས་ཀྱང་ཚོར་ཤུགས་རྣོན་པོ་དང་ཟབ་པོའི་ཐོག་ནས་རང་གི་རིག་གཞུང་ལ་ཚགས་བརྒྱབས་ཏེ་མི་དགོས་པ་རྣམས་དོར་སྙིང་བཅུད་རྣམས་མ་ལག་དང་བཅས་པ་མི་ཉམས་རྒྱུན་འཛིན་ཉམས་པ་སོར་ཆུད་བྱེད་དགོས་ཤིང་། ད་དུང་གཞན་གྱི་ལེགས་ཆ་རྣམས་ལེན་པ། དུས་རབས་དང་མཐུན་པའི་སྟོང་ཆ་རྣམས་དགོས་མཁོར་ཁ་སྐོང་བྱས་ཏེ་མདོར་ན་རང་གི་རིག་གཞུང་དེ་ཉིད་ཕྱོགས་ཐམས་ཅད་ནས་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འགྲན་རྩོད་ཀྱི་ཁུར་ཉམས་ལེན་བྱེད་དགོས་པ་དེ་རེད་འདོད། །
དེ་བདེན། ལར་ནས་སུས་ཀྱང་འགོག་མི་ཐུབ། ངལ་བ་སྟོང་ཟད་རེད། སྟོན་པའི་བསྟན་པ་འདིར་བོད་པས་རྟོགས་བཟོ་བྱེད་མང་དྲག་བས་ད་ནུབ་ཕྱོགས་མགོ་དམར་བས་བདག་ཏུ་བཟུང་བའི་དུས་ཡིན་པ་འདྲ།
གལ་སྲིད་ཕར་ཡིག་རིགས་གཞན་ལ་བསྒྱུར་དབང་འགོག་དགོས་ཚེ།གསུངས་ཆོས་གསུང་རྒྱུ་ཡང་འགོག་དགོས་ཀྱི་རེད་སྙམ། གང་ལྟར་བོད་ཀྱི་ལོ་ཙྭ་བ་ཚོས་བོད་བསྒྱུར་གནང་བ་བཞིན་བསྒྱུར་ཁེགས་པོ་ཡོད་པས་གོ་དོན་ནོར་ནས་ཆོས་ལོགས་སུ་མི་འགྲོ་བའི་ངེས་པ་མེད། མགོ་སེར་ཚོས་དབྱིན་བསྒྱུར་བྱེད་ཀྱི་ཡོད་པ་རེད།བོད་པ་ཚོས་དེང་དུས་ཤེས་ཡོན་ལག་ཤེས་སྐོར་གྱི་དེབ་ག་ཚོད་བསྒྱུར་ཡོད་པ་རེད། ཡེ་ཤུ་བྷ་བྷལ་དང་པོ་བསྒྱུར་འདུག་ཟེར། བོད་རང་ལ་མཁོ་བ་ཚན་རིག་ལག་ཤེས་ཕྱོགས་ནས་གཅིག་ཀྱང་བསྒྱུར་ཐུབ་ཀྱི་མེད་པ་འདི་སྐྱོ་བོ་རེད།
གོང་གི་རྩོམ་འདིར་བལྟས་ནས་གནས་ལུགས་རེད་སྙམ་སོང་བས་འདི་འདྲ་བའི་ཕྱོགས་ལ་བསམ་བློ་བཏང་དང་གཏོང་བཞིན་པར་ཤིན་ཏུ་བཀའ་དྲིན་ཆེ། འོན་ཀྱང་། གོང་ན་མཆན་འགོད་པ་ལས་རྩོམ་ཡག་པོ་གཅིག་ཀྱང་བྲིས་མ་མྱོང་ལ་འབྲི་ཡང་མི་ཤེས་པའི་བཙན་བྱོལ་བའི་རྩོམ་པ་པོ་ཉི་ཚེ་བ་འདི་ཚོས་ནི་གཞན་གྱི་ལེགས་རྩོམ་ཞིག་མཐོང་ན་ཕྲག་དོག་གི་མཆིལ་མ་འདེབས། རྩོམ་ཡིག་གཉོམ་པོ་རེ་མཐོང་ན་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་བྱེད་ལས་ཀྱིས་ང་ཚོའི་ནང་སྙིང་ཞིག་སྟོན་བཞིན་པ་ལས་ཅང་མེད། གང་ལྟར་ཀྱང་ཕྱི་གླིང་ནས་བྱིས་པའི་ཀློག་དེབ་ཅིག་གི་བདག་དབང་ལེན་དགོས་ན་ཡང་ལས་སླ་བོ་ཞིག་གཏན་ནས་མི་འདུག་པ་དེ་ལྟར་ན་ཡང་། དབྱིན་ཡིག་སྤྱོད་བཞིན་པའི་རྒྱལ་ཁབ་དང་མི་རིགས་དག་གིས་དབྱིན་ཡིག་འཛམ་གླིང་དུ་ཁྱབ་རྒྱུར་འབད་པ་བྱེད་ན་ཡང་དཔེ་ཆ་དང་རྩོམ་ཡིག་གི་བདག་དབང་ཞིག་བཤད་ཀྱིན་ཡོད་པ་འདིར་གནད་ཅིག་དན་དན་ཡོད་པ་རེད། ང་ཚོ་ནི་བྱ་བཏང་བ་བྱེད་པར་སྤྲོ་ཡང་བྱ་བཏང་བ་བྱེད་མི་ཐུབ་པའི་མི་རིགས་ཤིག་ཡིན་པས་དཀྱེལ་ཡངས་མདོག་དང་ལྷག་བསམ་ཆེ་མདོག་སྟོན་ན་ཡང་། དོན་གྱིས་རྡ་སའི་རི་གྲོང་ན་ཆོལ་གསུམ་ནང་འཛིང་གིས་མི་མངོན་པའི་དམག་འཁྲུག་ཅིག་ཞུ་མ་ཐུབ་པར་ཡོད་ལ། ནུབ་གླིང་གི་ཡུལ་གྲུ་སོ་སོ་དང་བོད་ནང་ན་་ལྟོ་རྒྱབ་མ་སོས་པར་མི་རིགས་བརྗེད་དང་བརྗེད་བཞིན་པའམ་བཙན་གྱིས་འདོར་བཞིན་པའི་བོད་པ་ཡང་གྲངས་ཀྱིས་མི་ལོངས། དེ་བས་རང་ས་རང་ཡུལ་ནི་མ་དབང་། སྐད་དང་ཡི་གེ་ནི་མི་སྦྱོང་། རང་ལ་ཡོད་པའི་ནོར་བུ་བཀའ་བསྟན་སོགས་ཀྱི་དཔར་སྐྲུན་བདག་དབང་ཡང་གླེང་མི་ཆོག་པ་འདི་ཨ་མཚར་ཨང་། ལྷག་པར་དུ་ཀླུ་སྨྱོན་སོགས་སྤྱི་ཚོགས་ལ་འགན་ཁུར་མེད་པར་ནུབ་གླིང་ན་ཡིན་མདོག་སྟོན་པ་འདི་ཚོས་ནི་ང་ཚོར་ཅི་ཞིག་ནང་འདྲེན་བྱེད་ཀྱིན་ཡོད་དམ། མདོར་བསྡུས་ན་ང་ཚོས་བདག་དབང་གླེང་དགོས་ལ། བཟའ་འདོད་ཀྱང་སྡེར་མ་སྟོང་བར་ལུས་པའི་ནུབ་གླིང་གི་མི་ཆོས་རིག་གནས་ནང་འདྲེན་བྱེད་དགོས། དེས་ན་གོང་གི་མཆན་འགོད་པ་པོ་དག་གིས་ཞིབ་ཏུ་སོམས་དང་། ཁྱོད་ཅག་གི་བསམ་ཚུལ་བཞིན་བྱས་ན་མི་རིགས་འདིར་ཕན་པ་ག་རེད་ཡོད་དམ།
ང་ཚོའི་མི་རིགས་འདི་ངོ་མ་ཡ་མཚན་རེད། རང་ལ་གང་ཡོད་པ་སྦྱིན་པ་དང་སྙིང་རྗེ་ཆེ་མདོག་གི་གཞན་ལ་བཙོང་བའི་སྙིང་སྟོབས་ཆེ་ན་ཡང་། གཞན་གྱི་སྔོན་ཐོན་གྱི་བསམ་བློ་དང་རིག་གཞུང་ནང་འདྲེན་བྱེད་པ་ལ་ཡིད་མུག་བསྡད་པ་འདི་ཆོས་གཞུང་ནས་བདག་འཛིན་དོར་བའི་དབང་གི་ཡིན་ནམ། དེང་སང་ཆ་ཚང་གིས་རྩོད་བཞིན་པའི་བདག་དབང་ཟེར་བ་དེ་ངོ་མ་ཤེས་པ་ཡིན་ནམ།
ང་ཚོའི་མི་རིགས་འདི་ངོ་མ་ཡ་མཚན་ཞིག་རེད། རང་ལ་ཡོད་པའི་ནོར་བུ་དེ་སྦྱིན་པ་དང་སྙིང་རྗེ་ཆེ་མདོག་གིས་གཞན་ལ་བཙོང་བའི་སྙིང་སྟོབས་ཆེ་ན་ཡང་། གཞན་གྱི་སྔོན་ཐོན་གྱི་བསམ་བློ་དང་རིག་གཞུང་ནང་འདྲེན་བྱེད་པར་ཡིད་མུག་ནས་སྡོད་པ་འདི། ནང་ཆོས་བཤད་པའི་བདག་འཛིན་དོར་བའི་དབང་གིས་ཡིན་ནམ། དེང་སང་ཚང་མས་རྩོད་བཞིན་པའི་བདག་དབང་ཟེར་བ་དེ་ངོ་ཤེས་ཡིན་ནམ།
ན་མོ། ལྷ་ཡི་སྐད་ཀླུ་དང་གནོད་སྦྱིན་དང། །འདྲིལ་བུམ་སྐད་དང་མིའི་སྐད་རྣམས་དང། འགྲོ་བ་ཀུན་སྒྲ་རྣམས་ཇི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟོན་ཏོ། །
འོ་ཡ། དེ་ཡང་ཇི་སྐད་དུ་བོད་ཀྱི་མཁས་པ་ག་གེ་མོ་ཞིག་གི་གསུང་ལས། འདྲེན་པ་མཆོག་དེས་བསྐལ་པ་དཔག་མེད་ཀྱིས། །ནད་ཏན་སྙིང་པོ་མཛད་ནས་སྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་ཚན་འདའ་བར་ཤོག །ཞེས་ཇི་སྐད་གསུངས་པ་ལྟར། ཐབས་སྣ་ཚོགས་ཀྱི་སྒོ་ནས་ང་ཚོས་སངས་རྒྱས་ཀྱི་བསྟན་པ་འདི་རྒྱས་ཐབས་བྱེད་རྒྱུ་དེ་ནི་ལས་འགན་ཆེ་ཤོས་ཤིག་རེད། དེ་འགྲོ་མའི་སྐད་ཡོད་དོ་ཅོག་ཏུ་བསྒྱུར་ཐུབ་ན་བསྒྱུར་རྒྱུ་མ་ཟད་བྱ་བྱའུ་ཁྱི་དང་ཞི་མིའི་སྐད་ལ་བསྒྱུར་ནས་བཤད་ཐུབ་ན་ཡང་བཤད་རྒྱུ་ཡིན་་་་་་་་
བོད་སྐད་དུ་ཡོད་པའི་བཀའ་བསྟན་ཆོས་ཅན། ཁྱེད་བདག་དབང་ལ་བརྩོད་རྒྱུ་མེད་པར་ཐལ། ཁྱེད་རྒྱུ་ཀུན་སློང་བྱམས་སྙིང་རྗེས་ཀུ་ནས་སླང་ནས་ཆེད་དུ་བྱ་འགྲོ་བ་སེམས་ཅན་ཐབས་ཅད་ཀྱི་ཆེད་དུ་གསུངས་ཤིང། བྱེད་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་དུ་གསུངས་པ་ཤ་སྟག་ཡིན་པའི་ཕྱིར།
ཤེས་རབ་དར་རྒྱས། ཁྱེད་སྔོན་མ་གྲྭ་བ་ཡིན་དུས་རིག་ལམ་དང་རིགས་གནས་ཡག་པོ་ཡོད་བསམ་སོང། ད་ཁྱེད་སྡོམ་པ་དང་ཉམ་དུ་རིག་ལམ་དང་རིགས་གནས་དེ་ཚོ་ཡང་བཏང་ཚར་བ་ཡིན་ས་རེད། ང་ཚོའི་བོད་ཀྱི་བཀའ་བསྟན་འདི་ཚོ་ལ་བཀའ་འགྱུར་དང་སྟན་འགྱུར་ཞུ་དོན་གང་རེད། བཀའ་བསྒྱུར་དང་བསྟན་བསྒྱུར་མི་ཞུ་དོན་གང་རེད། ལེག་སྦྱར་ནས་བོད་སྐད་ལ་འགྱུར་བ་ཆོས་ཉིད་ཡིན་ན། བོད་སྐད་ནས་དབྱིན་སྐད་དུ་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར། འཁོར་གསུམ་། ཁྱེད་ལ་ཨ་མས་བསླབ་པའི་ཚིགས་གསུམ་པོ་དབྱིན་སྐད་དུ་བསྒྱུར་ནས་བཤད་ཨེ་མྱོང། དེའི་བདག་དབང་སུ་ལ་ཡོད་བ་རེད། དེ་རེ་ནས་ཨ་མ་ལ་སྐད་ཆ་དྲི་ནས་བྱས་ཡིན་པས། ཡིན་ཟེར། ཁྱེ་གྲྭ་བ་དང་པོ་ལོག་པའི་ཉིན་མོའི་སྐད་ཆ་དེ་ཚོ་ཡང་ཨ་ལ་དྲི་ཡི་དྲི་ཡི་བྱས་ཡིན་པས། ཧཧཧཧ ཆུ་ས་ནས་བསམ་བཏོང། ཆེ་ས་ལ་སྐད་ཆ་བཤོད། ངའི་འདི་ནང་ཡིག་ནོར་མང་པོ་ཡོད་དེ་ལ་ཞུས་དག་བྱེད་ཡག་དབང་ཚད་ཁྱེད་ལ་ཕུལ་གྱི་ཡོད། ང་ལ་དགག་པ་རྒྱག་རྒྱུ་དབང་ཚད་ཕུལ་གྱི་ཡོད། དེ་གནང་ན་འགྱིག་གི་རེད།
བཀའ་བསྟན་འགྱུར་མདོ་སྔགས་ཡོངས་རྫོགས་དབྱིན་ཇིའི་སྐད་བསྒྱུར་གནང་མཁན་ཚང་མ་དང་དབུ་གཙོ་ལ་ཡང་བསྔགས་བརྗོད་ཡོད། དབྱིན་འདི་འཛམ་གླིང་སྤྱི་སྐད་ཡིན་པའི་ཕྱིར། ང་ཚོས་རྒྱ་ཆེ་ས་ནས་ངེས་པ་བལྟ་དགོས། མ་ཚད་ཚོང་ཁ་པས་ཀྱང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།། བཤད་པ་དོན་ལ་གནས་པར་སེམས།
པ་ལིའི་(pali)སྐད་ནས་ཐུབ་བའི་བཀའ་ཆོས་དག།
བོད་སྐད་ལ་སོགས་སྐད་ཡིག་གང་མང་ལ།།
བདག་དབང་བླུ་ཡོན་ཤོར་བའི་ཉེས་དམིགས་ཀྱིས།།
ནང་སྙིང་ཕྱི་ལ་ཤོར་བའི་ཆོས་སྐད་དེ།
འཇིག་རྟེན་འདི་ནས་ཤི་བོའི་ཡུལ་དུ་བསྐྱལ།།
ཁ་བ་གངས་ཅན་བོད་ཀྱི་ཆོས་སྐད་འདི།
ཡང་དག་དོན་ལྡན་ཡིན་པའི་བཀའ་བསྟན་འགྱུར།།
བསྒྱུར་ཚོང་རྒྱག་པར་རྔམས་པའི་འཆལ་རྒན་འགས།།
གསོན་སྙིང་ཕྱི་ལ་འདོན་པའི་ཉེས་དམིགས་ཀྱིས།།
ཤི་མིན་རོ་ལ་སྐྱོལ་བའི་ལྟ་ཀོན་བསྒྲིགས།།
རེ་རེ་བསམ་ན་ཁོང་ཁྲོ་རབ་ཏུ་འབར།
ཡང་རེ་བསམ་ན་སྨྲ་མེད་ལྐུག་ནས་འདུག།
བསྟན་པ་སྤེལ་བར་དགའ་བ་ལོས་ཡོད་ཀྱང་།།
སྐད་ཡིག་གསོད་པོར་དགྲ་པོའི་ལྟ་ཚུལ་སྐྱེས།།
ཕྱི་མར་ཐར་བ་མེད་རུང་དྲང་མོ་ཡིན།
སྒོར་གྱིས་སླུས་བའི་ང་ཡི་ཆོས་བླ་ཚོས།།
བོད་མི་འབྱོར་མེད་ཚོ་ལ་དབང་ལུང་ཙམ།།
བསྟན་ལ་འགྲེལ་བའི་དགེ་བ་བསགས་མ་མྱོང་།།
གོང་ཆེན་སྒྲོ་ལོའི་ཁེ་དཔག་ལེན་པ་ལ།།
ཁ་མྱིག་བཙུམ་ནས་མཁྱེན་རྒྱ་ཡོད་མདོག་འཁྲབ།།
འཁྱམ་པོ་ཁྲམ་པའི་སྟེང་མ་ཁྱབ་ཤོག།
འཁྱམ་པོ་ཁྲམ་པའི་སྟེང་མ་ཁྱབ་ཤོག།
འཁྱམ་པོ་ཁྲམ་པའི་སྟེངས་མ་ཁྱབ་ཤོག།
འཁྱམ་པོ་ཁྲམ་པའི་སྟེང་མ་ཁྱབ་ཤོག།
འཁྱམ་པོ་ཁྲམ་པའི་སྟེང་མ་ཁྱབ་ཤོག།
འཁྱམ་པ་ཁྲམ་པའི་ས་སྟེང་མ་ཁྱབ་ཤོག། ས་ཅིག་ཆད་འདུག།
བོད་འགྱུར་ནང་བསྟན་བོད་མིའི་རེད། །
ཨིན་འགྱུར་ནང་བསྟན་ཨིན་མིའི་རེད། །
གཉིས་ཀ་བཀླགས་ན་གཉིས་ཀར་བདག །
གཅིག་ཀྱང་མ་ཀློག་གཉིས་ཀས་འཕོངས། །
མཆན་འབྲི་མཁན་སུ་ཡིན་ནའང་། མི་གཞི་སྒང་ནས་བཤད་ན་སྙིང་པོ་མེད། གཙོ་བོ་དེར་རྩོམ་སྒྲོམ་ལ་སྐོར་ལ་མཆན་འབྲི་རོགས་ཞུ་འདོད་བྱུང་།
བཀའ་བསྟན་བདག་དབང་གཉེར་དོན་མེད། །
བཀའ་བསྟན་ཚོང་རྫས་བྱས་ན་ནོར། །
དེས་ན་གྲོན་ཆུང་རིན་ཆུང་ངམ། །
རིན་མེད་གང་མཁོར་སྦྱིན་ལ་བརྩོན། །
བཀའ་འགྱུར་གྱི་བདག་དབང་ནི་༼ངས་ནི་ཁྱེད་ལ་ཐར་བའི་ལམ་བསྟན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་གྱིས།།༽ ཞེས་པ་འདི་གསུང་མཁན་ལ་ཡོད་རེད། རྒྱུ་མཚན་སེམས་ཅན་ཐབས་ཅད་སངས་རྒྱས་དགོས་ཙང་རེད་ལ། སེམས་ཅན་ཐམས་ཅད་ལ་ལམ་འདི་གཅིག་མཚུངས་ཀྱིས་བསྟན་ཡོད་པ་རེད།
རང་གི་གཟའ་རོགས་ལ་ཡང་བདག་དབང་དག་དག་ཅིག་མེད་པའི་ཟ་ལེ་་་་ཞེས་པ་འདི་མི་སྒེར་ལ་བབ་ནས་བཤད་པ་མ་ཡིན་ནམ