ཨེ་མ་ཧོ།
ཀ་ཁའི་དབྱངས་གསལ་ཐོག་མར་རྩོམ་པའི། །
ཁ་བའི་རྒྱན་གཅིག་སློབ་དཔོན་དྲིན་ཆེན། །
ག་དག་བསིལ་ལྡན་ཆོས་ཀྱི་ཞིང་གི། །
ང་ཚོའི་མིག་འགྱེད་ཐོན་མི་རྒྱལ་ལོ། །
ཅ་ཆ་ཇ་སོགས་གསར་དུ་བསྒྲིག་ཅིང་། །
ཆ་ཤས་ཀུན་འཛོམས་བོད་ཡིག་རིན་ཆེན། །
ཇ་ཆང་ལོངས་སྤྱོད་ཀུན་ལས་ལྷག་པའི། །
ཉ་རྒྱས་ཟླ་བཞིན་བརྡ་སྤྲོད་རྒྱལ་ལོ། །
ཏ་ལ་ཤིང་གི་རྩ་བ་བཞིན་དུ། །
ཐ་སྙད་ཤེས་བྱའི་བཟང་ངན་ཤེས་བྱེད། །
ད་འདས་མ་འོང་བོད་པའི་སྐད་ཡིག །
ན་ཚོད་ཁྱད་མེད་འཛིན་སྐྱོང་སྤེལ་དགོས། །
པ་ལགས་དགོངས་པ་ཆོས་དབྱིངས་རྫོགས་ཀྱང་། །
ཕ་མེས་རྒྱུད་པའི་ངག་རྟ་སྙན་མོ། །
བ་གླང་ཕྱུགས་ཀྱི་ལད་མོ་མིན་པར། །
མ་འོངས་སྐད་ཡིག་གོང་འཕེལ་གཏོང་དགོས། །
ཙ་རིར་བཞུགས་པའི་རྣལ་འབྱོར་དམ་པ། །
ཚ་གྲང་བཟོད་པའི་སྡེ་གཉིས་ལས་དབང་། །
ཛ་དྲག་སྐྱོབ་པའི་བསྟན་སྲིད་ཀུན་ལ། །
ཝ་ལེར་སེམས་ན་མེད་ཐབས་མེད་དོ། །
ཞྭ་མདོག་དམར་སེར་ཁྱད་པར་མི་འདུག །
ཟ་འོག་རི་མོ་གཅིག་གི་གྲ་རིས། །
འ་ཅག་གངས་ཅན་སྐྱེ་དགུའི་མདུན་ལམ། །
ཡ་རབ་བསམ་མཁན་སྙིང་ནས་དུང་ངོ་། །
ར་བ་གངས་ཅན་གཅིག་ལས་མཆེད་པའི། །
ལ་དྭགས་མན་དང་རྒྱ་རོང་ཡན་ཆོད། །
ཤ་ཁྲག་རུས་པ་ས་ལ་ཐོར་ཀྱང་། །
ས་གནས་བོད་པ་མི་རིགས་གཅིག་མཚུངས། །
ཧ་ཅང་ལོ་རྒྱུས་རིང་མོས་ཕྱུག་པས། །
ཨ་ལགས་དག་མའི་ངེས་ཤེས་ཟབ་མོ། །
ཨི་ལྡན་ལམ་ནས་ཁྱེད་ལ་སྤྲིངས་པས། །
ཨུ་ཚུགས་དང་བཅས་ལན་གཅིག་གཟིགས་གྲོགས། །
ཨེ་མ་ཧོ་ཡང་ཁྱེད་ལ་ཕྱོགས་ནས། །
ཨོ་རྒྱན་བླ་མའི་བྱིན་རླབས་ཐུགས་རྗེ། །
ནམ་ཡང་འབྲལ་མེད་ཁྱེད་ལ་ཞུགས་པས། །
སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་སྨོན། །
བཟང་ངན་ཀུན་འཛོམས་ཁ་བརྡ་དྲ་བར། །
བཟང་ངོ་མཇལ་བའི་ལ་དྭགས་དགེ་རྒན། །
བཟང་པོའི་ཡོན་ཏན་སྐད་ཡིག་རྒྱུད་འཛིན། །
བཟང་གསུམ་ཡར་ངོའི་ཟླ་བཞིན་སྨོན་ནོ། །
ཞེས་པ་འདི་ཡང་ལ་དྭགས་འཇམ་དཔལ་གྱིས་ཁ་བརྡ་དྲ་ཐོག་ནས་ནམ་རྒྱུན་ཡིག་ནོར་དག་བཅོས་བསྒྱུར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་གང་དྲན་དབྱངས་གསལ་མཆོད་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ལྷ་བབས་དུས་ཆེན་ལ་དབྱིན་ཡུལ་ཨེ་ཝཾ་སྨན་ཁང་ནས་ཕུལ་བར་དགེའོ། དགེའོ། དགེའོ། །
བཟང་ངན་ཀུན་འཛོམས་ཁ་བརྡ་དྲ་བར། །
བཟང་ངོ་མཇལ་བའི་ལ་དྭགས་དགེ་རྒན། །
བཟང་པོའི་ཡོན་ཏན་སྐད་ཡིག་རྒྱུད་འཛིན། །
བཟང་གསུམ་ཡར་ངོའི་ཟླ་བཞིན་སྨོན་ནོ། །
བདག་གིས་ཀྱང་དེ་དེ་བཞིན་དུ་མངོན་པར་སྟོད་དོ།།
དྲི་བ་ཞིག་ཞུ་རྒྱུར། རང་རེ་བོད་སྐད་དུ་དཔག་བསམ་གྱི་ཤིང་ཞེས་པ་འདི་ལ། ལེགས་སྦྱར་གྱི་སྐད་ཇི་ལྟར་ཡོད་ན། ལགས།
བོད་པའི་རིགས་ཞེན་བོད་པ་ལས་ལྷག་པའི།།
བོད་པའི་བརྡ་སྤྲོད་མི་ཉམས་སྲོག་ལྟར་འཛིན།།
བོད་ཡིག་གླེང་སྟེགས་ཁ་བརྡ་དྲ་བ་འདིར།།
བོད་ཡིག་ནོར་བཅོས་བྱེད་པོ་ཁྱེད་ལ་བསྔགས།།
ལེགས་སྦྱར་སྐད་ལ་ཀལྤབྲཱིཥ་་འམ་ཀལྤ་ལ་ཏཱ་ཟེར་ལེ་རེད། कल्पवृक्ष, कल्पलता।
ཐུགས་རྗེ་ཆེ། དབང་ཆེན་ལགས།
ཨེ་མ་ཧོ་མཆོག་གིས་བདག་ལ་འཇུ་གསུངས་པར་། སླར་ཡང་ཁྱེད་ལ་ཡང་འཇུ་ཞུ་དགོས་པ་ཡིན།
ལ་དྭགས་པས་འཇུ་ཞེས་གུས་འདུད་ཞུ་ཚུལ་ཡོད། འདིའི་སྐོར་ལ་སྔར་ཡང་ལན་མང་དུ་ཞུས། འདི་ཉིད་བོད་ཀྱི་ཆོས་སྐད་དམ་རིག་གཞུང་སྐད་ན་མཐོང་སྟེ། དཔེ་ཆོས་རིན་ཆེན་སྤུངས་པ་ན། རྣལ་འབྱོར་པ་ཆེན་པོ། བཀའ་གདམས་པ། དགེ་བའི་བཤེས་གཉེན་པོ་ཏོ་པས། ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ། ཞེས་གསུངས། རྒྱས་པར་མཁྱེན་འདོད་ན་། གཞུང་དེ་ཉིད་ལ་གཟིགས།
་
ལ་དྭགས་མན་དང་རྒྱ་རོང་ཡན་ཆོད། །
་
སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་གཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ་ཞེས་གསུངས་པ་བཀླགས། ལ་དྭགས་ལ་སྔོན་དུས་སུ། མར་ཡུལ་ཟེར། འདི་ཉིད་མངའ་རིས་སྐོར་གསུམ་གྱི་སྐོར་གཅིག་ཡིན་འདུག
བདག་རང་གི་ཕྱི་ལོགས་པ་དག་ལ་ངོ་སྤྲོད་བྱེད་སྐབས་སུ། ལུགས་སྲོལ་དང་། སྐད་ཀྱི་ཆ་ནས་བོད་པ་དང་། ཡུལ་ལུང་གི་ཆ་ནས་ད་ལྟ་རྒྱ་གར་པ་ཡིན། ཞེས་ངོ་སྤྲོད་བྱེད།
་
ཁ་བའི་རྒྱན་གཅིག་སློབ་དཔོན་དྲིན་ཆེན།
་
དྲིན་ཅན་དང་དྲིན་ཆེན་གཉིས་སྒྲ་གདངས་ཀྱི་སྒོ་ནས། དྲིན་ཅན་དྲིན་ཆེན་ཆགས་པར་སྣང་། དྲིན་ཆེན། ཞེས་པའི་མིང་ཚིག་གཉིས་སོ་སོར་ཕྱེ་ན། དང་པོ་ཁྱད་གཞི་དང་། གཉིས་པ་ཁྱད་ཆོས་སུ་འགྱུར། དྲིན་ཅན། སོ་སོར་ཕྲལ་ན། ཅན། ཞེས་པའི་སྒྲ་ལ་རང་དབང་གི་གོ་དོན་ཡོད་པ་ཞིག་མ་མཐོང་། ཉན་མཁན་ནི། ས་པཎ་ཆེས་པོས།
་
ཕན་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན།
སྨན་པ་མཁས་པ་རྙེད་དཀའ་སྟེ།
དེ་ཡི་ཚིག་བཞིན་བྱེད་པ་ཉུང་།། ༢༥ །། རབ་བྱེད་ལྔ་པ།
ལེགས་སྦྱར་སྐད་ལ་ཀལྤབྲཱིཥ་་འམ་ཀལྤ་ལ་ཏཱ་ཟེར་ལེ་རེད། कल्पवृक्ष, कल्पलता। ཕྱི་མ་དེ་ཆེས་བདེན་སྟེ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་། ཨབདཱནཀལྤལཏཱ། ཞེས་པ་ལྟ་བུ། དང་པོ་དེ་མ་དག་པར་འཐོན། ཁག་མེད། བོད་ཡིག་ཏུ་ཇི་ལྟ་བ་བཞིན་བརྩེགས་མི་ཐུབ་པས། བྲ་ལ་ཀི་གུ་ལོག་ནས་འབྲི་བ་དང་། ཀའི་འོག་ཏུ་ཥ་དགོས་པ་རེ་ཞིག་ཇི་ལྟ་བ་བཞིན་གློག་ཀླདའདིར་མིའབྱུང་ངོ་།
༄༅།། ལ་དྭགས་པར་སྤྲིངས་ཡིག་ལ་མཇལ་བའི་ཚོར་བ་བདུད་རྩི་སླེབས་ཆོག ཀ་དག་གཙོར་འདོན་རྨི་ལམ་དབང་ཕྱུག་དང་།།ཁ་བའི་གཙུག་ལག་དབང་པོ་ལ་དྭགས་རྒན།།ག་དུས་འཇུ་ལེ་གནང་བར་རྒྱུས་མེད་ཀྱང་།།ང་ལ་ཐོབ་པ་སྤྲིང་ཡིག་ཁོ་ན་མིན།།ཅ་ཅོའི་གཏམ་གྱིས་གང་བའི་དྲ་ཐོག་ཏུ།།ཆ་མེད་མི་ལ་རྒྱུས་ཡོད་ཡིག་འཕྲིན་རིགས།།ཇ་སྙིགས་སྤུང་ལྟར་ཕངས་མེད་འཕེན་པ་ལ།།ཉ་འཛིན་ལྕགས་ཀྱུ་འདེབས་པའི་རེ་བ་སྟོང་།།ཏཱ་ལེ་བླ་མའི་རང་དབང་གྲིབ་བསིལ་འོག།ཐ་དད་ལྟ་བའི་མཆུ་འཛིང་རྒོད་པའི་བར།།ད་རེས་ངལ་གསོ་འདོད་ཀྱང་དོན་མ་འགྲུབ།།ན་མ་རེ་བཞིན་དྲ་བར་ལྟ་ཙམ་ཤོར།།པ་པོའི་དག་ཆར་མཉེས་པའི་ལ་དྭགས་རྒན།།ཕ་རོལ་རྒོལ་བ་བྱམས་པས་བཟློགས་པ་དང་།།བ་མཐའ་ཡིན་མིན་ནན་གྱིས་རྩོད་པ་སོགས།།མ་ལུས་གངས་ཅན་རིག་གཞུང་སྲུང་ལ་མཁས།།ཙཱ་རིའི་ཡས་མཐའ་ལ་དྭགས་ཕལ་སྐད་ཤེས།།ཚ་རོང་མ་གཏོགས་བོད་ཀྱི་ཡིག་སྐད་མཁས།།ཛ་ཡའི་གསུང་རབ་ལེགས་སྦྱར་ལྷ་སྐད་གོ།།ཝ་ཆུ་བཞིན་དུ་རིག་གཞུང་ཧུབས་སུ་འདྲེན།།ཞ་ལུའི་མགོ་ཁུངས་བཀྲ་ཤིས་ལྷུན་པོ་དང་།།ཟ་ལར་སོག་རིགས་མང་བའི་གཞིས་ཀ་རྩེ།།འ་འུར་ཙམ་མིན་རིགས་པས་རྒྱལ་ཁམས་བསྐོར།།ཡ་མཚན་མང་མཐོང་་རྒྱ་གར་ཡུལ་དུ་ལོགས།།ར་མ་ལུག་གི་སྐད་ལ་ཞེན་པ་ལོག །ལ་དྭགས་ཆོས་སྐད་རྒྱལ་སྤྱིའི་སྒང་ལ་སྒྲོགས།།ཤ་ཞེན་ལ་རྒྱ་རིག་གཞུང་སྟེང་དུ་བཀོལ།།ས་མཐའ་རྩོད་ལ་ནམ་ཡང་ངལ་དུབ་མེད།།ཧ་ལམ་དེང་དུས་གཙུག་ལག་སྨྲ་བའི་དབང་།།ཧ་ཅང་བསྟོད་ཀྱང་སྒྲོ་བཏགས་མི་དགོས་པ།།ཨ་རིའི་ཡུལ་དུ་ལྷོད་ཀྱིས་བཞུགས་པ་ལ།།ཨ་མཚར་རྩེད་མོའི་ཀ་ཕྲེང་འདི་ལྟར་ཕུལ།།ཅེས་པའང་དྲི་མེད་པས་ཤར་མར་བྲིས་ཏེ་ཕུལ།།
ཕྱོགས་ལྷུངགིས་དྲི་མ་སྦགས་པ་དྲི་མེད་ལྷག་བསམ་མཆོག་ལ་ཞུ་བ།
བདག་ཨ་རི་ནས་འོངས་ཏེ། ཤར་ཕྱོགས་ཀྱི་ཡུལ་ཞིག་ཏུ་སླེབས་ནས། ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་སོང་། འདིར་ཛམ་གླིང་ཡུལ་གྲུ་ཀུན་ནས་སློབ་གཉེར་པ་དག་འོང་ཞིང་ནང་ཆོས་སློབ་སྦྱོང་བྱེད། མང་ཆེ་བ་གནས་བརྟན་སྡེ་པའི་རིགས་ཀྱི་དགེ་སློང་དང་། དགེ་སློང་མ་དག་ཡིན་འདུག དེ་རྣམས་ལ་བོད་ཀྱི་ཆོས་ཀྱི་ངོ་སྤྲོད་བྱེད། ཆོས་ཐོག་མེད་པའི་སྐབས་ཨ་རིར་ལོ་གཅིག་ནང་ལན་གཅིག་ངེས་པར་དུ་འགྲོ་དགོས། དེ་ལྟར་མ་འགྲོ་མ་ཚེ་ཨ་རིར་གཏན་སྡོད་ཆོག་པའི་ཤོག་བུ་ལྗང་ཁུ་ཞེས་པ་མེད་པར་འགྲོ་བས། འགྲོ་དགོས། འདིར་སྡོད་གནས་སོགས་གང་ཅི་ཆ་ནས་ཕུན་སུམས་ཚོགས་པ་མཆིས། ཁྱེད་སྐུ་ཁབས་གསལ་དྭངས་ལེགས་ཚོགས་གོང་འཕེལ་གྱི་ཤིས་སྨོན་བཅས་འཇམ་དཔལ་ནས་ཕུལ།
ལེགས་སོ།། ཉིད་སྐུ་ཁམས་བཟང་བས་བདག་ཚོར་བ་བདེ། ཕྲན་ཀྱང་དཔེ་ཀློག་བྱེད་ཁུལ་གྱིས་གཉུག་མར་གནས། ཡང་བཀའ་འདྲི་ཞུ་བ། ཉིད་ཀྱིས། དཔེ་ཆོས་རིན་ཆེན་སྤུངས་པ་ན། རྣལ་འབྱོར་པ་ཆེན་པོ། བཀའ་གདམས་པ། དགེ་བའི་བཤེས་གཉེན་པོ་ཏོ་པས། ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ། ཞེས་གསུངས། ཞེས་པའི་འཇུ་ཞེས་པ་བཟུང་བའི་དོན་མིན་ནམ། ཡོངས་གྲགས་སུ་ཐུགས་རྗེས་ཟུངས། རྗེས་སུ་འཛིན་པར་ཞུ་ཟེར་བ་དང་འདྲ་སྙམ། དེ་ཡང་ཡུལ་མཆོག་དམན་ཀུན་ལ་བདེ་བ། འཇུ་ལེ། འབྲོག་ཕྱོགས་ཁ་ཤས་སུ། ང་མ་བརྗེད་གྲོགས་ཟེར་བའི་ཚབས་སུ། ང་སེམས་ལ་ཟུངས། ཡང་ན། ང་ཞེ་ལ་ཞོག དགའ་བའི་གྲོགས་གང་རུང་ཞིག་ལ་འཕྲད་པའི་དུས།ངས་ཁྱོད་མི་བརྗེད། ཁྱོད་ཀྱིས་ང་མ་བརྗེད་ཟེར་བ་ཡིན་ནམ། དཔེར་ན། དུས་འཁོར་ལས། མི་ཟད་འཁོར་བས་འཇིག་པ་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི།།ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ།།ཞེས་པ་ལྟར།སྐྱབས་ཡུལ་ཀྱི་ཡོན་ཏན་དྲན་ནས་སྐྱབས་སུ་མཆི་བ་དང་། གྲོགས་ཀྱི་མཛའ་དུང་སེམས་ལ་བཟུང་ནས་འཇུ་ལེ་ཟེར་བ་ཡིན་ནམ། (ལེ)ཟེར་བ་འདི། ཕྲན་གྱིས་བསམ་ན་འབྲོག་སྐད་དུ།རྗེས་འཇུག་ཡི་གེ་བཅུ་བོ་ལ་དབྱངས་གསུམ་པ་སྦྱོར་དུས་འཚམས་སྦྱོར། ལྷག་བཅས། སླར་བསྡུ་སོགས་སྐབས་འདྲ་མིན་ལ་འཇུག་པར་སྣང་། (ལེ་)འདི་མཐའ་མེད་དང་ད་དྲག་གཉིས་ལ་སྦྱོར་སྲོལ་འདུག འདི་ནས་རྩེད་མོ་ཞིག་ཞུ་ན། ཨེ་མ། རྒན་ལ་དྭགས་པ་ལ་འཇུ་ལེ་ཞུ། །ང་དངོས་སུ་ཐུག་གེ་སྐབས་མེད་ཀྱང་།།ཕྲིན་ཚད་མར་བཟུང་ངེ་དགའ་བ་བསྒོམས།།གཏམ་དྲ་ཐོག་བཀོད་དེ་ཡང་ལན་འདེབས།།རྩོམ་ཡི་གེར་བསྟུན་ནེ་འབྲི་དགོས་ཀྱང་།།དུས་དལ་བ་ཐོབ་བེ་རྩེ་མཚར་བཤད།།དོན་མ་འདྲེས་ལྷམ་མེ་གསལ་ན་ཆོག།ཐུགས་མི་ཁྲེལ་དགའ་འེ་མཆིས་ན་ཞོག།སྐྱོན་ཡོད་པར་ངེས་ན་དོར་རེ་རན།།པ་བཤད་ན་ལ་དྭགས་རྒྱལ་ལེ་རེད།།ངས་མི་རྩོད་ལུས་སེམས་སོས་སེ་སྒུགས། །ཅེས་སྨྲའོ། །ཡང་ལེ་མཐའ་མེད་དང་ད་དྲག་ལ་སྦྱོར་དུས། །སྒྲུང་གཏམ་དུ།།དགའ་ལེ་རེད་དམ་སྡུག་ལེ་རེད།།ཤི་ལེ་རེད་དམ་བོར་ལེ་རེད། །འཇའ་ལེ་ཡིན་ནམ་བཞའ་ལེ་ཡིན།།རྩོད་ལེ་ཡིན་དམ་རྒྱལ་ལེ་རེད།།སོགས་གླིང་སྒྲུང་དུ་བྲིས་པ་ལྟར་ལེགས། མདོར་ན་ཕྲན་ནི་ཅི་ཤེས་ཀྱིས་ཡིག་སྐད་སྤྱོད་པ་ལ་དགའ་མོད། འབྲོག་ཕྱོགས་དང་མཐའ་མཚམས། ལ་དྭགས་སོགས་ཀྱི་སྐད་དུ་བརྡ་རྙིང་དང་བརྡ་དག་མི་འདྲ་བ་ཅི་རིགས་པ་སྣང་བ་ལ་ཡང་སོ་སོའི་ས་ནས་མ་ཉམས་པར་བཟུང་ན་ལེགས་པར་མཐོང་བས་རྩེད་མོ་འདི་ཞུས་པ་ལེགས་སོ།།
སྤྲིངས་ཡིག་མཐོང་བའི་ཚོར་བ་བདུད་རྩིའི་ཐིག་པ། །
ཀ་ལྷུན་དགོངས་པ་བརྙེས་པའི་རྨི་ལམ་དབང་ཕྱུག །
ཁ་ལྕེ་འགྲན་པའི་ཟླ་བྲལ་དྲི་མེད་ལྷག་བསམ། །
ག་ཆེན་གཙུག་ལག་དབང་པོ་ལ་དྭགས་དགེ་རྒན། །
ང་རང་དགའ་སའི་གྲོགས་པོ་རྣམ་གསུམ་རྒྱལ་ལོ། །
ཅ་ཅོའི་གཏམ་འཆལ་སྨྲ་བའི་ངོ་བསྟོད་མ་ཡིན། །
ཆ་མེད་མི་ལ་དགའ་འདོགས་གཡོ་སྒྱུ་མ་ཡིན། །
ཇ་ཆང་ཤ་མར་མཆོད་པའི་བརྔན་པ་མེད་ཀྱང་། །
ཉ་མོ་རྒྱ་མཚོར་འཇུག་བཞིན་སྙན་ངག་འབྲིའོ། །
ཏཱ་ལེ་བླ་མས་དབུ་མ་བདེན་པས་རྩོད་ཅིང་། །
ཐ་དད་ལྟ་བའི་རང་བཙན་རྒན་པོ་ང་ཚོས། །
ད་ལྟ་འཆི་རུང་རྒྱ་རྐུབ་ཚ་བོ་མི་བལྡག། །
ན་གཞོན་ཕོ་མོས་རང་བསྲེག་བྱེད་པར་ཆས་ཤོག །
པཔཔཔཕཕཕཕ ད་དྲན་མ་སོང་ཐལ། ཧ ཧ ཡག་པོ་འཇུ་ཡ། འཇུ་ལེ ཟེར་དབྱིན་སྐད་Hugཟེར་བ་དེ་རེད། ཧ ཧ
ཁ་བ་རི་བའི་ཡིག་སྐད།
ཁ་གསལ་ཁུངས་ལྡན་སྤེལ་མཁན།
ཁ་བརྡ་དྲྭ་བའི་རྒྱན་གཅིག
ཁ་ཞེ་གཉིས་མེད་གུས་བཏུད།
རྒན་ལ་དྭགས་ལ་ཕུལ།
ཁ་བརྡའི་ཀློག་པ་པོ་ལྷན་རྒྱས་རྣམས་ལ།
འཇུ། ཞེས་པ་མིང་ཚིག་ལོ་ངོ་བརྒྱ་ཕྲག་མང་པོའམ། སྟོག་ཕྲག་ནས་བོད་མིར་ཡོད་པ་ཞིག་ལགས། འཇུ། ཞེས་པ་ལ་དོན་དག་གཉིས་ཏེ། ཟས་འཇུ་བ་དང་། འཛིན་པའི་དོན་ཅན་འཇུ་གཉིས་སུ་མཐོང་སྟེ། ཕལ་ཆེར་དང་པོ་དེ་ཡིན་ཤས་ཆེ། ལ་དྭགས་པ་ཞིག་གིས་གཞན་ལ་འཇུ་ཟེར་བ་ན། འཇུ་ཟེར་སའི་མི་དེ་མ་རངས་པ་ཡིན་ན། འཇུ་ཟེར་མཁན་དེ་ལ། མི་འཇུ་བྱས། ཁྱོད་ཀྱིས་ང་ལ་ཅི་བཏངས་ཡོད། ཅེས་རྩོད་པ་བྱེད་ཚུལ་ཐོས། ལེ་ནི་རྗེས་སུ་བཀོལ་བའི་སྒྲ་དེ། གྲོང་ཡུལ་དབེན་པ་དག་ཏུ་། ད་དུང་ཡང་འཇུ་ཞེས་པ་མ་གཏོགས། འཇུ་ལེ་ཟེར་བ་མེད། ལེ་ནི། ལ་དང་འདྲ་སྟེ། བརྡ་དག་པར་ལེགས་དང་། དེ་ཉིད་ཟུར་ཆག་པ་ན། ལགས་ལ་གྱུར་པ་ལྟ་བུ་ལགས་སོ།
དྲི་མེད་ལྷག་བསམ་མཆོག་གིས་ལེ་ཞེས་པའི་སྒྲའི་སྐོར་མང་པོ་ཞིག་བྲིས་པ་ལ་བསམ་བློ་གཏོང་བར་ཕན། ལ་དྭགས་པས་མིང་གི་རྗེས་སུ་ཞེ་ས་བྱེད་པ་ན། ལ་མ་ཟེར་བར་ལེ། ཟེར། དྲི་མེད་ལྷག་བསམ་ལེ། ཞེས་པ་ལྟ་བུ། གུས་འདུད་བཅས།
ལེ་ནས་ལེགས་དང་། ལེགས་ནས་ལགས་ལ་གྱུར་བ་རེད་ཟེར།
ཀ་ཁ་ག་ངའི་ལ་རྒྱ་ཅན་པོ། །
ཁ་བརྡ་དྲ་བར་དགེ་རྒན་ཆེན་པོ། །
ག་དུས་ཡིན་ཡང་བོད་ཡིག་བདག་པོ། །
ང་ཡི་འཇུ་ལེ་ལ་དྭགས་གྲོགས་པོ། །
ཁ་བརྡ་དྲ་ཐོག་གི་ཚོགས་མི་ལྷན་རྒྱས་ཀྱི་སྙན་ལམ་དུ་།
ཆེད་དོན།
ཁྱེད་པས་ཁ་བརྡ་དྲ་ཐོག་ནས་རང་རེའི་སྐད་ཡིག་སྐོར་གྱི་གླེང་མོལ་དག་ན། ལེགས་ཚོགས་མི་ཉུང་བ་རེ་མཐོང་ན། ཕྲན་རང་ཡང་རང་རེའི་སྐད་ཡིན་ལ་དུང་ཞེན་ཆེ་བས། སེམས་ཧ་ཅང་འཐད། དེས་ནས། གུས་པའང་ཁ་བརྡ་དྲ་ཐོག་ཏུ་འཛུལ་ཞུགས་ཀྱི་གནང་བ་སྩོལ་གནང་ཡོད་པ་ཞུ།