སྤོབས་པ་མཐའ་ཡས།
སྤྲང་པོའི་རྩམ་ཁུག་ནང་གི་རྩམ་པ་དེ།།
སུས་ཀྱང་བཟང་ངན་གླེང་བར་ནུས་མ་ཡིན།།
སྤྲང་པོས་སྒོ་བརྒྱ་འགྲིམས་པའི་ཡོང་སྒོ་ལ།།
རྩམ་པ་བཟང་ངན་མི་འདྲ་བརྒྱ་ཡིས་གང་།།
རྡ་རམ་ས་ལར་དབྱར་ལ་གངས་རི་མཐོང་།།
རྡ་རམ་ས་ལའི་དགུན་ལ་མེ་ཏོག་མཐོང་།།
རྡ་རམ་ས་ལར་དུས་བཞིར་གྲང་དྲོ་རན །
དུས་གཅིག་ནམ་ཟླ་བཞི་ཡི་ཁྱད་པར་མཐོང་།།
སྤྲ་སྤྲེའུ་གར་རྩེད་ལྷན་དུ་ངོམ་ས་ཡིན།།
མཁས་བླུན་གདན་གྲལ་གཅིག་ཏུ་འཛོམ་ས་ཡིན།།
དབུལ་ཕྱུག་གཉིས་ཀས་འཚོ་བ་རོལ་ས་ཡིན།།
ཤར་ནུབ་མི་རིགས་མཐུན་ལམ་དམ་ས་ཡིན།།
རྡ་རམ་ས་ལར་ཁ་ཆེའི་ཚོང་པ་མང་།།
རྡ་རམ་ས་ལར་བོད་མི་འཁྱམས་པོ་མང་།།
རྡ་རམ་ས་ལར་ཕི་ལིང་མགྲོན་པོ་མང་།།
རྡ་རམ་ས་ལར་རྒྱ་མིའི་གསང་ཉུལ་མང་།།
རྡ་རམ་ས་ལ་ལྷ་ས་མིན་ན་ཡང་།།
ཏཱ་ལའི་བླ་མས་སྐུ་ཚེ་བསྐྱལ་ས་ཡིན།།
རྡ་རམ་ས་ལ་མཚུར་ཕུ་མིན་ན་ཡང་།།
ཀརྨ་པ་ཡིས་བཞུགས་གདན་འཇགས་ས་ཡིན།།
རྡ་རམ་ས་ལ་གཞིས་རྩེ་མིན་ན་ཡང་།།
པན་ཆེན་སྤྲུལ་སྐུའི་སྐུ་ཕྱྭ་གླེང་ས་ཡིན།།
རྡ་རམ་ས་ལ་སྨིན་གླིང་མིན་ན་ཡང་།།
རྙིང་མའི་བླ་གྲྭ་འདུར་རྒྱུག་མང་ས་ཡིན།།
རྡ་རམ་ས་ལ་འབྲས་སྤུངས་མིན་ན་ཡང་།།
དགའ་ལྡན་ཕོ་བྲང་གཟི་བརྗིད་ངོམ་ས་ཡིན།།
རྡ་རམ་ས་ལ་ས་སྐྱ་མིན་ན་ཡང་།།
ས་སྐྱའི་གྲྭ་བས་གུང་སེང་གཏོང་ས་ཡིན།།
རྡ་རམ་ས་ལ་སྨན་རི་མིན་ན་ཡང་།།
བོན་པོ་གླེང་བར་ཚོར་བ་རྣོ་ས་ཡིན།།
རྡ་རམ་ས་ལ་འཛམ་ཐང་མིན་ན་ཡང་།།
ཇོ་ནང་པ་ཡི་ཐོབ་ཐང་རྩོད་ས་ཡིན།།
རྡ་རམ་ས་ལ་པེ་ཅིང་མིན་ན་ཡང་།།
ཀྲུང་གོའི་རྩ་ཁྲིམས་རིན་ཐང་གླེང་ས་ཡིན།།
རྡ་རམ་ས་ལ་རྔ་བ་མིན་ན་ཡང་།།
ཀིརྟི་གྲྭ་ཚང་སློབ་གཉེར་དར་ས་ཡིན།།
རྡ་རམ་ས་ལ་རེབ་ཀོང་མིན་ན་ཡང་།།
ཨ་མདོ་མཁས་པའི་དེབ་གསར་སྤེལ་ས་ཡིན།།
རྡ་རམ་ས་ལ་སོག་ཡུལ་མིན་ན་ཡང་།།
ཁལ་ཁ་རྗེ་བཙུན་གདུལ་བྱ་དར་ས་ཡིན།།
རྡ་རམ་ལ་ཉག་རོང་མིན་ན་ཡང་།།
ཁམས་པའི་སྐུ་ངོ་བཀའ་བློན་མང་ས་ཡིན།།
དེ་དང་དེ་སོགས་རྡ་རམ་ས་ལ་ན།།
ངོ་མཚར་སྣ་ཚོགས་བསམ་མི་ཁྱབ་པ་ཡོད།།
རྡ་རམ་ས་ལ་སྣ་འཛོམ་གསོལ་སྟོན་འདྲ།།
ཁ་ཚ་མངར་སྐྱུར་བྲོ་བ་སྣ་ཚོགས་སྟེར།།
ང་ཡང་རྡ་རམ་ས་ལར་ལོ་ཤས་བསྡད།།
བརྗེད་དུ་མེད་པའི་ཉམས་མྱོང་མང་པོ་ཐོབ།།
ཁྱེད་ཀྱང་རྡ་རམ་ས་ལར་ཕེབས་པར་ཞུ།།
ཡི་ཆད་འགྱོད་པ་མི་སྐྱེ་ཐག་ཆོད་ཡིན།།
སྤྲང་པོའི་རྩམ་ཁུག་འདྲ་བའི་གྲོང་སྡེ་འདིར།།
བྱུང་ན་ལོ་ཤས་བར་དུ་དལ་བར་སྡོད།
འབྲིང་ན་ཟླ་ཤས་གུང་སེང་གཏང་དུ་སོང་།།
ཐ་ན་ཉིན་ཤས་ལྟ་སྐོར་ཅིས་ཀྱང་གྱིས།།
རྣམ་རྒྱལ་གྲྭ་བ་ཨ་ནིའི་རྐུབ་ལ་འདུར།།
གསར་བུ་སྐྲ་རིང་དབྱིན་མོའི་རྐུབ་ལ་འདུར།།
མཐོན་པོ་དཔོན་པོ་སྒོར་མོའི་རྐུབ་ལ་འདུར།།
འདུར་རྒྱུག་རྒོད་པའི་རྡ་ས་དུང་ས་ཡིན།
ཡག་པོ་བྲིས་འདུག
ཇི་སྲིད་དངོས་པོའི་གཤིས་ལ་ཉེ་འགྱུར་བ། །
དེ་སྲིད་འབད་པའི་ཆུ་བོ་སྐམ་མི་སྲིད། །
ནམ་ཞིག་སྲོག་གི་རྟ་རྔ་ཆད་གྱུར་ཀྱང་། །
འགྱོད་མེད་ལས་དེ་བདག་གིས་བདམས་ཕྱིར་རོ།།
དྷ་ས་ལག་མཐིལ་འདྲ་བོའི།།
བཀའ་དྲིན་བརྗེད་ཐབས་མི་འདུག།
ཇོ་མོ་བླ་རིར་བརྒྱུད་དུས།།
སྙིང་སྟོབས་སྤྲོད་མཁན་ཁྱོད་ཡིན།།
དྷ་སའི་སྒང་ལ་རི་མཐོ། །
དྷ་སའི་འོག་ལ་ཐང་ཡངས། །
དྷ་སར་མི་སྣ་འཛོམས་དགོས། །
དྷ་སའི་༸བླ་མར་ཐུག་ཡོད། །
བཟའ་བཏུང་གཉིས་ཀྱི་རིན་གོང་མཐོ་ས་ཡིན།།
འབྱོར་མེད་མང་པོ་དཀའ་ངལ་འཕྲད་ས་ཡིན།།
དངུལ་ལོ་ཅན་གྱི་སྐྱིད་པོ་གཏོང་ས་ཡིན།།
སྐད་ཆ་དྲང་པོ་བཤད་ན་འདི་ལྟར་ཡིན།།