གཉན་ཆེན།
ཞོགས་པ་ཡར་ལ་སློང་བའི་ཅོང་བརྡ་ཡིན། །
དགོང་མོ་མར་ལ་ཉལ་བའི་གཟིམ་རོགས་ཡིན། །
ཉིན་གུང་མཉམ་དུ་འཁྱེར་བའི་འགྲོ་རོགས་ཡིན། །
མཚན་མོ་གཉིད་ལས་དཀྲོགས་པའི་སུན་རོགས་ཡིན། །
སྐྱོ་བའི་སེམས་གཏམ་ཁ་པར་བརྒྱུད་ནས་བཤད། །
དགའ་བའི་སྙིང་གཏམ་ཁ་པར་བརྒྱུད་ནས་གླེང་། །
སྡིགས་པའི་ཁྲོ་གཉེར་ཁ་པར་བརྒྱུད་ནས་བསྟན། །
བསྟོད་པའི་མཐེ་བོང་ཁ་པར་བརྒྱུད་ནས་བསྒྲེངས། །
སྙིང་སྡུག་མཛའ་མོ་ཁ་པར་བརྒྱུད་ནས་བཙལ། །
བརྩེ་བའི་འོ་ཆུ་ཁ་པར་བརྒྱུད་ནས་འདྲེས། །
གསང་གཏམ་ཐང་མ་ཁ་པར་བརྒྱུད་ནས་བརྡལ། །
གསང་ལས་གཏེར་ཁ་ཁ་པར་བརྒྱུད་ནས་བསྔོགས། །
སྐྱིད་པའི་ལ་གཞས་ལེན་ས་ཁ་པར་ཡིན། །
སུན་སྣང་དུས་ཚོད་སྐྱེལ་ས་ཁ་པར་ཡིན། །
སུ་ལ་འབྲེལ་བ་བྱེད་ས་ཁ་པར་ཡིན། །
སུ་ཡིས་ཁྱབ་བསྒྲགས་སྐུར་ས་ཁ་པར་ཡིན། །
ཤོག་གུ་སྣག་ཚ་སྙུ་གུ་མི་དགོས་པར། །
ཡི་གེ་མཐེ་བོང་མནན་ན་ཤར་མར་ཡོང་། །
ཡིག་གཟུགས་ཆེ་ཆུང་མེད་པར་སྙོམས་པོ་ཅན། །
ཡི་གེ་འབྲི་བར་སྟབས་བདེའི་མྱུར་རྩལ་ལྡན། །
ཤོག་དཀར་འབྲི་དེབ་བམ་གླེགས་མི་དགོས་པར། །
ཅི་ཙམ་བྲིས་ན་ཤོང་བའི་དྲན་འཛིན་བཞིན། །
དབང་བོ་རྣམ་ལྔ་མེད་རུང་རྣམ་རིག་ཅན། །
རྐང་གཉིས་སྨྱོན་པ་ཞིག་གི་ཡན་ཟིག་ཡིན། །
ཆེ་བས་རྒྱལ་དོན་ལས་ཀ་འདི་ནས་བསྒྲུབས། །
འབྲིང་གིས་སྤྱི་ཚོགས་ཞབས་ཞུ་འདི་ནས་ཞུས། །
ཆུང་བས་རང་དོན་ཁེ་གཉེར་འདི་ནས་བཙལ། །
ཀླད་མེད་བླུན་པོའི་མགོ་བོ་འཁོར་ས་ཡིན། །
རྐུན་མ་ཇག་པས་མཐོང་ན་རྔམ་ས་ཡིན། །
བེད་མེད་གཅིག་བུར་བཞག་ན་གད་སྙིགས་ཡིན། །
ཤེས་ལྡན་མི་ཡི་ལག་ནས་ཁྱད་ནོར་ཡིན། །
དེང་དུས་མི་ལ་མེད་ཐབས་མེད་པ་ཡིན། །
ལག་པར་འཁྱེར་ན་སྟབས་བདེའི་ལྗིད་ཁོག་མེད། །
ནམ་རྒྱུན་སྲུང་འཁོར་བཞིན་དུ་ལུས་དང་འགྲོགས། །
ལ་ལུང་གང་ན་ཡོད་རུང་སྐད་བརྡ་འཕྲོད། །
ཐག་གི་རིང་ཐུང་མེད་པར་བརྡ་ལན་འབྱོར། །
ཉི་ཟླའི་འཆར་ནུབ་དུས་ཀྱི་འགྱུར་ལྡོག་ཤེས། །
འཛམ་གླིང་ཐོག་གི་ཉིན་རེའི་གནས་ཚུལ་ཤར། །
ས་ཁུལ་གང་ལ་སྐྱོད་ན་ལམ་སྟོན་ཉན། །
ལ་ལུང་ཡུལ་གྲུའི་གཟུགས་བརྙན་འདི་ཡིས་འཛིན། །
མི་ཡི་བྱ་བ་ཆེ་ཆུང་རྩོམ་ས་ཡིན། །
མི་ཡི་སྤྱི་ཚོགས་སྟོན་པའི་མྱུར་ཤུགས་ཆེ། །
མི་རབས་འདི་ཡི་ང་ཚོའི་ལས་རོགས་ཡིན། །
མི་ཡི་འཇིག་རྟེན་དབང་བའི་རྒྱལ་བོ་ཡིན། །
བྱིས་པའི་རྩེད་ཆས་འདྲ་བའི་ལྕགས་ལེབ་འདི། །
གཟུགས་སྒྲའི་བང་མཛོད་གསང་བའི་གཏེར་མཛོད་ཡིན། །
ཕྱི་ནང་གསང་གསུམ་གསལ་བའི་མེ་ལོང་བཞིན། །
འཇིག་རྟེན་ཀུན་གྱི་བྱེད་ལས་འདི་ཡིས་མཐོང་། །
༢༠༡༣ ༡༠ ༢༧ ཉིན།
ཁ
ཁ་བདེ་པོ་ཁ་པར་ནང་ལ་ཤོད།
ལག་བདེ་པོ་ཁ་པར་སྟེང་ལ་བྲིས།
དེ་འདྲ་འདྲ་ཟིག་རེད། འདྲེ་འདི་དར་ཉིན་ནས། ཡོད་ཡོད་པས། མགོ་ལུས་ཚང་མ་འདིའི་ནང་ལ་བཅུག་ནས།
བཟའ་ཟླ་འབོར་གི་འདུག་གི།
དགའ་མ་བསུ་འི་འདུག་གི།
བདེན་མིན་རྩོད་ཀི་འདུག་གི།
བཟང་ངན་བསྡུར་གི་འདུག་གི།
འདྲེ་འདི་དར་ཉིན་ནས།
འདྲེ་བཤད་རྒྱག་གི་འདུག་གི།
ལེན་རེ་འབྱོར་གི་འདུག་གི།
སྒོར་ཆད་ཕོག་གི་འདུག་གི།
ཁོང་ཁྲོ་སློང་གི་འདུག་གི།
འདྲེ་འདི་དར་ཉིན་ནས།
མྱིག་ལ་གནོད་ཀི་འདུག་གི།
ཆུ་ཚོད་ཤོར་གི་འདུག་གི།
དོན་མེད་འཁོན་གི་འདུག་གི།
གྲོགས་མེད་ཆགས་ཀི་འདུག་གི།
འདྲེ་འདི་དར་ཉིན་ནས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གི།