ཁང་སྨིན་གྲོལ་རྒྱ་མཚོ།
སྔོན་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོར་ལུས་སྦྱིན་པའི་སར་གནས་སྐོར་དུ་བསྐྱོད་པའི་ཟིན་ཐོ།
ས་ག་ཟླ་བ་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་ཡིན་པར་མ་ཟད། སྐུ་འཁྲུངས་པ་དང་། མྱ་ངན་ལས་འདས་བཅས་དུས་ཆེན་སུམ་འཛོམས་ཀྱི་དུས་བཟང་ཞིག་ཡིན་པས། ཉན་ཐོས་སྡེ་བའི་ཆོས་བརྒྱུད་འཛིན་པ་ཁག་ཕུད་པའི་བོད་དང་། རྒྱ་ནག རྒྱ་གར། ཧོར། འབྲུག་དང་བལ་བོ་སོགས་མདོར་ན་དཔལ་ནཱལེནྜའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་ཟླ་བ་འདི་དགེ་སྒྲུབ་སྡིག་སྤོང་བྱེད་པའི་དུས་ཚིགས་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད་པ་བཞིན། ང་དང་སློབ་གྲྭ་གཅིག་པའི་དགེ་འདུན་པ་ཁག་ཅིག་མཉམ་དུ་སྟག་མོ་ལུས་སྦྱིན་ལ་མཆོད་མཇལ་དུ་ཕྱིན་པ་ཡིན།
སྟག་མོ་ལུས་སྦྱིན་ནི་ལོ་རྒྱུས་ཁྲོད་ཧ་ཅང་སྐད་གྲགས་ཆེ་བའི་གནས་ཆེན་ཞིག་སྟེ། གནས་འདིར་ད་ནས་བརྩིས་པའི་མི་ལོ་དྲུག་སྟོང་ལྷག་གི་སྔོན་བདག་ཅག་གི་སྟོན་པ་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་སྐུའི་སྐྱེ་བ་བཞེས་པའི་ཚེ། བཀྲེས་ལྟོག་གིས་མནར་བའི་སྟག་མོས་རང་གི་ཕྲུག་གུ་ཟ་བར་རྩོམ་ལ་ཉེ་བ་མཐོང་བ་ན། ཚད་མེད་པའི་ཐུགས་རྗེས་རྒྱུད་བསྐུལ་ཏེ་མ་བུ་རྣམས་ཀྱི་ཚེ་སྲོག་བསྐྱབ་ཕྱིར་རང་གི་གཅེས་པའི་ཚེ་སྲོག་ཕངས་མེད་དུ་སྦྱིན་པར་མཛད་པའི་གནས་རེད། སྟག་མོ་ལུས་སྦྱིན་ནི་བལ་ཡུལ་གྱི་རྒྱལ་སའི་ཤར་ངོས་ཀྱི་རི་རྩེ་ཞིག་ཏུ་ཡོད་ལ། བལ་ཡུལ་རྒྱལ་ས་ནས་བོད་དུ་བསྐྱོད་པའི་ལམ་ཞོར་དང་ཏག་ཏག་འཁེལ་གྱི་ཡོད། ང་ཚོ་གནས་སྐོར་དུ་འགྲོ་ཉིན་གྱི་གནམ་གཤིས་ནི་ཧ་ཅང་གཙང་ཞིང་དྭངས་པ་ཞིག་སྟེ། འགྲོས་མྱུར་བའི་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་ཕྱོགས་ཀྱི་རི་ཚོགས་དང་། གཞུང་ལམ་གཡས་གཡོན་གྱི་ཟད་མཐའ་མེད་པའི་རི་གྲོང་། ད་དུང་ལྗང་མདོག་གི་གཤིན་ས་རུ་སོ་ནམ་པ་ཚོའི་རེ་སྨོན་དང་ལྷན་དུ་འབུས་བཞིན་པའི་ལྗང་མྱུག་བཅས་ལ་རྒྱང་བལྟ་བྱེད་ཀྱིན་ཀྱག་ཀྱོག་གི་ལམ་བུར་ཆུ་ཚོད་གཅིག་ལྷག་བསྐྱོད་རྗེས། ད་གཟོད་བྱམས་བརྩེའི་སྣང་བ་ནམ་ཡང་ནུབ་པ་མེད་པའི་གནས་མཆོག་སྟེ། སྟག་མོ་ལུས་སྦྱིན་གྱི་རི་རྩེར་བདེ་ལེགས་ངང་སླེབས་བྱུང་།
རི་རྩེ་དེར་བལྟ་བས་ཆོག་མི་ཤེས་པའི་གཙུག་ལག་ཁང་ཞིག་བཞེངས་ཡོད་པ་ནི་བོད་ཀྱི་བླ་མ་ཁྲ་འགུ་རིན་པོ་ཆེའི་དགོན་པ་ཡིན་ལ། དགོན་པ་དེ་ནི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ཚན་མཉམ་མེད་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་ཞིག་རེད།
ངས་ད་ཕན་མཐོང་བའི་བཀའ་བརྒྱུད་པའི་དགོན་པ་དག་ནི་དབེན་པའི་གནས་རྐྱང་རྐྱང་ལ་བརྒྱབ་འདུག་པར་བལྟས་ན། དེང་གི་བཀའ་བརྒྱུད་འདི་ཚོར་ཡང་གནའ་བོའི་རྗེ་བཙུན་དམ་པ་མར་མི་སོགས་ཀྱིས་རི་ཁྲོད་དང་། དབེན་པ་རྐྱང་རྐྱང་བཙལ་བའི་རྣམ་ཐར་དེར་བལྟ་བའི་སེམས་ཤུགས་རྫོགས་མེད་པ་ཚོར་བྱུང་། དེའི་རྒྱུ་མཚན་ཡང་། དེང་གི་དགོན་པ་ཕལ་མོ་ཆེས་དཔལ་འབྱོར་འདུ་འགོད་ལ་བསམ་སྟེ་དགོན་པ་གྲོང་ཁྱེར་དང་བར་ཐག་ཉེ་སར་འཛུགས་པ་དེར་བསམ་ན་དབེན་ཁྲོད་དུ་དགོན་གནས་འཛུགས་སྐྲུན་བྱེད་པ་ནི་དམ་པའི་ཆོས་འདུལ་བ་དང་ཆེས་མཐུན་པས། དེར་ང་ཚོས་དམིགས་བསལ་གྱི་གདེང་འཇོག་ཅིག་དང་རིན་ཐང་ཞིག་མི་སྤྲོད་ཀ་མེད་གྱུར། ལྷག་པར་དུ་དགོན་པའི་དགེ་འདུན་པ་ཚོས་དབུ་བཞར་སྟངས་དང་། ན་བཟའ་མནབས་སྟངས་སོགས་ཕྱིའི་ཀུན་སྤྱོད་ཀྱི་ཆ་ནས་དད་ལྡན་དང་བ་འདྲེན་པ་ཤ་སྟག་སྣང་བས་བལ་ཡུལ་གྱི་རྒྱལ་སའི་དགོན་སྡེ་ཚོ་བསྡུར་ན་སེམས་དགའ་འོས་པ་ཞིག་འདུག
དེའི་རྒྱུ་མཚན་ཡང་། དེང་སྐབས་བལ་ཡུལ་གྱི་དགོན་པ་ཕལ་མོ་ཆེའི་གྲྭ་བ་ཚོས་སྐྱ་སེར་འདྲེས་མ་ལྟ་བུའི་ཆས་གོས་གྱོན་པ་ལས། རབ་བྱུང་གི་རྟགས་བླངས་པ་ལས་ཉམས་པའི་ཉེས་བྱས་དང་། ཁྱིམ་པའི་རྟགས་སྤངས་པ་ལས་ཉམས་པའི་ཉེས་བྱས་དེར་བསམ་གཞིགས་བྱེད་མཁན་ནི་རང་ཉིད་ཐེ་བའི་དེང་གི་གྲྭ་གཞོན་ཀུན་ཉིན་མོའི་སྐར་མ་ལྟར་གྱུར་ཡོད་པས་སོ། ། སྟབས་ལེགས་པ་ཞིག་ལ་ཉིན་དེར་དགོན་པ་དེའི་དགེ་འདུན་དམངས་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དག་སྒྲོག་གནང་གིན་འདུག་པས་ང་ཚོས་ཀྱང་དེ་འབྲེལ་ཞལ་འདེབས་བྱ་རྒྱུའི་སྐལ་བཟང་ཐོབ། རྒྱའི་དགོན་པ་ཞིག་ཏུ་སླེབས་པ་ལྟ་བུའི་ཀྱག་ཀྱོག་གི་སྐས་གདངས་རིམ་པར་བརྒྱུད་རྒྱབ་ཕྱོགས་ཀྱི་མཆོད་རྟེན་ལ་མཇལ་དུ་ཕྱིན་པ་ཡིན།
མཆོད་རྟེན་དེར་ནི་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོ་མ་བུ་རྣམས་ལ་རང་ཤ་སྩོལ་བཞིན་པའི་འདྲ་གཟུགས་ཤིག་བཞེངས་མཇལ་རྒྱུ་ཡོད་ལ། དེས་རང་རྒྱུད་སྙིང་རྗེས་བཀྲེན་ཅིང་དབུལ་བའི་ང་ཚོར་ཡང་ངེས་པར་སེམས་ཅན་གཞན་ལ་སྙིང་རྗེ་བྱེད་དགོས་པའི་བརྡ་ལན་ཞིག་རང་ཤུགས་ཀྱིས་གཏོང་ཡོང་གི་འདུག ང་ཚོས་གནས་ས་དེ་གར་རང་ནུས་ཀྱིས་ཐེག་ཆེན་སེམས་བསྐྱེད་དང་། སྙིང་རྗེ་བསྒོམ་ཁུལ་བྱས་པ་ཡིན།
འོན་ཀྱང་ཁོ་བོར་མཚོན་ན་རང་སེམས་གྱོང་དྲགས་པ་དང་། སྔོན་བསྒོམ་པའི་ཉམས་མྱོང་མེད་པས་ཡིད་ཚིམ་པ་ཞིག་གཏན་ནས་མ་བྱུང་། གང་ལྟར་གནའ་མི་ཤེས་རབ་ཚོས་བརྩམས་ཤིང་བྲིས་པའི་ཡིག་ཚོགས་དང་། བྱམས་བརྩེ་དང་གཞན་ཕན་གྱི་འོད་ཟེར་འཕྲོ་བའི་ངག་སྒྲོས་ལས་ང་ཚོའི་མི་ཚེའི་ནང་རང་ལས་གཞན་གཅེས་ཀྱི་སྙིང་རྗེ་གལ་ཆེ་ཞིང་། སྐར་ཆ་རེ་རེ་བཞིན་མདུན་ཕྱོགས་སུ་ག་ལེར་འཛད་ཀྱིན་པའི་ང་ཚོའི་མི་ཚེའི་ཁྲོད་སྙིང་རྗེ་ནི་མེད་ཐབས་མེད་པའི་ནང་སེམས་ཀྱི་ཡོན་ཏན་ཞིག་ཡིན་པའི་སྐོར་ཡང་ཡང་གསུངས་པ་དང་མཇལ་ཐེངས་རེར། ངས་རང་ཉིད་ལ་གལ་ཆེའི་དངོས་པོ་གང་ཞིག་མ་ཚང་བའི་སྐོར་གསལ་པོར་རྟོགས་ཀྱི་འདུག འོན་ཀྱང་དེ་ནི་ཁོར་ཡུག་ཅིག་དང་། གྲོགས་པོ་ཞིག་བརྗེ་ལེན་བྱས་པ་ཙམ་གྱིས་ཡོང་རྒྱུ་ཞིག་མ་ཡིན་པར། རང་གཅེས་འཛིན་གྱི་བློ་དེ་ཁ་གཏད་གཅོག་བཞིན། ཆེས་གཙོ་བོ་དེ་མི་གཞན་གྱི་བདེ་སྐྱིད་དང་། འགྲོ་བ་གཞན་གྱི་ཚེ་སྲོག་ལ་མཐོང་ཆེན་བྱ་ཐབས་ཉིན་རེའི་འཚོ་བའི་ནང་སྦྱོང་བརྡར་བྱ་དགོས་པ་དེ་ཡིན་པ་ཧ་ཅང་གསལ་པོ་རེད།
འདི་ནི་སྟག་མོ་ལུས་སྦྱིན་གྱིས་ང་ཚོར་བྱིན་པའི་རིན་བྲལ་གྱི་སློབ་གསོ་དེ་རེད་ལ། འདི་ནི་རྒྱལ་བུ་སྙིང་སྟོབས་ཆེན་མི་ལོ་དྲུག་སྟོང་ལྷག་གི་ཡར་སྔོན་དུ་འགྲོ་བ་མིའི་རིགས་ལ་སྙིང་རྗེ་ཇི་ལྟར་ཉམས་ལེན་དང་། སྙིང་རྗེ་སློབ་སྦྱོང་བྱེད་དགོས་ཚུལ་བསྟན་པའི་མིག་དཔེ་གལ་ཆེན་ཞིག་ཀྱང་རེད་འདོད་དོ། །
ཞེས་པའང་ཁང་སྨིན་གྲོལ་རྒྱ་མཚོས་ཚོར་སྣང་སྐྱོ་ལྷང་ངེ་བ་ཞིག་དང་མཉམ་དུ་བལ་ཡུལ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་རང་ཤག་ནས་ཤར་མར་སྤེལ་བའོ། །
ཉན་ཐོས་སྡེ་པས་ཀྱང་ས་ག་ཟླ་བ་བརྩི་ཡི་ཡོད། ཡིན་ནའང་ང་ཚོའི་ས་ག་ཟླ་བ་དང་མང་ཆེ་བ་མཉམ་དུ་འཁེལ་གྱི་མེད། མང་ཆེ་བ་བོད་ཟླ་གསུམ་པར་འཁེལ་གྱི་ཡོད། དེ་ལ་Vaisak ཞེས་བརྗོད་ཀྱི་ཡོད་དེ་ནི་ཟླ་བ་དང་པོ་དེ་རེད། བོད་ལུགས་ས་ག་ཟླ་བ་རྩི་སྲོལ་དེ་བོད་ཟླར་རྩི་སྲོལ་ཡིན།
ཐེག་པ་ཆེན་པོའི་སེམས་བསྐྱེད་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། དག་སྣང་ཅན་གང་དུ་སོང་ཡང་གནས་མཆོག་ཡིན་པ་བཤད་ཅི་དགོས། དགེ་ཆོས་ཀྱིས་མན་ལུང་གུ་རུའི་དཔེ་དྲངས་པ་ལྟ་བུའོ། །ལོ་རྒྱུས་ཀྱི་ངོས་ནས་བཤད་ན། སྟག་མོ་ལུས་སྦྱིན་གྱི་གནས་དེ་གསེར་འོད་ཀྱི་མདོ་ནས་བསྟན་པའི་རྒྱལ་བུ་སྙིང་སྟོབས་ཆེན་པོའི་གནས་དེ་མིན་པ་འདྲ། བྱང་ཆུབ་སེམས་དཔའ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་སྐུ་ལུས་སྦྱིན་པ་གཏོང་ཡུལ་དེ་ཡིན་ནམ་སྙམ། དེ་བཞིན་ལྷ་ལྕམ་མནྡེ་བཟང་མོའི་མ་ཡུམ་གྱི་སྐུ་ལུས་སྦྱིན་པའི་གནས་ཡིན་ཚུལ་ཡང་བཤད་སྲོལ་ཡོད། ལོ་༣༠༠སྔོན་རྗེ་མགོན་ནང་པ་ཕེབས་དུས་སྟག་མོ་ལུས་སྦྱིན་གྱི་གྲགས་པ་ལ་བརྟེན་ནས་མིན་པར། གུ་རུ་པདྨའི་གནས་གཡའ་རིའི་ནགས་དང་མེ་དཔུང་ཤོད་ཀྱི་མཚོ་སོགས་ལ་མཇལ་བའི་ཕྱིར་ཕེབས་དུས་སྟག་མོ་ལུས་སྦྱིན་ལ་སླེབས་པར་བཤད། ཁང་སྨིན་གྲོལ་ལགས་བལ་ཡུལ་དུ་ཡོད་ན་དེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་མགོན་ནང་པའི་ལམ་ཡིག་རྙིང་པ་བཞུགས། དེ་དང་ཆབ་ཅིག་སྡེ་སྲིད་ཀྱིས་མཛད་པའི་སྐུ་གདུང་མེ་འཛིན་མ་དང་། འབྲས་སྤུང་བྱམས་པ་མཐོང་གྲོལ་མའི་དཀར་ཆགས་ཡིག་རྙིང་ཡང་དཔེ་དཀོན་པས་སྐྱར་པར་རེ་བྱུང་ན་དོན་གཉེར་ཅན་ཀུན་ལ་མཁོ། སྟག་མོ་ལུས་སྦྱིན་གནས་འོག་མ་དེ་སྐུ་ལུས་སྦྱིན་པ་གཏོང་ཡུལ་དངོས་དང་། རྩེ་མོར་ཡོལ་མོ་སྔགས་འཆང་ཤཀྱཱ་བཟང་པོས་བཞེངས་པའི་བསིལ་ཁང་དུ་སྟོན་པ་དང་གུ་རུའི་སྐུ་ཞིག་ཡོད་པར་བཤད། གནས་ངོས་འཛིན་མཁན་ཡང་ཁོང་ཡིན་ཚུལ་བཤད་ཡོད་སྣང་ཤར། རྗེས་སུ་འོག་ཏུ་རྟ་མང་གི་བླ་མ་ཁ་ཤས་ཀྱི་སྐུ་གདུང་བཞུགས་པ་ལོ་ཉི་ཤུའི་སྔོན་སྐྱར་གསོ་བྱས་པར་གྲགས། གང་ལྟར་ཡང་དག་སྣང་སྦྱང་ན་རྒན་མོ་ཁྱི་སོའི་ལོ་རྒྱུས་ལྟར་བྱིན་རླབས་འབྱུང་བ་ལོས་ཡིན།
དྲི་མེད་ལྷག་བསམ་དང་། གངས་ཕྲུག་གཉིས་ཀྱིས་དགོངས་འཆར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།