སྐྱོ་བྲག་དགའ་དབང་།
རང་ཡུལ་གྱི་སྣོད་བཅུད་རིག་གཞུང་གཞན་ལ་ངོམ་སྟོན་བྱེད་པའི་ཐབས་ལ། ཡིག་བྲིས་ཀྱིས་གསལ་སྟོན་བྱེད་པ། པར་རིས་ཀྱིས་གསལ་སྟོན་བྱེད་པ། གློག་བརྙན་གྱིས་གསལ་སྟོན་བྱེད་པ་བཅས་སུ་ཡོད་པ་ལས། གང་ཞིག་བྱ་བ་ནི། རང་གི་ཤེས་ནུས་ཀྱིས་ག་རེ་འཇོན་པ་དང་། གཞན་ལ་གསལ་སྟོན་བྱེད་པའི་ནུས་པ་དང་དིང་སྐབས་དར་ཁྱབ་གང་ཆེ་བ་ལ་རག་ལས་ཡོད། གློག་བརྙན་ལྟར་ན། གླུ་གཞས་དང་། ལོ་རྒྱུས་གཉིས་སུ་ཡོད་པ་ལས། གང་ཞིག་བྱ་བ་ནི། ཡུལ་ཉེ་བ་དང་རིང་བ། གང་ཟག་ཤེས་ཡོན་མེད་པ་དང་ཡོད་པ། དུས་ད་ལྟ་དང་མ་འོངས་པ་གང་ལ་དམིགས་པ་དག་གིས་འདེམ་དགོས།
གང་ཟག་ཕལ་མོ་ཆེས་གང་རུང་རེར་དགའ་མོས་བྱེད་པས་གླུ་གཞས་དང་ལོ་རྒྱུས་གཉིས་འོད་སྡེར་གཅིག་གི་སྟོད་སྨད་དམ། འོད་སྡེར་གཉིས་མཉམ་དུ་བཟོས་ན་གཅིག་ཤོས་དགོས་མེད་དུ་འགྱུར་བས་ལོགས་ཀར་བཟོ་བ་ལེགས། གླུ་གཞས་ལ། གླུ་གཞས་རྐྱང་པ་དང་། བར་བར་དུ་སྙན་ངག་གྱེར་འདོན་བྱ་བ་སྟེ་གཉིས་སུ་བྱར་ཡོད། གང་ལྟར་གླུ་གཞས་སྤྱི་ཚོགས་ལ་མ་ཁྱབ་པའི་གསར་པ་དང་། གླུ་པ་གསར་རྙིང་གཉི་ག་ཡོད་པ་ཞིག་ཡིན་དགོས་ལ་གླུ་པའི་གཟུགས་བྱད་ལེགས་མིན་གྱིས་ཀྱང་ཁྱད་པར་བྱེད་ཀྱིན་ཡོད། རང་གིས་གཞན་ལ་སྟོན་འདོད་པ་གང་ཞིག་ཡིན་པ་གཞི་ལ་བཞག་ནས་གླུ་ཚིག་དང་གློག་བརྙན་སོགས་གདམ་དགོས་སོ། །