རྔ་བ་རྒྱལ་ཁམས་པ།
ལེའུ་ཉི་ཤུ་བ།
སྤྱི་ཟླ་དང་བོའི་ཟླ་སྨད་ཅིག་ནས། བུ་སྨན་ཁང་དུ་འགྲོ་སྐབས་ངེད་བཟའ་ཚོ་གཉིས་ཀ་འགྲོ་མ་དགོས་པར། ངའི་ཚབ་ཏུ་སྔོན་མ་ཞིག་ངའི་ཆུང་མས་ལས་ཚོགས་གཞན་པ་ཞིག་ཏུ་ལས་ཀ་བྱེད་སྐབས། ཕན་ཚུན་ངོ་ཤེས་གྲོགས་མོར་གྱུར་པ། ང་ཚོ་མཉམ་པོར་བྱང་ཨ་རིའི་ས་ཁུལ་གྱི་མཚོ་གླིང་ཁ་ཤས་ཤིག་ཏུ་ཡུལ་སྐོར་སྤྲོ་གསེང་ལ་འགྲོ་མྱོང་བའི་ཐེ་ཝན་གྱི་བུ་མོ་ཞིག་ཡོད། མོ་ཉེ་བའི་ལོ་ཤས་སྔོན་ལས་ཀ་ནས་རྩ་དགོངས་ཞུས་ཏེ། ཐེ་ཝན་དུ་ཕྱིར་ལོག་སོང་ཡང་། ད་ལོའི་ལོ་མགོར་སླར་ཡང་ཨ་རིར་སླེབས་ནས། ལས་ཀ་ཞིག་འཚོལ་བཞིན་ཡོད་པ་དེ་དང་སྟེས་དབང་གིས་འཕྲད། མོས་ལས་ཀ་མ་རེག་པར་དུ་ང་ཚོར་སྨན་ཁང་དུ་འགྲོ་རོགས་བྱ་རྒྱུའི་ཞལ་བཞེས་གནང་ཐོག ཟླ་བརྒྱད་པ་བར་དུ་སྨན་ཁང་ལ་འགྲོ་རྒྱུས་མཚོན། སྐབས་རེར་ཨ་མ་ལགས་སྟབས་ཀ་བདེ་མིན་འདྲ་བྱུང་ཚེ། མོས་བུ་ལ་གཟིགས་སྐྱོང་གནང་བས་བཀའ་དྲིན་ཤིན་ཏུ་ཆེ། ང་ཚོ་ཛ་དྲག་སྨན་ཁང་ནས་ཕྱིར་བུད་དེ་བདུན་ཕྲག་གཅིག་ལྷག་གི་རྗེས། བུའི་གཟུགས་གཞིར་ཡར་བསྐྱེད་དགའ་རབ་བྱུང་སྟེ། སྔར་བཞིན་སློབ་སྦྱོང་འཛིན་གྲྭ་ཨ་མ་ལགས་ཀྱི་ཁང་ཤོད་ཡིག་ཚང་དུ་ཚུགས།
ད་ལོ་སྔར་དང་མ་འདྲ་བ་ཞིག་ནི། ཁྱིམ་བསྟེན་དགེ་རྒན་སློབ་ཁྲིད་དུ་ཕེབས་སྐབས། ངེས་པར་དུ་ཆས་གོས་གཙང་མར་བརྗེ་བོ་རྒྱག་དགོས་པ་དང་། མཆུ་དཀྲིས་གྱོན་པ། ཞལ་ལག་གཙང་མར་འཁྲུ་དགོས་པ་སོགས། འཕྲལ་སེལ་སྒྲིག་ལམ་ལྟ་བུ་ཞིག་བཟོས་པས། དགེ་རྒན་གྱིས་ཀྱང་ཐུགས་སྣང་ཆེན་པོའི་ངང་ཆས་གོས་གཙང་མ་ཆ་ཚང་ཞིག་ཡིག་ཚང་དུ་རྒྱུན་འཇོག་གནང་ཞིང་། མོ་ནམ་ཕེབས་ལ་ཡིག་ཚང་འཁྲིས་ཀྱི་གསང་སྤྱོད་དུ་ཕེབས་ནས་ཆས་གོས་བརྗེ་བོ་རྒྱག་ཅིང་ཁ་ངོ་གཙང་མར་བཀྲུས་རྗེས་གཞི་ནས་སློབ་ཁྲིད་ཀྱི་དབུ་ཚུགས་ཀྱིན་ཡོད། ཉེ་ཆར་མ་གཏོགས་ཆུང་མ་མ་བུ་གཉིས་ཀ་ཨ་མ་ལགས་ཀྱི་ཁྱིམ་དུ་སྡོད་ཀྱིན་ཡོད། མ་རྒན་གྱི་ཁྱིམ་ནི་ང་ཚོའི་ཁང་བར་ལྟོས་ན། ཁོར་ཡུག་ཡངས་ཤིང་ཁམས་གཙང་ལ། ཟས་སྦྱོར་ལེགས་པ། སྨན་ཐུན་མི་ཆད་པར་གཏོང་གཟབ་པ་སོགས། ངེད་གཉིས་རང་རང་གི་ལས་ཀར་བློ་བདེ་ཀུ་ཡངས་ངང་འགྲོ་ཆོག་པ་ཡིན། གཟའ་སྤེན་པ་ནམ་ཤར་ལ་ཆུང་མ་མ་བུ་གཉིས་དུས་ཆད་ལྟར་སྨན་ཁང་དུ་འགྲོ་དགོས། ང་ཚོ་གནས་ཡུལ་གྱི་མངའ་སྡེ་འདིའི་ལོ་འཁོར་རྒྱུགས་སྤྲོད་སླེབས་ལ་ཉེ་སྟབས། ཛ་དྲག་ཉེན་སྐྱོབ་ཀྱི་དུས་ཡུན་རིང་སློབ་སྐལ་མ་ལྡན་པའི་སློབ་ཚན་ཁག ཁྱིམ་བསྟེན་དགེ་རྒན་སྐྱེས་པ་གཅིག་དང་། བུད་མེད་གཉིས་ཏེ་དགེ་རྒན་གསུམ་གྱིས་དུས་ཚོད་ཁག་བསྒོས་ཀྱིས། ཚན་རྩིས་དང་། སྐད་ཡིག བྲིས་རྩལ། འདོན་རྩལ། ལོ་རྒྱུས་སོགས། གཟའ་མཇུག་ཚུན་ལའང་དུས་བཅད་སློབ་ཁྲིད་གནང་།
སྨན་ཁང་དུ་འགྲོ་སྐབས་འཆར་ཅན་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ནས་ཡར་ལངས་ཏེ། ཞོགས་ཟས་གྲུབ་རྗེས་ཆུ་ཚོད་དྲུག་པའི་སྒང་ལམ་དུ་འབུད་ཐུབ་པ་བྱེད་དགོས། གཟའ་ཟླ་བ་ནས་ཕུར་བུ་བར་དགེ་རྒན་གསུམ་གྱིས་རེས་མོས་ཀྱིས་སློབ་ཁྲིད་གནང་། ཟླ་སྤེན་པའི་པ་ནམ་ཤར་ལ་སྨན་ཁང་དུ་འགྲོ་དགོས་པས། ཉིན་དེར་དགོང་ག་ཆུ་ཚོད་བཞི་ནས་དྲུག་པ་བར། ཆུ་ཚོད་གཉིས་མ་གཏོགས་སློབ་དུས་ཀྱི་གོ་སྐབས་མེད་པས། དགེ་རྒན་གསུམ་ལས་ལྕམ་ཁོ་ནོར་གཅིག་པུ་ཕེབས་ནས་སློབ་ཁྲིད་གནང་། སྤྱི་ཟླ་ལྔ་བའི་ཚེས་བཅོ་ལྔ་ནས་ཉི་ཤུ་བར། ལོ་འཁོར་རྒྱུགས་སྤྲོད་བྱས། རྒྱུགས་ལེན་མཁན་ནི་ཁྱིམ་བསྟེན་དགེ་རྒན་མ་ལྕམ་ཆོག་ཞུ་བ་དེ་རེད། བུད་མེད་དེ་ནི་གཟུགས་པོ་རིང་ཐུང་འབྲིང་ཙམ་པ། ཤ་རྒྱག་པ། ངོ་གདོང་གོར་གོར། ལོ་ན་བཞི་ཅུར་སླེབས་ཡོད་མེད་ཅིག་ཡིན། མི་གཤིས་ཀྱི་ཆ་ནས་དེ་ཙམ་ཡག་པོ་ཞིག་མ་རེད། གང་ལྟར་ཡང་། ངས་ཉི་མ་རེ་རེར་བུ་ལ་ཁྱོད་ཀྱི་དེ་རིང་གི་ཡིག་རྒྱུགས་ཅི་འདྲ་བྱུང་ཡོད་མེད་དྲིས། བུས་ཡིག་རྒྱུགས་ལས་སླ་བོ་ཞིག་རེད་ཅེས་ལན་འདེབས་བྱེད། དོན་ངོ་མར་ངས་བུའི་འཕྲོད་བསྟེན་ལས་རྒྱུགས་འབྲས་ལ་དོ་སྣང་ཅིའང་བྱེད་ཀྱིན་མེད། རྒྱུགས་འབྲས་ཅི་འདྲ་ཞིག་ཡིན་མིན་རེ་ཞིག་བར་ཤེས་རྟོགས་ཐུབ་ཀྱི་མ་རེད།
དགེ་རྒན་དག་ནམ་ཕེབས་ལ་བུས་ཁོང་ཚོར་གསོལ་ཇ་དང་། ཞལ་ཟས་རེའང་གྲ་སྒྲིག་བྱེད། ལྷག་པར་གཏན་འཇགས་ལྟ་བུའི་དགེ་རྒན་ལྕམ་ཁོ་ནོར་མཆོག་དང་། ཁོང་གཉིས་འགྲོགས་འདྲིས་ཟབ་མོར་ཆགས་ཏེ། བུ་ཆུང་གིས་སྐབས་རེར་མོ་རང་མཉེས་པོ་ཡོད་པའི་ཇ་ཐུམ་ལྗང་ཁུ་དང་། མངར་ཆ་རེ་མོ་རང་གི་རྒྱབ་ཁུག་ནང་ལྐོག་ཏུ་འཇོག་གི་ཡོད་སྟབས། མོ་ལ་སེམས་འགུལ་ཟབ་མོ་ཐེབས་ཏེ་བུ་ལ་ལྷག་པར་ཡང་གཅེས་སྐྱོང་དང་འཆམ་པོ་བྱེད་པ་མ་ཟད། སྐབས་སྐབས་ལ་ཤིས་ཤོག་དང་། རྔན་པའང་ཡང་ཡང་སྤྲོད་ཀྱིན་པ་བདག་གིས་མཐོང་། ང་ཚོའི་མངའ་སྡེ་ན་ཡོད་པའི “བྱིས་སྐྲན་ཐེབས་རྩ”དང་། བུའི་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག “བྱིས་སྐྲན་ཐེབས་རྩས”བུ་དེ་བཞིན་ཉིས་སྟོང་བཅུ་གསུམ་ལོའི་བྱིས་སྐྲན་དཔའ་བོའི་གྲལ་དུ་མིང་འདོན་བྱས་ཏེ། རྫོང་གི་སློབ་གྲྭ་ཆེ་ཆུང་ཁག་གི་ནང་། བུའི་ལོ་རྒྱུས་དང་འདྲ་པར་སྒྲིག་ཤོམ་གྱིས་ཐེབས་རྩ་ཁང་དེར་མ་དངུལ་བསྡུ་སློང་གི་ལས་འགུལ་ཞིག་སྤེལ། གནས་ཚུལ་དེ་རྫོང་གི་ཉིན་རེའི་གསར་ལམ་གྱིས་དོ་སྣང་གནང་ནས། ང་ཚོ་ལ་ཁ་པར་གྱི་ལམ་ནས་དྲི་བ་དྲི་ལེན་བྱས་པ་རྣམས། གསར་ཤོག་དང་དྲྭ་རྒྱ་མང་བོ་ཞིག་གི་ནང་སླེབས་འདུག བུ་རང་ཉིད་ལ་སློབ་གྲྭའི་ “བུ་མོ་གདོང་ལེན་རུ་ཁག”གིས་དང་ལེན་སྒོས། སློབ་མ་རང་ཉིད་ཀྱིས་ལག་བསྟར་ཤིས་ཤོག་སྣ་ཚོགས་དང་། ཟས་རིགས་མང་བོ་ཁུར་ནས་གཟིགས་སྐོར་དུ་ཡང་ཡང་ཕེབས་ཤིང་། ཁ་པར་དང་དྲྭ་ལམ་བརྒྱུད་བྱིས་པའི་སྣང་བ་ཡན་གར་བའི་ཀློང་ནས། སེམས་ལ་དྲན་ཚད་ངག་ནས་ཟློ་བཞིན་དགའ་སྣང་གི་ཚོར་བ་ལ་རོལ་བཞིན་པ་མཐོང་།
བུ་མོ་ཚོས་བུ་ལ། ང་ཚོས་ཁྱེད་ཀྱི་ཆེད་དུ་ལས་འཆར་གསར་བ་ཞིག་འཛུགས་རྒྱུ་ཡིན། ཁྱེད་ལ་རེ་བ་ཅི་ཞིག་ཡོད་དམ་ཞེས་དྲིས་པར། བུས་ལན་དུ། སྨན་པ་དང་སྨན་ཞབས་ཚོས་ངའི་ཆེད་དུ་དཀའ་ལས་མང་བོ་ཞིག་གནང་སོང་། ཁྱེད་ཚོས་ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞེས་བརྗོད་པའི་ཤིས་ཤོག་དང་། སེམས་ཚོར་མཚོན་པའི་འཕྲིན་ཐུང་རེ་འབྲི་ཐུབ་ན། ངའི་སེམས་པ་ཤིན་ཏུ་སྤྲོ་ངེས། ཞེས་རེ་སྐུལ་ཞུས་དོན་ལྟར། བུ་མོ་དེ་དག་གིས་ཐུགས་རྗེ་ཆེ་ཞེས་བརྗོད་པའི་ཤིས་ཤོག་སེམས་འཕྲིན་ཅན་ལག་རྩེག་གཅིག་དང་། མངར་ཟས་སྣ་ཚོགས་ཀྱིས་གཏམས་པའི་སྒམ་ཆེན་ཡར་འདེགས་དཀའ་བ་ཞིག རྫ་ཆེན་ནང་བཙུགས་པའི་མེ་ཏོག་དཀར་བོ་ཁྲུ་གསུམ་ཙམ་ཡོད་པ་གཅིག་བཅས། བུ་མོ་གཅིག་དང་མོའི་ཨ་མ་གཉིས་ཀྱིས་རླངས་འཁོར་བསྐོར་ནས་ང་ཚོའི་ནང་དུ་སླེབས། ང་ཚོས་སྲེག་ཇ་རེ་འཐུང་ཞོར་ད་ཐེངས་ཀྱི་བུའི་ཉེན་ཚབས་ཆེ་བའི་ནད་དང་། དེའི་ཉེན་སྐྱོབ་ཀྱི་སྐོར་ལས་འཕྲོས་ཏེ་ཁ་བརྡ་དུས་ཡུན་ཆུ་ཚོད་གཉིས་ལྷག་རིང་བྱས། ཁ་བརྡ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་ནི། བུ་མོ་མ་སྨད་དེ་གཉིས་ལྗོས་མི་རིགས་ཡ་ཧི་དྰ་བའི་གནས་ཆོས་ལ་དད་པ་བྱེད་མཁན་ཞིག་རེད།
གནས་ཆོས་དེ་དང་མི་རིགས་འདི་གཉིས་ཀར་རང་ཉིད་ལས། མི་རིགས་གཞན་གྱི་བདེ་སྡུག་ལ་དོ་ཁུར་ལྷག་བསམ་གྱི་དཔལ་ཡོན་དེ་ཙམ་ཞིག་མེད་པ་ངས་ཤེས། འོན་ཀྱང་། བུད་མེད་དེའི་ཨ་ཕ་སྐྲན་ནད་ཀྱིས་ཟིན་ནས། ལོ་བར་མང་བོའི་རིང་མོ་རང་ཉིད་ཀྱིས་ནད་གཡོག་བྱས་པའི་ཉམས་མྱོང་ཁྲོད། གཞན་ཕན་གྱི་བསམ་པ་བཟང་བོ་ཞིག་ངང་གིས་སླེབས་ཡོད་པའི་ཚོར་སྣང་བྱུང་། བུ་མོ་ཆུང་ཆུང་དེ་ངས་ངོ་ཤེས་ཀྱི་ཡོད། སློབ་གྲྭའི་ཐུགས་སྤྲོ་དང་། འཁྲབ་སྟོན་སོགས་ཀྱི་སྐབས། བུ་མོ་དེས་གདོང་བ་འཛུམ་གྱིས་གང་ཞིང་། ལག་པས་གཡབ་མོ་བྱེད་ཞོར་ངའི་བུའི་མིང་ནས་བོས་ཏེ་དགའ་བའི་རྣམ་འགྱུར་ཡང་ཡང་བསྟན་པ་ངས་མཐོང་གི་ཡོད། དེ་བཞིན་བུ་མོ་ཆུང་ཆུང་གཞན་པ་ཞིག་ཡོད། བུ་མོ་དེ་ངའི་བུ་ལས་ལོ་བཞིས་ཆུང་བ་ཡིན་བསམ། སློབ་གྲྭའི་ནང་བུ་མོ་དེས་སྐབས་རེར་ངའི་བུའི་རྒྱབ་ལོགས་ནས་འཇུས་ཏེ་ཕར་གབ་ཚུར་གབ་བྱེད་པ་དང་། ལག་པ་ཆུང་ཆུང་གཉིས་བུའི་མགོ་ལྟག་ནས་བསྲིངས། མིག་གཉིས་བཀབ་སྟེ་ཁྱེད་ཀྱིས་ང་སུ་ཡིན་ཤེས་སམ་ཞེས་འདྲི། བུ་མོ་དེའི་མིང་བོ་ངའི་བུ་དང་འཛིན་གྲྭ་གཅིག་པ་རེད། མིང་བོ་དང་ཁོང་གི་ཕ་མ་གཉིས་ཀྱིས་ཀུ་རེའི་ཚུལ་གྱིས། ངའི་བུ་མོ་ཁྱོད་ལ་དགའ་གི་འདུག་ཅེས་སྨྲ་སྐབས། བུ་མོ་དེས་ཕ་མ་གཉིས་ཀར་ཁྱེད་ཚོས་སྨྲ་བ་མཚམས་ཞོགས། ཞེས་ལག་པ་ཆུང་ཆུང་གཉིས་ཀྱིས་ཁོང་ཚོར་ཐལ་ལྕག་གཞུ། དེ་བཞིན་ང་ཚོའི་ཁྱིམ་མཚེར་རྒྱ་གར་ཁྱིམ་ཚང་ཞིག་ཡོད། མི་ཚང་དེར་བུ་བུ་མོ་གཉིས་ཡོད། བུ་དེ་ངའི་བུ་ལས་ལོ་གཅིག་གིས་ཆུང་བ་དང་། བུ་མོ་དེ་ལོ་བཞིས་ཆུང་བ་རེད། རྒྱ་གར་མི་ཚང་དེ་དང་ང་ཚོའི་བར་གྲོགས་འབྲེལ་ཧ་ཅང་ཡག་པོ་ཡོད།
ང་ཚོས་ཕན་ཚུན་མི་ཚེའི་སྐྱིད་སྡུག་སྦ་གསང་མེད་པར་གླེང་མོལ་བྱེད་ཅིང་། རྒྱ་བོད་ཀྱི་ཤེས་རིག་ཐད་ཕན་ཚུན་དྭོགས་སློང་དང་དྲི་སྐོར་ཡང་ཡང་བྱེད། ཁོང་གཉིས་ཀ་ཤེས་ཡོན་ཆེན་པོ་རེད། ཆུང་མ་དེ་གསོ་རིག་རབ་འབྱམས་པ་དང་། ཁྱོ་ག་དེ་འཕྲུལ་རིག་རབ་འབྱམས་པ་ཞིག་རེད། ང་ཚོ་ཕན་ཚུན་དཀའ་ངལ་ཅི་ཞིག་དང་འཕྲད་ཚེ་ནང་མི་ལྟར་ཁ་འཛིན་རོགས་དན་བྱེད་པའི་གོམས་གཤིས་ཤིག་ཀྱང་ངང་གིས་ཆགས། བུ་སྐྲན་ནད་ཀྱིས་ཟིན་པ་ནས་རྒྱ་གར་གྱི་ཁྱིམ་བདག་མ་དེས། ཁྱེད་གཉིས་ལ་དངུལ་དགོས་ཚེ་ང་ཚོར་ངེས་པར་དུ་བཤད་རོགས་ཀྱིས། ཞེས་ཐེངས་ཤས་སྨྲས་པ་ད་དུང་ཡང་སེམས་ཁོང་ནས་ལྗིད་ཏིག་གེར་དྲན། ཕྲུ་གུ་ཚོ་ཕན་ཚུན་གྱི་ཁྱིམ་དུ་རང་ཁྱིམ་ལྟར་འགྲོ་འོང་བྱེད། བུ་མོ་ཆུང་ཆུང་དེ་དུས་རྒྱུན་དུ་ངའི་བུའི་འཁྲིས་སུ་སྡོད་པར་དགའ། སྐབས་རེར་ང་ཁྱེད་ལ་དགའ་ཞེས་བུའི་མཆན་ཁུང་དུ་མོ་རང་གི་ལག་པའང་འཇོག ངའི་བུས་དེ་ལ་དོ་སྣང་དེ་ཙམ་མི་བྱེད་པས། བུ་མོ་དེ་ཁོང་ཁྲོ་ཡང་ཡང་ཟ། བུ་མོ་ཆུང་ཆུང་དེ་ནི་ཤིན་ཏུ་སྙིང་རྗེ་མོ་ལྷའི་བུ་མོ་ལྟ་བུ་ཞིག་ཡིན། ངས་ནམ་རྒྱུན་མོ་རྩེད་མོ་རྩེད་ནས་གཙེས་ཀྱིན་ཡོད་སྟབས། ང་ལ་ཁ་ཡ་ཆེར་མི་བྱེད་མོད། འཁྱག་སྤྲིས་དང་། དར་ཟས་སོགས། དངོས་པོ་གང་ཞིག་སློང་སྐབས། མིག་གོར་གོར་དེ་ཕན་འཕེན་ཚུར་འཕེན་བྱེད་ཅིང་། སྐད་ངག་འཇམ་པོའི་ངང་ངའི་མིང་ནས་འབོད་བཞིན་འཁྲིས་སུ་བཅར་ཏེ། ངའི་ལག་པའམ་དཔུང་བ་གང་རུང་ལ་རེག་རེག་བྱེད་བཞིན། ཨ་ཁུ་ལགས། ང་ལ་འཁྱགས་སྤྲིས་ཞིག་སྤྲོད་རོགས་ཞེས་སྨྲ། མོ་རང་ལ་མཁོ་བའི་དངོས་པོ་ལག་ཏུ་འབྱོར་ཚར་རྗེས་ང་ལ་ཁ་ཡ་ཆེར་མི་བྱེད།
ལེའུ་དང་པོ་ནས་ཉི་ཤུ་བར་དུ་བགླགས་ཡིན་ཡག་པོ་བྲིས་འདུག ལག་ལ་འབྱོར་ཚར་རྗེས་ཁ་ཡ་མི་བྱེད་པ་ནི་ཁོང་ཚོའི་ལུགས་སྲོལ་རེད།
བཀུར་འོས་རྩོམ་པ་པོ་རྒྱལ་ཁམས་པ་ལགས། བདག་ལ་ཁྱེད་ཀྱིས་བྲིས་བའི་་དངོས་སྒྲུང་འདི་ཚན་པ་མང་ཆེ་ཤོས་བཀླགས་པའི་གོ་སྐབས་བྱུང་བས་བདག་ལ་བློ་བསྐྱེད་དང་བསླབ་བྱ་གང་མང་ཞིག་ཐོབ་མོད། ཡིད་ཕང་བ་ཞིག་ལ་མཚམས་རེར་ཉིན་ཤས་ལ་ལས་ཀའི་བྲེལ་གསེང་གིས་དྲ་ཐོག་ལ་ཡོང་མ་ཐུབ་པར་ཚན་པ་འགའ་ཤོར་ཚར་འདུག ཁྱེད་ཀྱི་བཟའ་ཚང་གི་དགའ་སྐྱོ་ཟུང་ལྡན་གྱི་དངོས་སྒྲུང་འདི་ཀློག་སྤྲོ་བའི་བདག་དང་བདག་ལྟ་བུའི་མི་གཞན་ཡང་གང་མང་ཞིག་ཡོད་པ་གདོན་མི་ཟ་བས་གུས་བའི་རེ་བར་ཁྱེད་ཀྱིས་སྒྲུང་འདི་ཚན་པ་ཆ་ཚང་ཞིག་དྲ་ལམ་གཞན་ནམ་ཡང་ན་སྒེར་གྱི་ཟིན་བྲིས་ཞིག་གི་སྟེང་སྤེལ་རོགས་ཞུ།
མཇུག་ཏུ་ཁྱེད་ཀྱི་བཟའ་མི་ལྷན་རྒྱས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་འདུན་དང་བཅས།
ཨ་ཕོ་ཧོར་ནས།
ཨ་ཕོ་ཧོར་ལགས། ཉིད་ཀྱིས་ངའི་ཡི་གེར་ཐུགས་སྣང་གནང་བར་བཀའ་དྲིན་ཆེ་ཞུ། ཁ་བརྡའི་གཡོན་ངོས་ཀྱི་འཚོལ་ཞེས་པའི་འཚོལ་སྟེགས་ནང་། རྔ་བ་རྒྱལ་ཁམས་པ་ཞེས་པའི་མིང་བཅུགས་ཏེ་བཙལ་ན། ཁྱེད་ཀྱིས་གཟིགས་འདོད་པའི་ལེའུ་རྣམས་ཀློག་ཐུབ་ངེས། དེ་ཙམ་ཡིན།
ངས་ཚན་པ་འགའ་ལས་ཆ་ཚང་ཀློག་ཐུབ་མ་སོང་། གང་བཀླགས་ཟིན་དག་ནི་སེམས་ལ་ཟུག་པ་ཞིག་རེད། ངོ་མ་མི་ཚང་ཞིག་གི་གནས་སྟངས་ནི་འདྲ་ཞིག་ལོས་ཡིན་སྙམ། ཁོམ་པ་ཡོད་དུས་ཤིག་ལ་ཆ་ཚང་ཀློག་ངེས་ཡིན།
རྩོམ་པ་པོ་རྒན་གྲས་ཁོང་དང་ཁོང་འདྲ་བ་དག་གི་རྩོམ་རྩལ་ལ་སྔོན་མ་ནས་མོས་གུས་ཡོད་མཁན་ཞིག་གི་ངོས་ནས་བཤད་ན། ད་རེས་རྩོམ་པ་ཁོང་གིས་དཀའ་སྡུག་དང་་་་ཐབས་སྣ་ཚོགས་ཀྱིས་་་་རང་གི་གཅེས་ཕྲུག་འཆི་ཡུལ་ནས་ཕྱིར་རང་ཁྱིམ་དུ་བསུས་གནང་བའི་སྒྲུང་རིང་འདི་ལ་དེ་ལས་ཀྱང་གུས་བཀུར་གནང་འོས་སུ་མཐོང་།
དགའ་སོང་། ཕ་བུ་ཚེ་ཐག་རིང་བར་ཤོག ཕ་མ་བདེ་སྐྱིད་ལྡན་པར་ཤོག
རྒྱལ་ཁམས་པ་ལགས། དུས་ཐོག་ཏུ་ལན་བསྐྱོན་པར་ཐུགས་རྗེ་ཆེ་ཞུ།
ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ།