སེར་སྨད་བློ་དགའ།
——གནས་ཚུལ་མང་པོ་ཞིག་མཐོང་གིན་འདུག
རིན་པོ་ཆེ་མཆོག་ནི་རྒྱ་ནག་གི་ཁྲིམས་དང་གཤིས་སྤྱོད་སོགས་གང་ཅིར་མཁྱེན་རྟོགས་ཆེན་པོ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཡིན། བླ་མའི་གསུང་ངོ་མ། “ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱས་མེད།” ཅེས་ཡིག་ཐོག་ནས་དངོས་སུ་གསུངས་ཡོད། ཉེ་ཆར་རིན་པོ་ཆེའི་སྐོར་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཏེ། རིན་པོ་ཆེ་མཆོག་གི་སྐུ་མཆེད་དང་སྒོ་མང་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་ཉི་མ་ལགས་ཀྱིས། རིན་པོ་ཆེ་མཆོག་དང་ཕ་ཡུལ་མི་མང་གི་མགྲིན་ཚབ་ལྟ་བུས་ཡིག་ཐོག་ནས། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༤ ཉིན་རིན་པོ་ཆེའི་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་པ་ནས་ད་ལྟའི་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད། ཅེས་འགྲེལ་བཤད་གནང་།
ཐུག་འཕྲད་ལ་འགྲོ་མཁན་རིམ་པར་ཁ་ཡོད་ལག་ཡོད་ཀྱི་གང་ཞིག་བྱུང་ཡོད་པ་རེད་ཟེར་ན། རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་གློ་བུར་དྲན་མེད་དུ་བརྒྱལ་བ། ཞབས་ཐང་ཐང་མེད་པས་རྐུབ་སྟེགས་ཐོག་དྲུད་ནས་གདན་འདྲེན་ཞུ་དགོས་པ། བཀའ་མོལ་གནང་དུས་སྐུ་གཟུགས་འདར་གསིག་རྒྱག་པ་སོགས་གནས་ཚུལ་ཛ་དྲག་ཅན་དུ་གྱུར་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་དེ་ཙམ་རེད། མི་མང་པོས་དང་ཐོག རྒྱ་ནག་ས་གནས་གཞུང་གིས་བྱས་ཉེས་དེ་དག་རྒྱ་ནག་དབུས་ནས་བྱེད་པར་བརྩིས་མེད་ཀྱང་། རིན་པོ་ཆེའི་གནས་ཚུལ་ཐག་གཅོད་གཙང་མ་མ་བྱུང་བར་ཉིན་འགྱངས་ཞག་འགྱངས་ཀྱིས་ལོ་ངོ་ ༡༡ ལྷག་ཕྱིན་པ་དང་། ད་དུང་ཡང་རྒྱ་ནག་དབུས་གཞུང་ནས་ཡ་ལན་དང་སྣང་མེད་བྱས་པ་དེས། ས་གནས་གཞུང་གིས་རིན་པོ་ཆེ་ལ་ནག་ཉེས་གང་བཙུགས་པ་དེ་དབུས་གཞུང་གི་ཇུས་འགོད་དང་ལས་འགུལ་ཞིག་ལ་རེ་ཞིག་མི་བརྩི་རང་བརྩི་ཆགས་ཡོད།
གང་ལྟར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་ཐད་རྒྱ་གཞུང་གིས་བསྟན་པའི་རྣམ་འགྱུར་དེས། རྒྱ་ནག་གི་སྡུག་སའི་གྲ་སྒྲིག་རྩུབ་པས་དབང་གིས་བོད་ཀྱི་བཟང་སའི་རེ་བ་ཙམ་བྱས་པའང་གཏོར་བཅོམ་ཚབས་ཆེན་ཕོགས་པར་མཚོན་ཡོད་པས། དེ་ནི་དངོས་བྱུང་གི་ཉམས་མྱོང་ཞིག་ཡིན་ལ། ཆོས་རྗེ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དེ་སྔའི་མཛད་པ་ནི། ནང་ཆོས་རྒྱུན་འཛིན་དང་རིག་གནས་དར་སྤེལ་མཛད་པ་སོགས་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་ཡིན་པ་ལས། སྲིད་དོན་དང་གཏོར་བཅོམ་གྱི་ལས་རིགས་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། རིན་པོ་ཆེ་ལྐོག་ཁྲིད་བྱས་པ་ནས་བཟུང་རྒྱ་ནག་གི་ཕྱོགས་ནས་ཇུས་ངན་རིང་ཐུང་ཅི་འདྲ་ཞིག་བསྐོར་མིན་དང་གཡོ་སྒྱུ་ཁོ་ནས་བོད་རྒྱ་མི་རིགས་གཉིས་ཙམ་མ་ཟད། བོད་པ་ནང་ཁུལ་ལའང་མཐུན་འབྲེལ་གཏོར་གཤིགས་བཏང་སྟེ། དཔེར་ན། རིན་པོའི་མདུན་སར་ཁྱེད་ལ་ཐུག་འཕྲད་བྱ་མཁན་ཡོད་ན་སྒོ་ཕྱེ་ཕྱེ་པ་ཡིན་ཟེར་བ་དང་། དངོས་སུ་ཐུག་འཕྲད་དུ་འགྲོ་ངེས་ཧ་ཅང་མང་པོ་ཡོད་ཀྱང་རེ་གཉིས་ཤིག་ལས་མི་གཏོང་བ། ཡང་། རྒྱས་མང་ཚོགས་ལ་རིན་པོ་ཆེའི་བཀའ་ལྟར་ཉེ་འབྲེལ་མ་གཏོགས་ཐུག་འཕྲད་དུ་གཏོང་གི་མིན་ཟེར། དབང་འཛིན་པས་རིན་པོ་ཆེའི་མདུན་དུ་ཁྱོད་ལ་ལྟ་རྟོག་བྱེད་དུ་ཡོང་མཁན་ཁྱེད་རང་གི་གཉེན་ཉེ་ཙམ་ལས་མི་འདུག་ཅེས་ཞུས་ཡོད་པ་རེད།
གནས་ཚུལ་དེ་ཚོའི་ཐོག་ནས་ཤེས་ཐུབ་པ་ནི། རིན་པོ་ཆེ་རང་ཉིད་ལ་ཉེ་འབྲེལ་མ་གཏོགས་ཡུལ་མི་ཚང་མར་ཐུག་འདོད་མེད་པ་དང་རིན་པོ་ཆེ་མཇལ་འདོད་ཡོད་པ་གཉེན་ཚན་ལས་ཡུལ་མི་གཞན་ཡོང་འདོད་མེད་པའི་གནས་ཚུལ་གཉིས་བཟོས་ཏེ། ཡུལ་མི་དང་རིན་པོ་ཆེ་དབར་འགལ་ཟླའི་བསམ་བློའི་ས་བོན་བཏབ་པ་སོགས་ཅི་འདྲའི་སྲིད་ཇུས་གནག་པ་ལ། ཡང་། ཐུག་འཕྲད་དུ་བཏང་བ་ཚོར། བཏང་མ་སོང་ཟེར་བ་མེད་པ་ཙམ་གྱི་བྱ་ཐབས་ཁོ་ན་ཙམ་ཡིན་པར་ཉམས་མྱོང་བྱུང་འདུག ད་དུང་། ཁྱེད་ཅག་ཐུག་འཕྲད་དུ་འགྲོ་མཁན་ཚོའི་རེ་འདོད་འགྲུབ་ཨེ་སོང་། ཞེས་ངོ་སོ་བསྟན་ཡོད། དེའི་མཉམ་དུ་སྲིད་ཇུས་ཤིག་བསྲེས་ཏེ་ཐུག་འཕྲད་པར་རིན་པོ་ཆེའི་སྐུ་པར་རེ་བསྐུར་ནས་ས་གནས་མི་མང་ལ་རིན་པོ་ཆེའི་སྐུའི་གནས་སྟངས་སྐོར་འགྲེལ་བཤད་གང་ལེགས་ལེགས་བྱེད་དགོས་སྐོར་བཀའ་བཏང་ཡོད། སྐུ་པར་དེ་ནི་ཐུག་འཕྲད་པ་དངོས་སུ་ཡོད་ས་དང་ཐུག་འཕྲད་པ་དང་ལྷན་དུ་བརྒྱབ་པའི་པར་ཞིག་མིན། ཕྱི་རྒྱལ་ནས་བལྟ་སྐོར་བ་ཡོང་ནའང་ས་གནས་གང་དུ་ཕེབས་ཀྱང་སྣེ་ལེན་ཡོད་ཚུལ་གྱི་སྐད་ཆ་བསྐུར་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ཕྱི་རྒྱལ་གྱི་མི་ཞིག་ཐོན་ཚེ་ས་ཆ་གང་དུ་འགྲོ་མིན་དང་བྱ་བ་ཅི་ཞིག་བྱེད་མིན་བཅས་ཀྱི་ཐད་མིག་དེད་དང་རྗེས་འདེད་བྱེད་བྱེད་པ་ཡིན།
རིན་པོ་ཆེའི་གནས་ཚུལ་དང་འབྲེལ་ནས་འགྲེལ་བཤད་མང་པོ་ཞིག་ཏན་ཏན་ཡོང་གི་རེད། བོད་པའི་ཕྱོགས་ནས། ད་ལྟའི་རྒྱ་ནག་གི་འཛིན་སྐྱོང་ཆ་བགོས་ལ་མ་ལྟོས་པར་བོད་རིགས་ཚང་མ་གྲངས་ཉུང་མི་རིགས་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་ངེས་པར་བརྩི་བཀུར་གནང་དགོས། དེ་ནི་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་དགོངས་དོན་དང་དམིགས་ཡུལ། གཞི་རྩའི་ལྟ་བ་ཡིན་པ་མ་ཟད། མི་རིགས་འདྲ་མཉམ་བྱེད་རྒྱུའི་ལྟ་གྲུབ་ཀྱི་གཞི་རྩ་ཡང་རེད། ཅེས་རེ་བ་ཆེན་པོ་བྱས་པ་རེད། དོན་དངོས་ནི། དཔེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲིམས་གྱི་མདུན་སར་འདྲ་མཉམ་གྱི་ཁེ་དབང་སྤྲད་མེད་པས། དེ་ནི་རྩ་ཁྲིམས་ཙམ་མ་ཟད། མི་རིགས་འདྲ་མཉམ་སྲིད་ཇུས་ཀྱི་ལྟ་གྲུབ་དང་ཡང་གཞི་འགལ་དུ་གྱུར་ཡོད་པ་རེད། ཁོང་ལ་དེ་ལྟ་བུའི་འདྲ་མཉམ་གྱི་ཁེ་དབང་བཙན་འཕྲོག་བྱེད་བཞིན་པ་ཡིན་ན་དམངས་ཁྲོད་ཀྱི་བོད་མི་ལ་དེའི་སྐོར་བཤད་མི་དགོས་པ་ཞིག་རེད།
བླ་མ་རང་ཉིད་ཀྱི་གཞི་རྩའི་དགོངས་པ་བཞེས་ཕྱོགས་ནི། རིན་པོ་ཆེ་སྐུ་ངོ་མས། “ང་ནི་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ལ། ཀྲུང་གོ་རྒྱལ་ཁབ་ཀྱང་རང་གི་རྒྱལ་ཁབ་ཅིག་ཡིན་པར་ང་ལ་ངོས་འཛིན་ཡོད། དེར་བརྟེན་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་འབྲེལ། སྤྱི་ཚོགས་བདེ་འཇགས། འཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཐད་སོ་སོར་ནུས་པ་ཞིག་མེད་ན་མ་གཏོགས་བསྒྲིམས་བསྡད་པ་ཡིན།” ཞེས་གསུངས་པ་རེད། ཁོང་གི་དགོངས་པ་བཞེས་སྟངས་དང་ནང་ཆོས་ལ་ཉམས་བཞེས་མཛད་ཕྱོགས་སོགས་ངོས་གང་ནས་བལྟས་ཀྱང་། གལ་ཏེ་རྒྱ་ནག་ལ་ཁ་དོན་མཚུངས་པའི་བོད་རྒྱ་རིགས་གཉིས་ཞི་འགྲིག་གི་བསམ་བློ་ཞིག་ཡོད་ན། བླ་མ་ཁོང་ལ་དོགས་ཟོན་དང་སྡིགས་དམོད་བྱ་དགོས་དོན་ཅི་ཡང་མེད་པ་ནི་དངོས་དངོས་རྗེན་རྗེན་དུ་གྱུར་ཡོད་པས། ནང་དོན་ནི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཁོ་ནར་ཐུག་ཡོད་པ་ཚོར་གྱིན་འདུག
རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༦ ནང་། “སུ་ཞིག་གིས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ། དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག” ཅེས་པའི་འགན་ལེན་བྱས་ཡོད། འོན་ཀྱང་། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༧ ཚེས་ ༡༨ ཉིན། སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་པའི་སྲོལ་ཡིག་ལག་བསྟར་གྱིས་གཞུང་ནས་དངོས་སུ་ཐེ་བྱུས་དང་འཛུལ་ཞུགས་པ་ནི། རྩ་ཁྲིམས་དོན་ཚན་ ༣༦ པ་དང་ཡོངས་སུ་འགལ་བ་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ ནང་མི་རིགས་ཚང་མར་ “རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བ།” ཞེས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ ༡༠ ནང་ “ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་འགན་སྲུང་བྱ་རྒྱུ།” ཞེས་གསལ་ཡོད་ཀྱང་རིན་པོ་ཆེ་མཆོག་ནས་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབས་དང་གོང་འཕེལ་སོགས་ཀྱི་ཆེད་སློབ་གྲྭ་བཙུགས་པའི་མཛད་པ་ཚང་མར་རྒྱ་ནག་ས་གནས་གཞུང་གིས་ནག་ཉེས་ལ་བརྩིས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༦ ནང་། “རྒྱལ་ཁབ་ཀྱི་ཡུལ་མི་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་” པར་འགན་སྲུང་བྱས་ཡོད། འོན་ཀྱང་། རིན་པོ་ཆེ་མཆོག་གིས་ཆོས་ཉམས་ལེན་བྱེད་སར་དགོན་ཁག་བརྒྱད་གསར་འཛུགས་གནང་བའང་ས་གནས་གཞུང་གིས་ནག་ཉེས་སུ་བརྩིས།
ཉེ་དུས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་རིན་པོ་ཆེ་དང་ཐུག་འཕྲད་ཞུ་སྐབས། “ངའི་དོན་དུ་ཁྱེད་ཚོས་གོང་རིམ་ལ་ཞུ་གཏུག་གང་བྱེད་དགོས་ན་བྱེད་ཞོག ལ་ལས་གོང་རིམ་ལ་ཞུ་གཏུག་དང་ལས་འགུལ་སོགས་སྤེལ་ན། ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་སྐོར་ཤོད་མཁན་ཡོད་ཚོད་འདུག་ཀྱང་། ང་ད་ལྟའི་སྐབས་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་བ་རེད། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས།” ཞེས་གསུངས་ཡོད། དེའི་ཐོག་ནས་ངོ་ཚོས་མཐོང་ཐུབ་པ་ནི། ལོ་ངོ་ ༡༡ ལྷག་གི་རིང་ཉིན་མཚན་དང་ཟླ་ལོ་མཐུད་དེ་ཞུ་གཏུགས་སོགས་ཀྱི་ཐབས་ཤེས་ཡོད་རྒུ་སྤྱད་ཀྱང་ལྷུང་ས་མེད་ན་མ་གཏོགས་ལྷུང་སྟེ། ཞུ་གཏུག་དོན་ཕན་ལྡན་པ་ཡོང་གི་མེད་པ་དང་། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས། ཞེས་གསུངས་པ་དེ་ཕྱི་ཕྱོགས་སུ་ཐུགས་རེ་གནང་བཞིན་ཡོད་པ་གསལ་པོ་གོ་ཐུབ། དེའི་དབང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པས་ཀྱང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། མི་སྒེར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་བཅས་ཚང་མས། རབ་བྱུང་ན་རིན་པོ་ཆེ་ཕྱི་ཡི་རྒྱལ་ཁབ་ཞིག་ཏུ་སྨན་བཅོས་ལ་གཏོང་ཐུབ་པའི་རྒྱབ་སྐྱོར་གནང་རྒྱུ་དང་། དེ་ལྟར་མ་བྱུང་ཡང་ཕ་ཡུལ་རང་དུ་སྨན་བཅོས་ཀྱི་ཆེད་དུ་གློད་གྲོལ་ཡོང་བར་ངེས་པར་དུ་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཞུ་དགོས་བྱུང་བ་རེད།
ངས་བསམ་པར། གོང་ཞུའི་འབོད་སྐུལ་ནང་གི་འཆར་གཞི་ཙམ་མ་ཡིན་པར། དེའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དམ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག བོད་དོན་རྒྱབ་སྐྱོར་བ་སོགས་ནུས་ཡོད་སུ་རུང་ཞིག་གིས་སྣེ་ཁྲིད་འོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁྲིམས་ཐོག་ཏུ་འགྲོ་ཐུབ་པ་བྱེད་རྒྱུ་དང་། དཔེར་ན་སཱི་པཱན་ཁྲིམས་ཁང་ལྟ་བུ། དེ་ཡང་རྒྱ་ནག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མིའི་ཁོངས་སུ་ཚུད་པ་དེའང་གོ་སྐབས་ཤིག་ཏུ་བརྩི་མི་རུང་བ་ག་ལ་ཡིན། ལས་འགུལ་མང་པོ་ཞིག་ཡོངས་གྲགས་ཀྱི་བརྒྱུད་ལམ་འགྲིམ་དགོས་པ་དང་མི་དགོས་པ་ཅི་རིགས་ཤིག་ཡོང་རྒྱུ་ཡིན་ན། གཙོ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞབས་ཞུ་ཚོགས་པ་རང་ཉིད་ཀྱིས་ནུས་པ་འདོན་དགོས་པ་དེ་རེད།
རིན་པོ་ཆེའི་གནས་སྟངས་དེ་རྒྱ་ནག་གི་ཁྲིམས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། དགོད་བྲོ་བ་ཞིག་ལ། འདི་ལོ་ ༡༠༡༣ ཕྱི་ ༡༡ ཚེས་༢༡ ཉིན། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ནག་མེད་ཉེས་འགེལ་གྱི་གྱོད་གཞི་འགོག་ཐབས་ཀྱི་ལས་དོན་བསམ་འཆར་ཟེར་བའི་ཡིག་ཆ་ཞིག་བསྟན་ཡོད་པ་དང་། དེ་ནི་དོགས་ཡོད་མི་སྣར་གྲང་ངར་དང་། བཀྲེས་སྐོམ། ཉི་མར་བསྲེག་པ་སོགས་ལུས་སེམས་གཉིས་ལ་མནར་གཅོད་ཚད་མེད་གཏོང་བ་བཅས་རྣམ་པ་འདྲ་མིན་གྱི་ཚ་འདྲི་ཚ་འདེད་ཀྱི་ཐོག་ནས་ངོས་ལེན་བྱེད་དུ་འཇུག་པའི་བྱ་ངན་དེ་དག་མ་འོངས་མི་ཡོང་བར་བཟོ་དགོས་སྐོར་གྱི་བསམ་འཆར་ཡིག་ཆ་ཞིག་ཡིན། དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོའི་གྲས་སུ་རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོད་ཚུལ་དང་། ཁྲིམས་འཛིན་དྲང་བདེན་ཡིན་པ། ཁྲིམས་ཁང་གིས་དཔང་རྟགས་དང་གྱོད་དོན་བརྟག་དཔྱད་ཞིབ་འཇུག་ཚད་ལྡན། ནག་ཉེས་ཁས་ལེན་བྱ་རྒྱུ་གཙོ་བོར་མི་འཛིན་པའི་ལྟ་ཚུལ་གྱི་རྣམ་འགྱུར་སྟོན་ཆེད་ཡིན།
འོན་ཀྱང་། ཡིག་ཆ་དེའི་ཡིག་འབྲུའི་དབར་ནས། རྒྱ་ཡིས་ང་ཚོས་དེ་སྔར་དོགས་གཞི་ཅན་ཚོར་གྲང་ངར་དང་། བཀྲེས་སྐོམ། ཉི་མར་བསྲེག་པ་སོགས་ལུས་སེམས་གཉིས་ལ་མནར་གཅོད་ཚད་མེད་བཏང་བ་བཅས་རྣམ་པ་འདྲ་མིན་གྱི་ཚ་འདྲི་ཚ་འདེད་དང་། བཙན་དབང་གིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་པ། འགྲོ་མ་མིའི་ཐོབ་ཐང་དང་ཁྲིམས་འཛིན་དྲང་བདེན་མིན་པ། དེ་སྔར་དོགས་ཡོད་ལ་ནག་ཉེས་བཙན་འགེལ་བྱ་རྒྱུ་གཙོ་བོར་འཛིན་པ་ལས་དཔང་རྟགས་དང་ཞིག་འཇུག་གི་ཚད་གཞི་གང་ཡང་བྱུང་མེད། ཅེས་པ་དེ་གསལ་པོ་བསྟན་ཡོད། གང་ལྟར་དམར་ཤོག་ཚོགས་པས་ཁྲིམས་ལུགས་དབང་ཆ་བཟུང་ཡོད་པས་དབང་གིས་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་རང་དབང་མེད་པར་གྱུར་ཡོད་པས། ཡིག་ཆ་དེ་རིགས་ཀྱིས་ཕན་ཐོགས་ཡོང་ངེས་མིན་པ་ཟུར་བལྟས་ལེབ་མཐོང་ཡིན།
དཔེར་ན། ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྙན་ཐོ་བཏོན་པའི་ནང་གསལ་ལྟར་། དམར་ཤོག་ཚོགས་པས་ཁྲིམས་ལུགས་ཐོག་སྟངས་འཛིན་བྱེད་ཀྱིས་ཡོད་པས། ནག་ཉེས་བཙུགས་པ་ཚོར་ནག་ཉེས་ཡོད་པའི་ཁྲིམས་ཐག་གཅོད་རྒྱུ་དེ་བརྒྱ་ཆ་ ༩༩ དང་ཚེག་ ༩ ཟིན་གྱི་ཡོད་པ་རེད། ཡིག་ཆ་དེ་ནི་ཡིག་ཆ་ཙམ་ལས་ཁྲིམས་ལུགས་ཀྱི་ནུས་པ་ཅི་ཡང་མེད་པ་མ་ཟད། ཡིག་ཆ་བཏོན་པའི་དུས་ཚོད་དེའང་རིན་པོ་ཆེའི་ཁྲུངས་སྐར་ཉིན་ཏེ་སྤྱི་ཚེས་ ༢༤ ཡི་ཉིན་གཅིག་གི་སྔོན་ཙམ་རེད། རིན་པོ་ཆེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དེ་ཁྱབ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་རྒྱ་ཕྱོགས་ནས་སྔོན་དཔག་བྱས་པ་དང་དེར་དམིགས་པ་ཞིག་མ་རེད་ཅེས་སུས་ཀྱང་བཤད་མི་ཐུབ།
ཡང་། ཕྱོགས་གཞན་ཞིག་ནས། རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དེ་བོད་སྤྱིའི་མདུན་ལམ་དང་འབྲེལ་བ་ཡོད་པ་ཞིག་པས། འདི་འབྲེལ་གྱི་བོད་སྤྱིའི་གནས་སྟངས་དང་རྒྱ་ནག་གི་ཆབ་སྲིད་སྐོར་ཐུང་ཙམ་གླེང་འདོད་བྱུང་། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ཞིག་ཤར་བའི་དབང་དུ་བཏང་ཡང་རྒྱ་གར་གྱི་གཙོས་ཕྱི་རྒྱལ་ལ་གསར་དུ་འཚར་ལོངས་བྱུང་བའི་བོད་པ་རྣམས་བོད་ནང་གི་འཁོར་ཡུག་དང་གོམས་གཤིས་སོགས་སུ་རྒྱུས་མངའ་དེ་ཙམ་མེད་པ་ཡིན་དུས། བོད་དུ་ལོག་རྒྱུར་འདོད་མོས་ཇི་ཙམ་ཡོད་མེད་གཞི་ནས་བལྟ་རྒྱུ་རེད། བོད་པ་རྣམས་ཕྱིར་རྒྱལ་དུ་འགྲོ་རྒྱུའི་བསམ་བློ་དེ་མུ་མཐུད་བཞིན་པའི་ཐོག་བོད་དུ་ལོག་པའི་རྗེས་ལའང་གོ་སྐབས་དང་བསམ་བློ་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན་པས། སྐྱར་དུ་བོད་ཕྱི་ནང་གཉིས་ཀྱི་བསམ་བློ་དང་སྒྲོམ་གཞི་གཉིས་ཀ ལ་འཐོར་ལུང་འཐོར་དུ་འགྲོ་རྒྱུར་ཐག་གིས་བཅད་ནས་བཤད་ཐུབ་ཟེར་བ་དེ་འགྲེལ་བརྗོད་བྱེད་སྟངས་ཤིག་རེད།
ཡང་། བོད་དོན་དོ་སྣང་ཅན་ཞིག་གིས། ང་ཚོས་བོད་ནང་དུ་ཐད་ཀར་བཤད་ཐུབ་པ་ཞིག་ནི། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རང་དབང་དང་ཐོབ་ཐང་རྩོད་དགོས། གཞུང་ཕྱོགས་ནས་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་འོག་བོད་ཀྱི་འཚོ་བའི་ལམ་ཡིག་བཟོས་ཟིན་པས། ང་ཚོར་ལམ་ཁ་འདིར་ཤར་བསྐྱོད་བྱ་རྒྱུ་ལས་གང་ཡང་ལྷག་མེད། ཟེར་གྱི་ཡོད་ཀྱང་། དོན་ངོ་མ་ནི། གོང་དུ་བཤད་པའི་དཔེ་མཚོན་དེ་དག་གིས་ཉམས་མྱོང་དང་དོན་དངོས་གཉིས་ཀའི་ཐོག་ནས་ཐོབ་ཐང་ག་རེ་རྩོད་ཀྱང་ཐོབ་རྒྱུ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་པ་ར་འཕྲོད་བྱུང་ཡོད། ཡང་། རྒྱ་ནག་ལ་ཐོབ་ཐང་རྩོད་རྒྱུ་ནི་ལས་སླ་པོ་མིན་པ་དང་རྩ་ཁྲིམས་དང་བཅའ་སྒྲིག་ལ་འབྲེལ་བ་མེད་པ་ཞིག་ཡིན་པའི་གོ་རྟོགས་ཡོང་བ་བྱས་ཏེ་གཞི་ནས་བོད་ཀྱི་འཐབ་རྩོད་ལ་བསམ་བློ་གཏོང་དགོས་ཀྱི་འདུག ད་ལྟའི་རྒྱ་ནག་གི་དབུས་ས་གཉིས་ཀྱི་གཞུང་དེ་ཁྲིམས་དང་ལུགས་ལ་བརྩི་བཀུར་མེད་པའི་གནས་ཚད་དུ་གྱུར་ཡོད།
གལ་ཏེ་རྩོད་ན། ཝང་ལི་ཞུང་གིས་བཤད་པ་ལྟར་གྲོང་སྡེའི་རང་སྐྱོང་ནས་རིམ་པར་སློབ་སྦྱོང་དང་ཤེས་ཡོན་གྱིས་རྩོད་དགོས་ཟེར་མོད། གནས་སྐབས་ལམ་ཁ་དེ་མེད་པར་མཐོང་གི་ཡོད་པ་དང་བོད་ཀྱི་མི་རབས་གསར་པ་རིག་གནས་ཅན་གྱིས་རྒྱ་ནག་གི་རྩ་ཁྲིམས་ལ་དྲི་བས་ནག་འདེད་བྱ་རྒྱུ་ཕར་ཞོགས། ཁྲིམས་རྩོད་བྱ་སའི་ཉེ་འཁོར་དུའང་སླེབས་མི་ཐུབ་པ་ཚང་མས་ཤེས་ཡོད་པ་རེད། ཅེས་ཤུགས་ཆེན་པོར་གླེང་གིན་ཡོད་པ་འདྲ།
ཡང་། རྒྱ་ནག་དམར་ཤོག་མའོ་ཤོག་ཁག་གིས་རྒྱ་ནག་གོང་མིན་ཏང་ཕྱིར་སྐྲོད་བྱས་པའི་རྗེས། བོད་ཀྱི་ཐོག་ཀླད་པས་ཇུས་སྒྲིག་མི་ཉུང་བ་ཞིག་ལམ་འགྲོ་རྒྱུག་ཡོད་ཅིང་བོད་རྒྱ་ནག་གི་མངའ་ཁོངས་སུ་སྒྱུར་བའི་ལས་དོན་ལམ་ལྷོང་ཡོང་རྒྱུར་ཐེ་ཚོམ་མེད་པ་ཞིག་ཏུ་ཚོད་དཔག་བྱེད་བཞིན་པའི་སྒང་ཡིན། དེ་ནི་བཙན་བྱོལ་ནང་བོད་གཞུང་ཞེས་པའི་ཚིག་དེ་ཕྱིར་བསྡུ་བྱེད་དང་མི་བྱེད་ཅེས་པའི་གླེང་སློང་ཤུགས་ཆེར་ཡོང་བཞིན་པའི་སྐབས་ཤིག་ལ། རྒྱ་ནག་ནས། བོད་ཀྱི་རྒྱལ་དར་ཞེས་པ་མི་རིགས་ཀྱི་དར་ཆའི་ངོ་བོར་ཁས་ལེན་རྒྱུ་དང་བོད་ཀྱི་རྒྱལ་གླུ་ཞེས་པ་མི་རིགས་ཀྱི་ཞེ་གླུ་ཞེས་པ་ཡོངས་གྲགས་ཀྱིས་རྒྱལ་ཕྱི་ནང་དུ་ཁྱབ་སྤེལ་ཤུགས་ཆེར་བྱ་དགོས། ལས་རྩོལ་དེ་ནས་ཏཱ་ལའི་ཁ་བྲལ་བར་འཐབ་པའི་རྒྱལ་ཁ་ཡག་ཤོས་དེ་ཐོབ་ངེས་དང་། དེ་ནས་བཟུང་བོད་ཀྱི་རྙོག་གླེང་འཇུག་སྒྲིལ་ཐུབ། བོད་མི་རིགས་ཀྱི་སེམས་པ་བཀུག་ཐུབ་པ་དང་ཏཱ་ལའི་ཚོ་ཁག་རྦད་དེ་རྒྱང་ཐང་རིང་དུ་གཏོང་ཐུབ་ངེས་རེད་ཅེས་བཤད་མྱོང་། ཨ་ཅང་ཅང་།
ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཁྲེན་ཆོན་གོ་ཡིས། “བོད་ནང་ཕྱིའི་དཔུང་ཤུགས་དང་། ཏཱ་ལའི་རུ་ཚོགས་ཀྱི་སྒྲ་གཟུགས་ཙམ་ཡང་མཐོང་ཐོས་མེད་པ་བཟོ་རྒྱུ་ཡིན།” ཞེས་བཤད་ཞོར་། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་བོད་ལྗོངས་འཕྲིན་དྲ་ཞེས་པ་ཞིག་ཁ་ཕྱེ་ཡོད་པ་དང་དྲ་བའི་གཙོ་ངོས་སུ་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་བོད་ནང་ཡོངས་སུ་བཀག་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཞག་ཡོད། འཕྲིན་དྲ་གསར་པ་དེ་ནི། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་གསར་དུ་སྒོ་ཕྱེ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་འགན་བཟུང་མི་སྣས་ལྟ་ཞིབ་ཀྱིས་ཆོག་མཆན་ཐོབ་པའི་གཞུང་འབྲེལ་བརྒྱུད་ལམ་ཞིག་ཡིན། ཡང་། ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ཞེས་པའི་མིང་ཚིག་བེད་སྤྱོད་གཏོང་བཞིན་པ་དེ། རིམ་གྱིས་རྒྱལ་ཕྱི་ནང་གང་སར་མེད་པར་བཟོ་ཐུབ་ཚེ། དེ་གཉིས་ཀྱི་མཚོན་དོན་དང་ནང་དོན་ལ་འགྱུར་བ་གང་ཡང་གཏོང་དགོོས་མེད་པ་དང་བོད་གཞུང་ཞེས་པའི་ཚིག་དེ་ཕྱིར་གྱེར་བ་ཁོ་རང་ཚོས་ཕྱིར་བསྡུ་བྱ་ངེས་རེད། ཅེས་ལོ་འགའི་སྔོན་ནས་ཚོད་དཔག་བྱས་འདུག
རྒྱ་ཡིས། བོད་རྒྱལ་ཁབ་ཀྱི་མཚོན་དོན་གཙོ་བོའི་གྲས་ནི། གཞུང་། རྒྱལ་གླུ། རྒྱལ་དར། རྒྱལ་དངུལ། རྒྱལ་འབངས་བཅས་རེད། དང་པོ་གསུམ་དེ་མེད་པར་བྱས་ཚེ་རྒྱལ་དངུལ་དང་རྒྱལ་འབངས་ནི་ཞོར་ལས་ཤིག་རེད་བསམ་པ་རེད། ཡང་། བོད་ཀྱི་རྒྱལ་གླུ་དང་བོད་ཀྱི་རྒྱལ་དར་གཉིས་མིང་བྱང་ངམ་ཕྱི་ཤུན་གསར་པ་ཞིག་གི་འོག་རྒྱལ་ནང་དུ་ཕྱིར་འདྲེན་བྱ་རྒྱུ་དང་། དེ་ནས་བཟུང་མི་རབས་གསར་པའི་ཀླད་པར་བོད་མི་རིགས་ཀྱི་དར་ཆ་དང་མི་རིགས་ཀྱི་ཞེ་གླུ་ཞེས་པའི་མིང་ཚིག་གཉིས་རྒྱུན་འཇགས་བྱེད་འགོ་ཚུགས་དགོས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་དར་ཞེས་ཏཱ་ལའི་ལོག་སྤྱོད་པས་ལོག་འགྲེལ་ཙམ་ལས་དེ་གཉིས་ཀྱི་ནང་དོན་དང་ཚིག་རིས་སོགས་སུ་མེས་རྒྱལ་གྱི་ནང་ཁུལ་མི་རིགས་ཆུང་ཁག་ཅིག་གིས་རྣམ་པ་ཙམ་ལས་བོད་རང་བཙན་གྱི་མཚོན་དོན་གཅིག་ཀྱང་ཡོད་མ་རེད། ཅེས་བཤད། དེར་བརྟེན་རྒྱའི་སྐད་ཆ་དང་སྲིད་ཇུས་ནི་གཏིང་ཟབ་པོ་དང་གདིང་གནག་པོ་ཞིག་ཡིན་པའི་ཚོར་བ་དེ་བོད་ནང་དུ་ཧ་ལས་པའི་ཤུགས་ཆེན་པོ་འདུག་ཟེར།
དངོས་ནས་འབྲི་ཤེས་ཀི་མི་འདུག དགོངས་དག སུན་གི
“རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་གློ་བུར་དྲན་མེད་དུ་བརྒྱལ་བ། ཞབས་ཐང་ཐང་མེད་པས་རྐུབ་སྟེགས་ཐོག་དྲུད་ནས་གདན་འདྲེན་ཞུ་དགོས་པ། བཀའ་མོལ་གནང་དུས་སྐུ་གཟུགས་འདར་གསིག་རྒྱག་པ་སོགས་གནས་ཚུལ་ཛ་དྲག་ཅན་དུ་གྱུར་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་དེ་ཙམ་རེད།” ཅེས་པ་བདེན་པ་ཡིན་ན། རིན་པོ་ཆེ་དགོངས་ལོ་ཇི་ཙམ་ཡིན་པ་ཤེས་ཀྱང་། ཁོང་གི་ཀླད་པ་དཀྲུགས་པ་ལས་དེ་ལྟར་བྱང་། དགོངས་ལོ་གཞོན་པ་ཡིན་ན། ཤ་ཚིལ་ཅན་དང་། སྣུམ་རྩི། མངར་ཆའི་རིགས་མ་བཞེས་ན། མྱུར་དུ་རིམ་པས་སྐུ་དཀྱིལ་དྭངས་གསལ་དུ་འགྱུར་བར་ཡིད་སྨོན་ཞུ་བ་ལས་གཞན་བྱེད་ཐབས་མེད་པ་ལྟ་བུའོ།
རིན་པོ་ཆེ་དགོངས་ལོ་ཇི་ཙམ་ཡིན་པ་ཤེས་ཀྱང་། ཞེས་པ་དེ། རིན་པོ་ཆེ་དགོངས་ལོ་ཇི་ཙམ་ཡིན་པ་མ་ཤེས་ཀྱང་། ཞེས་ཞུས་དག་བྱས།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མགྱོགས་ནས་མྱུར་ཏུ་རང་དབང་འཐོབ་པར་ཤོག