ད་ཡང་གྲྭ་ལོག་བན་ལོག་འདི་ཚོས་མི་རང་འདུག་རང་ང་འདུག་གི་མི་འཇུག་གི འདིར་ལན་ཞིག་མ་བྲིས་ན་འགྲིགས་མ་ཐེ།
མི་རིགས་གཞན་པ་མང་པོ་ཞིག་གི་སྐད་དེ་ཡི་གེའི་ནང་ཇི་མ་ཇི་བཞིན་འབྲི་རྒྱུ་ཡོད་པར་མཐོང་། དེའི་རྒྱུ་མཚན་ཡང་ཁོ་ཚོའི་ཡི་གེ་དེ་དུས་རིང་མོ་ཞིག་ནས་བཟུང་ཡོངས་ཁྱབ་ཀྱིས་སྤྱི་ཚོགས་ནང་བཀོལ་སྤྱོད་བྱས་ནས་ཡོང་བས་རེད། སྤྱིར་ཡི་གེ་ཟེར་བ་འདིའི་ཕ་ཁུངས་མ་ཁུངས་དེད་ན་ཁ་སྐད་ལ་ཐུག་བསྡད་ཡོད་པ་རེད། དེས་ན་ཁ་སྐད་ཟེར་བ་འདི་འགངས་ཆེན་པོ་ཞེ་དྲག་ཡིན་པ་རེད། ཁ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་ཡང་གཅིག་ཁ་ནས་བརྗོད་རྒྱུ་ཞིག་དང་། ཅིག་ཤོས་དེ་ཁ་ནས་བརྗོད་པ་དེ་རི་མོའི་ལམ་དུ་བཀོད་པའི་ཁྱད་པར་ཙམ་རེད། ད་བར་ཁ་ནས་བཤད་པ་ཚང་མ་ཡི་གེའི་ལམ་བཀོད་ཐུབ་པ་བྱུང་ཡོད་ན་ད་ལྟའི་ཁ་སྐད་དང་ཡིག་སྐད་ཟེར་བ་འདི་བྱུང་མེད་པ་རེད།
ང་ཚོའི་ཡི་གེ་དེ་ད་བར་གཙོ་ཆེ་བ་ཆོས་ལུགས་ཤིག་གི་ཁྱབ་ཁོངས་ནང་བཀོལ་སྤྱོད་རྒྱ་ཆེན་པོ་དང་གཏིང་ཟབ་པོའི་ངང་བྱས་ཡོང་བ་ལས་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་མ་ཐུབ་པར་བརྟེན་ཁ་སྐད་ཅིག་དང་ཡིག་སྐད་ཅིག་གཉིས་བྱུང་བ་རེད། ཡང་ཆོས་ལུགས་ཁོ་ནའི་ཁྱབ་ཁོངས་མ་གཏོགས་བེད་སྤྱོད་བཏང་མེད་ཟེར་ན་ཅུང་མ་འགྲིགས་པ་རེད། གེ་སར་གྱི་སྒྲུང་། ངག་རྒྱུན་གྱི་སྒྲུང་ཡི་གེར་བཀོད་པ། གཏམ་དཔེ། དམངས་གཞས་དེ་འདྲ་ཁ་སྐད་དང་མཐུན་པའམ། ཡང་ན་ཁ་སྐད་དང་མཐུན་ཅི་ཐུབ་ཀྱིས་བྲིས་འདུག གཞན་ཆོས་ཀྱི་ནང་དུའང་ཁ་སྐད་དང་མཐུན་ཅི་ཐུབ་ཀྱིས་བྲིས་ཡོད་པ་དེ་འདྲ་མཇལ་རྒྱུ་འདུག
ད་ལྟ་བར་གཙོ་ཆེ་བ་ཆོས་ཀྱི་ནང་བེད་སྤྱོད་བཏང་ཡོང་བའི་ཡི་གེ་འདི་ཉེ་རབས་ཤིག་ནས་སྤྱི་ཚོགས་ནང་བེད་སྤྱོད་གཏོང་རྒྱུར་རྒྱ་ཆེ་རུ་ཆགས་པ་དང་བསྟུན་ང་ཚོར་དཀའ་ངལ་གསར་པ་མང་པོ་ཞིག་ལ་འཕྲད་ཡོང་པ་རེད།
དེ་ལས་གཅིག་ནི་རང་སྐད་དུ་ཡོད་པའི་བྱ་ཚིག་དང་མིང་ཚིག་སོགས་ནང་དོན་ཕུན་སུམ་ཚོགས་ལ་ལྗིད་ཁོག་ལྡན་པ་མང་པོ་ཞིག་ཡི་གེའི་ནང་འབྲི་རྒྱུན་མེད་པ་དེ་རེད། སྙན་ངག་པ་ཞིག་ཡིན་ན་ཡང་ཡིག་སྐད་གྱོང་པོ་རེ་དང་མངོན་བརྗོད་དང་བརྡ་རྙིང་སོགས་གང་མཁྲེགས་མཁྲེགས་རེ་ལ་འཇུས་ནས། སྐད་ཆའི་སྒྱུ་རྩལ་གྱི་བང་མཛོད་དེ་ཁ་སྐད་མར་དཀར་གྱི་སྤོ་ལོ་ལྟ་བུ་དེ་ཚོ་སྣང་མེད་དུ་བཞག་པས་སྙན་ངག་སྐལ་ངན་དུ་བྱས་པ་ཡང་ཡང་མཐོང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ཡང་ལྷ་སའི་དམངས་གཞས་དང་མཐུན་པར་བྲིས་པའི་ཆ་ནས་དེ་ལ་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། དེའི་རོ་ཉམས་དེའང་གཙོ་བོ་སྐད་ཆའི་སྒྱུ་རྩལ་ལ་ཐུག་ཡོད་པ་རེད། གལ་སྲིད་དེའི་ནང་གི་བརྗོད་བྱ་དེ་ཚོ་དོན་རྒྱན་གྱིས་སྤྲས་ཏེ་བྲིས་ཡོད་ན་ཚིག་སྦྱོར་སྙན་པོ་ཙམ་ཡོང་ཡོད་ན་ལས་རོ་ཉམས་དེ་ལྟ་བུ་ཞིག་ཐོན་མེད་པ་རེད།
ཡང་ངས་ཡིག་སྐད་ཟེར་ན་འདོར་དགོས་པ་རེད་ཟེར་གྱི་མེད། ད་ལྟའི་ཡིག་སྐད་འདི་ཐོག་མར་ཁ་སྐད་ཀྱི་རྨང་གཞིའི་ཐོག་ནས་བཟོས་པ་དང་། དེ་ཡང་ལུང་སྐད་མི་འདྲ་བ་དུ་མ་ཡོད་པ་རྣམས་གཅིག་གྱུར་བྱེད་པའི་གཞི་འཛིན་ས་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་བས་ཡིག་སྐད་འདི་གཞི་རྕར་བཟུང་ནས་ཁ་སྐད་ནང་ལྷག་བསྡད་ཡོད་པ་དག་ཡི་གེའི་ནང་འབྲི་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་། དེ་ལྟར་བྱས་ཡོང་ན་ཁ་སྐད་དང་ཡིག་སྐད་ཀྱི་སྟོང་ཆ་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད། ཡི་གེ་ཁ་སྐད་ལྟར་འབྲི་དགོས་པ་རེད་ཟེར་བའི་སྐད་ཆ་དེར་ང་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་། ད་ལྟ་ལུང་ཚན་གྱི་སྐད་ཆ་མི་འདྲ་བ་རྣམས་གཅིག་གྱུར་བྱེད་པའི་གཞི་འཛིན་སར་གྱུར་བའི་ཡིག་སྐད་ལ་སྣང་མེད་ཀྱིས་ཁ་སང་ལ་ཁ་ས། དེ་རིང་ལ་ད་རིང་། འགྲོ་ལ་འགྱོ། གྲི་ལ་གྱི། དེ་འདྲ་ལ་དེ་འདྲས་ཞེས་བྲིས་ཡོང་ན་སྐད་ཡིག་གཅིག་གྱུར་ལ་གཏོར་བརླག་ཐེབས་ཀྱི་ཡོད་པ་རེད། དེ་ལན་པོ་ཞིག་ཏུ་མཐོང་གི་མི་འདུག
ཡང་དཀའ་ངལ་གཞན་པ་ཞིག་ནི། མི་རིགས་གཞན་པ་ཞིག་ལ་བོད་སྐད་ཁྲིད་རྒྱུ་དེ་རེད། བོད་སྤྱི་ཚོགས་ནང་ལ་མཚོན་ན་སྐད་ཤེས་མཁན་ཞིག་ནས་ཡི་གེ་སློབ་རྒྱུ་ཙམ་རེད། དེ་བས་དེ་ལ་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་ཡོད་པ་མི་མཐོང་། མི་རིགས་གཞན་པ་ཞིག་ནས་བོད་སྐད་སྦྱོང་གི་ཡིན་ལབ་དུས། འགའ་རེ་ནས་ཁ་སྐད་ཇི་མ་ཇི་བཞིན་གྲ་མ་ཆག གྲུ་མ་ཉམས་པར་སྦྱོང་དགོས་ཀྱི་ཡོད་རེད། དེ་འདྲའི་སྐབས་སུ་ཡང་དགེ་རྒན་རེ་རེས་དག་ཆ་མི་འདྲ་བ་རེ་བྲིས་ཡོང་གི་ཡོད་པ་རེད། དེ་འདྲས། དེ་འདྲའི། ཨེ་ནས། ཨིན་ནས། ག་རེ་ལབ་པས། ག་རེ་ལབ་པ ལྟ་བུ། ཡང་སྐད་ཆ་འགའ་རེ་ཡིག་ལམ་དུ་་འབྲི་མི་ཤེས་པ་དེ་འདྲ་ཡང་སེ་ཡོང་གི་འདུག ཁ་སྐད་རང་སློབ་ཁྲིད་བྱས་ཡོང་ན་གཅིག་གྱུར་གྱི་སྐད་དང་མི་མཐུན་པ་ཡོང་གི་ཡོད་ན་ཡང་དེ་འདྲའི་སྐབས་དམིགས་བསལ་རེད་སྙམ། སྐད་སློབ་སྦྱོང་བྱེད་སྟངས་ལ་བརྟེན་ནས། ཨམ་སྐད་དྭངས་མ། ཁམས་སྐད་དྭངས་མ། ལྷ་སའི་སྐད་དྭངས་མ་ཤོད་མཁན་གྱི་ཕྱི་རྒྱལ་བ་དེ་འདྲ་ཐུག་རྒྱུ་འདུག རྣ་བར་སྙན་ཞིང་ཡིད་ལ་དང་བ་སྟེར་བ་ཞིག་རེད། ཡང་དགེ་རྒན་འགའ་རེས་ཡིག་སྐད་རང་གཞིར་བཞག་གིས་སློབ་ཁྲིད་བྱས་པར་བརྟེན། ང་ཇོ་ཁང་ལ་འགྲོ་གི་ཡིན་ཟེར་བ་ལྟ་བུ་སྐད་ཀྱི་འགྲོས་དང་མི་མཐུན་པའི་ཡིག་སྐད་རང་རྒྱབ་ཡོང་ན། ར་མ་ལུག་ཁྱུར་མ་ཚུད་པ་ལྟ་བུའི་ཁྱད་མཚར་པོ་ཞིག་འདུག ཁོ་རང་ཚོས་ཀྱང་གཞན་གྱིས་ཁ་ནས་རྗོད་བཞིན་པའི་སྐད་ཆ་དང་མི་མཐུན་པ་ཤེས་ནས་དེ་ལ་དགའ་བོ་བྱེད་ཀྱི་མི་འདུག
བོད་ཀྱི་དེང་རབས་སྐད་དང་སྲོལ་རྒྱུན་སྐད་ཟེར་བ་དེ་དབྱིན་ཡིག་ནང་འབྲི་བཞིན་པའི་ཚིག་ཅིག་ཡིན་པས་དེ་ལ་ང་ཚོས་བྱུས་གཏོགས་བྱེད་དགོས་དོན་མེད་པ་ལྟ་བུ་ཞིག་ཏུ་མཐོང་ཡང་། ཡང་བོད་སྐད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རང་གི་བསམ་ཚུལ་བརྗོད་ན་མ་འགྲིགས་པ་ཇི་ལ་ཡོད། དེང་རབས་བོད་སྐད་ཟེར་བ་དེ་ལྷ་སའི་ཁ་སྐད་དང་། སྲོལ་རྒྱུན་བོད་སྐད་ཟེར་བ་དེ་བོད་ཀྱི་ཡིག་སྐད་ལ་གོ་ཡི་ཡོད་པ་འདྲ། གལ་སྲིད་ངས་ཁ་སྐད་སྦྱོང་དེབ་དེ་དག་ལ་མིང་ཞིག་འདོགས་དགོས་ན། ལྷ་སའི་ཁ་སྐད། ཨ་མདོའི་ཁ་སྐད། ཁམས་ཀྱི་ཁ་སྐད་ཅེས་པའམ་ཡང་ན་དེ་དང་འདྲ་མཚུངས་ཤིག་འདོགས་ས་རེད།
མདོར་དེད་ན། སྲོལ་རྒྱུན་སྲོལ་རྒྱུན་ཟེར་བ་དེ་བོད་སྐད་གཙང་མ་དེ་མིན་པར་ཡིག་སྐད་དེ་བོད་སྐད་ཆ་མི་ཚང་བ་དེ་རེད། ཡང་ཅིག་ཤོས་དེ་བོད་སྐད་ཡ་མ་ཟུང་དེ་མིན་པར་ལུང་ཚན་བྱེགབྲག་པ་ཞིག་གི་སྐད་དྭངས་མ་དེ་རེད།
མདའ་ཚན་པས་འདིར་གསུངས་པ་ཕལ་ཆེར་ལ་མོས་མཐུན་ཡོད། ཁ་སང་ངས་བོད་ནང་གི་དྲ་རྒྱ་བོད་ཡིག་གླེང་སྟེགས་ཟེར་བ་དེ་ལ་འཁྱུག་ཙམ་བལྟས་པ་ཡིན། དེར་ཡང་སྤྱི་སྐད་དགོས་ཞེས་ངར་ལངས་ནས་བསྡད་འདུག མ་ཟད། སྤྱི་སྐད་ལ་ཡིག་སྐད་འཇོག་གམ་དབུས་སྐད། ཡང་མིན་ན། འབྲོག་སྐད་འཇོག་སོགས་འོས་ཤོག་བསྡུ་གིན་འདུག ང་སྙིང་ན་བྱུང་། ངས། བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་འདི་ཁ་ཆ་ཇེ་ཚང་ལ་གཏོང་དགོས་ཞེས་བསམ་ཚུལ་ཞིག་བྲིས་པ་ཡིན། གང་ལྟར། སྲོལ་རྒྱུན་གྱི་སྐད་ཡིག་དང་དེང་རབས་ཀྱི་སྐད་ཡིག་ཅེས་བོད་སྐད་ལ་དབྱེ་བ་ཕྱེས་པ་འདི་དོན་ལ་བབས་མི་འདུག་ཅེས་ལབ་ཀྱི་ཡོད། བོད་ཀྱི་སྐད་ཡིག་ལ་ classical ཟེར་བ་འདི་སྦྱར་ན། ཁྱི་ཡི་མ་མགལ་དང་ལུག་གི་ཡ་མགལ་སྦྱར་བ་དང་འདྲ་འདུག་བསམས་བྱུང་།
ཀློག་ཙམ་ལས་དུས་ཚོད་མ་བྱུང་དགོང་དྲོ་གླེང་ཆོག སྲོལ་རྒྱུན་གྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་མི་རབས་སོགས་དགོད་གཏམ་སྐོར་གླེང་འདུན་ཆེ། བོད་ཀྱི་ཤེས་ཡོན་པ་ཚོ་སྙིང་མཇེ།་་་་་་་་་་་་་་་་་་་་་་་་
ཡིག་སྐད་ནི་ཁ་སྐད་ལས་སྐྱེས་པ་དང་། ཁ་སྐད་ནི་ཡིག་སྐད་ཀྱི་ཨ་མ་ཡིན་པས་གལ་སྲིད་ཁ་སྐད་མ་དར་སྔོན་ལ་ཡིག་སྐད་ཅིག་བཟོ་མི་ཐུབ་པ་བཤད་མ་དགོས་པ་རེད། ཁ་སྐད་ནི་ཡིག་སྐད་ལས་ཀྱང་བེད་སྤྱོད་མང་བ་དང་དགོས་མཁོ་ཆེ་བ་མ་ཟད་ཚོར་བའང་ཟབ་མོ་རེད། ཁ་སྐད་རྨང་གཞིར་བཏིང་ན་ཡིག་སྐད་རྒྱ་ཆེ་གཏིང་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཨེ་ཐུབ་ལ་འབད་དགོས་པ་ལས། ཡིག་སྐད་ལ་ལྟོས་ནས་ཁ་སྐད་དོར་གང་ཐུབ་བྱེད་པ་ནི་སྐད་ཡིག་གི་རྩ་བར་གཏོར་བརླག་གི་བྱ་བ་རྣམ་རྟོག་ལངས་སྤྱད་ཅིག་ལས་ཕན་ཐོགས་ཅན་ཞིག་མ་རེད།
དེའི་ཕྱིར། སྡེབ་ལེགས་ཚིག་སྦྱོར་སྙན་དངགས་ལུས་མཛེས་ལ༎ རྒྱན་མངས་མདངས་ཀྱིས་ཇི་ལྟར་བཀྲ་ན་ཡང་༎ གྲོང་ཚིག་གཅིག་གིས་སྙན་དངགས་སྐལ་ངན་བྱེད༎ རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ༎ ཞེས་པ་མི་འཐད་དེ། དེ་ནི་དེ་ལྟར་བརྗོད་མཁན་རང་ཉིད་ལ་མཚོན་ན་དགོན་པའི་ནང་གི་གྲྭ་བ་དང་བླ་མ་ཚོས་ཡིག་སྐད་དེ་རྒྱུན་སྤྱོད་བྱེད་ཀྱི་ཡོད་པ་དང་། ཁོ་ཚོ་ལ་མཚོན་ན་ཡིག་སྐད་དེ་རྒྱུན་སྤྱོད་ཀྱི་ཁ་སྐད་ཆགས་ཡོད་པའི་དབང་གིས་ཚོར་སྣང་དེ་ལྟར་བྱུང་དང་། རང་ཉིད་འདུག་སའི་འཁོར་ཡུག་ནང་གི་ཁ་སྐད་དེ་འཁོར་ཡུག་གཞན་པའི་ནང་རྒྱུན་སྤྱོད་བྱེད་བཞིན་པའི་ཁ་སྐད་ལས་མཆོག་ཏུ་བརྩི་བ་དང་། དགོན་པའི་ཕྱི་ལོག་གི་ཡུལ་སྐད་དམ་གཞི་རྒྱ་ཆེ་བའི་དམངས་ཚོགས་ཀྱི་རྒྱུན་སྤྱོད་ཁ་སྐད་ལ་གྲོང་སྐད་ཟེར་ནས་སྣང་ཆུང་དང་དགོས་མེད་དོར་ཆོག་ཅིག་ཏུ་བརྩི་བ་ནི་སྐད་ཡིག་འཕེལ་རིམ་གྱི་ལོ་རྒྱུས་ལ་དགོངས་པ་མ་བཞེས་པའི་ནོར་འཁྲུལ་དང་ རང་ལྟ་མཆོག་འཛིན་གྱི་བསམ་ཚུལ་ཉི་ཚེ་བ་ཞིག་ཡིན་པ་མ་ཟད། དེ་ནི་གཞན་གྱི་དགའ་མོས་དང་གོམས་གཤིས་ལ་མ་བསམ་པའི་སྣང་ཆུང་ཁྱད་གསོད་བྱས་པ་ཞིག་ཀྱང་མ་རེད་དམ།
རྒྱ་མིས་བོད་སྐད་ལ་མཐོང་ཆུང་དང་བེད་མེད་དུ་བརྩི་བཞིན་པའང་རྒྱུ་མཚན་རྒྱུ་འདི་ལ་ཐུག་པ་རེད། རྒྱ་ཡིག་དང་རྒྱ་སྐད་ནི་བོད་ཡིག་དང་བོད་སྐད་ལས་རྩ་ཆེན་པོར་བརྩི་བའང་གཙོ་བོ་རང་ཉིད་གོམས་འདྲེས་ཡོད་མེད་ཀྱི་ཐོག་ནས་ཐག་བཅད་པ་ལས་དྲང་བདེན་མ་ཡིན་ཏེ། དཔེར་ན། བོད་སྐད་ལ་གཅིག་ལབ་དང་། རྒྱ་སྐད་ལ་ཡེས་ལབ་པ་གཉིས་ལ་གོ་དོན་གྱི་ཟབ་ཁྱད་དང་སྙན་མིན་གྱི་དབྱེ་བ་ཞིག་འདུག་གམ།
ད་དུང་བོད་ལ་སྤྱི་སྐད་བཟོ་གི་ཟེར་ནས། ཆོལ་ཁ་གསུམ་གྱི་ཁ་སྐད་གང་འདམས་ན་ཡག་པོ་རེད་ཟེར་བ་གོ་ན་སེམས་པ་སྡུག་ནས་མིག་ཆུ་ལྷུང་ཡོང་གི་འདུག དེ་འདྲའི་བློ་ཆུང་རྐྱང་གིས་སྤྱི་སྐད་ཅིག་བཟོ་ཐུབ་རྒྱུ་རེད་དམ། སྤྱི་སྐད་མཁོ་ན་ང་ཚོས་བོད་སྐད་ཧྲིལ་བོར་གོམས་འདྲིས་དང་སློབ་སྦྱོང་བྱེད་གོས་པ་ལས། སུམ་ཆ་གཉིས་དོར་ནས་གཅིག་བཟོ་བོ་འདོད་ནི་སྐད་ཡིག་གུ་དོག་ཏུ་གཏོང་རྒྱུའི་གླེན་རྟགས་ཤིག་ལས་སྤྱི་ཕན་གྱི་མཁས་རྟགས་ཤིག་ཏུ་མ་ཚོར། སྐད་གདངས་དང་ཚིག་འགྲོས་ཀྱི་ཉམས་འགྱུར་འདྲ་མིན་རྣམ་པ་སྣ་ཚོགས་ཀྱིས་ཕུན་སུམ་ཚོགས་ཤིང་མཛེས་པར་སྤྲས་པའི་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་ཧྲིལ་བོ་དེ་ལ་བོད་ཀྱི་སྐད་ཡིག་ཞེས་འབོད་པ་ལས་་་་་་་་་་་་་་་་་་་། ཆོལ་ཁ་སོ་སོའི་ཡུལ་སྐད་དེ་བོད་སྐད་ཧྲིལ་བོའི་ཁ་བྲལ་ཐབས་མེད་པའི་ལྷུ་ལག་གལ་ཆེན་རེ་རེ་མ་ཡིན་ནམ།
དཔེར་ན། ཅོག་ཙེ་གཅིག་གི་ཐོག་གི་ཟས་རིགས་ཤིག་ལ་དཔེ་བཞག་ནའང་རིགས་དང་ཁ་ཏོག་དང་བྲོ་བ་མི་འདྲ་བ་ག་ཚོད་མང་ན་དེ་ཚོད་ཀྱིས་མཛེས་སྣང་དང་ལོངས་སྤྱོད་ཆེ་བ་མི་འདུག་གམ། བག་ལེབ་གཅིག་ལས་འདམས་ཀ་མེད་ཚེ་འུ་ཐུག་ན་མ་གཏོགས་ཟ་འདོད་ཀྱི་སྤྲོ་སྣང་རྙེད་མི་སྲིད་་་་་་་་་་་།
དབུགས་ཐེངས་གཅིག་ལ་མ་ནི་བརྒྱ་འདོན་མི་ཐུ བ་པས་རྗེས་སུ་ཁམས་དང་བསྟུན་ནས་འབྲི་འདོད་མིན་ལྟ་ཆོག
ང་ལ་ཁོངས་བཅོལ་སའི་དག་ཡིག་སོགས་མེད་པས་ནོར་སྲིད། གང་ལྟར་བོད་མི་ཚོས་ཞེ་ས་ཟེར་ནས་ཡག་པོ་དང་རྩ་ཆེན་པོ་བརྩི་བཞིན་པ་འདིའང་བསམ་བློ་བཏང་ན་ཡག་པོ་ཞིག་མིན་པ་འདྲ། ཞེད་སྣང་བྱེད་དགོས་སའི་མི་ཞིག་ལ་མི་ཕོག་ཆེད་གཟབ་གཟབ་དང་འཇམ་པོའི་ངང་མགོ་དང་སྐད་དམའ་བོ་བྱས་ནས་བཤད་དགོས་པའི་ངོ་དགའི་སྐད་ཆ་ཞིག་ལ་ཞེ་ས་ཟེར་བ་འདྲ། ཡང་སྙང་ཞེད་ས་དང་ཞེ་ས་དོད་གཅིག་ཡིན་པ་དང་། མྱི་ཞེད་ས་ཞིག་ལ་བཤད་རྒྱུའི་སྐད་ཆ་ལའང་ཞེ་ས་ཞེས་བཏགས་པ་རེད་དམ། ཞེ་ས་ནི་རྗེས་གྲུབ་ཀྱི་ཚིག་ཅིག་ཡིན་འདུག་པས་དག་ཡིག་ནང་འགྲེལ་བ་ག་རེ་བྲིས་འདུག་གམ།
སྔོན་མ་ལྷ་སར་སྐུ་དྲག་ཞེད་ས་མང་པོ་ཡོད་སྟབས་ཞེ་ས་ཆེ་བ་ཨེ་ཡིན་ནམ།
ཞེ་ས་ལ་དོན་དག་གཉིས་ཡོད་པ་རེད། དོན་དག་དང་པོ་ནི་རླབས་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ལ་འདྲ་མཉམ་གྱི་མིང་གིས་འབོད་མ་ཕོད་པར་དེ་ལ་གུས་བཀུར་གྱི་ཆེད་བརྗོད་པའི་སྐད་ཆ་ཞིག་རེད། ཡང་དོན་དག་གཞན་པ་ཞིག་ནི་མི་གང་ཞིག་ནས་རང་ཉིད་ཀྱི་འདོད་དོན་ཞིག་འགྲུབ་པའི་ཆེད་རེ་ཡུལ་དེ་ལ་ཁ་ཡག་ངོ་བསྟོད་དང་སྤྲེལ་ལད་འཁྲབ་པ་ཞིག་ལ་ཟེར། ཞེ་ས་ནི་མཆིང་བུའི་རྒྱན་ཆ་ལྟ་བུ་ཞིག་ཡིན། ཆེས་མི་ཟོག་པོ་རྣམས་ཀྱིས་དེ་རྒྱན་ཆ་ངོ་མ་ལྟ་བུར་འདོགས་རྒྱུར་དགའ་བོ་བྱེད་ཀྱི་ཡོད་པ་རེད། ཡང་ཞེ་ས་ནི་མི་རང་འདོད་ཁོག་བཅངས་བྱེད་མཁན་མང་པོ་ཞིག་གི་ཁ་ནས་གཏོར་བའི་ཁ་ཆུ་ཡིན། གལ་སྲིད་ཁྱེད་ཀྱིས་འདྲ་མཉམ་ཟེར་བའི་ཚིག་འདིར་ལྡོག་ཕྱོགས་ཀྱི་ཚིག་ཅིག་འཚོལ་གྱི་ཡིན་ན་ཞེ་ས་ལས་གཞན་རྙེད་དུ་མེད།
ངས་ཞེ་ས་ཞེས་པ་ཞེད་ས་བྱུང་བ་མིན་འགྲོ་བསམ་གྱིན་འདུག མི་སྣ་ཞེད་ས་ལ་བཤད་རྒྱུའི་སྐད་ཆར་ཞེ་ས་ཞེས་བརྗོད་ཡུལ་གྱི་མིང་དེ་བརྗོད་བྱེད་ཀྱི་ཚིག་ལ་བཏགས་པ་ཞིག་མི་འགྲོ་བསམ་གྱིན་འདུག
ནོར་བཅོས། ཞེ་ས་ནི་ཞེད་ས་ལས་བྱུང་བ་མིན་འགྲོ་བསམ་གྱིན་འདུག་་་་་་་་་་་་
ཞེ་ནི་སེམས་ཀྱི་དོན།
ཞེ་ས། གོ་ས། སེམས་ནང་གི་གོ་ས། འདི་ཚོར་འབྲེལ་བ་འདྲ་ཡོད་མེད་མི་ཤེས།
སྐབས་འདིའི་ཞེ་ས་ནི་སེམས་ཀྱིས་བརྩི་སའམ་ཡང་ན་ཞེ་ནས་སྐྲགས་སའི་དོན་གང་ཡིན་ཤེས་ཁག་པོ་འདུག ད
སེམས་ཀྱིས་བརྩི་ས་དེ་ཞེ་ནས་སྐྲག་སའང་ལོས་ཡིན། རང་གི་ཨ་ཕ་དང་རང་གི་བླ་མས་མཚོན།
ཞེ་ས་ནི་རྒྱལ་ཁབ་ཚང་མའི་སྐད་ནང་ཡོད་པའི་ཚིག་ཅིག་རེད། ཕན་ཚུན་བརྩི་འཇོག་དང་ཡང་ན་ཁ་ཡག་བཤད་རྒྱུར་བེད་སྤྱོད་གཏོང་གི་ཡོད་པ་རེད། བོད་ནང་མི་འདྲ་བ་ཞིག་ནི་མི་ལ་ཞེ་ས་བྱེད་པ་མ་ཟད་ཅ་ལག་ལའང་ཞེ་སའི་ཚིག་རེ་འདུག གསོལ་ཀྲུམ། གསོལ་ཇ། གཟིམས་ཁང་། ཕྱག་ལྷམ། དབུ་ཞྭ། ད་དངོས་ནས་བོད་འདི་ཞེ་བསམ་པའི་གཏི་ནས་བརྩི་འཇོག་གིས་ཕྱུག་པའི་མི་རིགས་ཤིག་རེད་ཟེར་རམ་ཡང་ན། ཁ་ཡག་ངོ་བསྟོད་ཁོ་ནའི་ཉོག་ཆུའི་སྟེང་གཡེང་བའི་བཅོས་མའི་མི་རིགས་ཤིག་རེད་ཟེར།