ལོ་མ་རྒྱལ།
མི་རྟག་ཆུ་བོའི་བཞུད་སྒྲ་མཚམས་ཆད་སྲ་མཁྲེགས་དར་གྱིས་རྫིག་རྫིག་མངོན།།
ཁྲིག་ཁྲིག་ཟིལ་བ་བ་མོས་འགེམས་པ་ཅེ་སྤྱང་ཁ་ལ་ལུ་གུ་འདྲ།།
དབྱར་ལ་རྔམ་པའི་ལམ་འགྲོ་བ་ཡི་ཁ་སྤུ་ཁ་ལ་ཆབ་རོམ་ཆགས།།
དར་གྱིས་བཟུང་བའི་ཁུ་སིམ་གྲོང་འདི་ཡི་གེ་གང་གི་ལམ་སྟོན་ཡིན།།
ཤོག་བུ་རྣམས་ནི་དར་གྱི་ཀློང་གི་རྡོ་བ་ནག་པོ་དེ་དང་འདྲ།།
ཐོད་ཀྱི་མིག་ལ་ཆུ་འཁྱགས་བླུགས་ནས་གོ་འབྱེད་རྫི་མ་མཁྲེགས་སེ་བསྡམས།།
སྨྱུག་བུའི་ཁ་ལ་བུ་ཡུག་བརྫངས་ནས་ཁྲག་གི་སྣག་ཆུ་དར་གྱིས་བཟུང་།།
གླེགས་བམ་ཁྲོད་ལ་མཚན་སྨག་བཏབས་པ་སློབ་དཔོན་སུ་ཡི་ཞལ་ཆེམས་ཡིན།།
ལམ་ན་རྡོ་ཡི་ཟུར་ཁ་རྣོ་ཞིང་མཐའ་ཡི་སྡོང་ཕྲུག་རྣམས་ནི་རེངས།།
རི་བོ་རྣམས་ཀྱིས་ཁ་བ་གོན་ནས་ངག་གི་གླུ་དབྱངས་སྔ་ནས་ཆད།།
རྒྱང་གི་ཉག་ག་སྨུག་ན་འདར་ཞིང་མདུན་གྱི་ལྷམ་སྣེར་བུ་ག་བཏོན།།
ལུག་ལ་ལྷས་ར་མེད་པ་ལུག་རྫི་སུ་ཡི་སེམས་ན་ཆུ་ལྟར་ཁོལ།།
གཤོག་པ་མང་པོ་གྲི་ཡིས་བཅད་དེ་ཐམས་ཅད་ལེབ་ལེབ་གྲུ་བཞི་བཟོ།།
ནམ་མཁའ་རྣམས་ནི་སྣོད་དུ་གཅུན་ནས་ཟ་ག་ཟུར་ཁ་རྡོ་ཡིས་བརྡུངས།།
དལ་འབབ་ཆུ་བོ་དར་གྱིས་བསྡམས་པ་ཞི་བདེར་རློམ་ཏེ་སྒྲ་བསྒྲགས་ན།།
བསིལ་འཇམ་རླུང་བུ་ལྷོད་ཀྱིས་ལྡིང་འདི་ཕྱི་ནང་གཉིས་ལ་ཇི་འདྲའི་མཛེས།།
གྲིམ་པའི་ཀློང་ནས་རྒྱ་ཁྱོན་ཀུན་ལ་ལག་སྙོབ་བྱས་ཏེ་བར་སྣང་བཙལ།།
དར་གྱིས་བཟུང་བའི་དགུན་གྱི་སྦུག་ནས་ལྷོད་པ་དབྱར་གྱི་གྲོང་ལ་སྙེག །
ལམ་བུ་འདི་ལ་རྡོ་བ་ཚེར་མ་དར་གྱིས་བཟུང་ཏེ་རྒོལ་ན་ཡང་།།
གསེར་གྱི་སྨྱུག་བུ་དགུང་ལ་ཀེར་ནས་འོད་ཀྱི་གནས་ལ་སྟོབས་ཀྱིས་བགྲོད།།
༢༠༡༣།༠༩།༣༠།