རྔ་བ་རྒྱལ་ཁམས་པ།
ལེའུ་ཉེར་གཅིག་པ།
ཉེ་བའི་ཆར་ཁྱིམ་ཚང་དེས་ང་ཚོ་ལས་མ་ལེ་གཅིག་ཡས་མས་ཀྱི་རི་མགོར། ཁང་བ་ཆེན་པོ་ཞིག་ཉོས་ནས། ཁང་རྙིང་དེ་བཙོང་རྒྱུ་ཞིག་བྱས་མོད། ཁོང་ཚོའི་བུས་ཨུ་ཚུགས་བརྒྱབ་སྟེ། ཁོ་བོ་ངའི་བུ་ལས་རྒྱང་ཐག་རིང་བོའི་སར་སྤོས་ན་མི་འདོད་ཅེས་སྨྲས་པར་བརྟེན། ཁང་བ་མ་བཙོང་བར་གཞན་ལ་བོག་མར་བཏང་། རྗེས་སོར་ཁོང་སླར་ཡང་འདིར་སྤོར་ཆོག་པའི་ཁས་ལེན་ཡང་བྱས་འདུག ཉིན་ཞིག་ཁོང་ཚང་གིས་ང་ཚོར་ཁ་པར་བཏང་སྟེ། ཁོང་གི་ཁང་བ་གསར་བ་དེར་བལྟ་རུ་ཤོག ཅེས་མགྲོན་འབོད་བྱས་པ་ལྟར། ང་ཚོའང་འགྲོ་རྒྱུའི་ཁ་ཆད་བྱས། ཁང་བ་དེ་ཡོད་སའི་ས་ཆ་ནི། ང་ཚོ་བསྡོད་ས་ལས་ཅུང་ཡར་རི་སྒང་ལ་འཛེགས་དགོས་པ་ཞིག་ཡིན། ངས་ནམ་རྒྱུན་བུ་ཁྲིད་ནས་རི་སྟེང་དེར་སྤྲོ་འཁྱམས་སུ་འགྲོ་བཞིན་ཡོད། འོན་ཀྱང་ངའི་གྲོགས་པོ་ཚང་གི་ཁང་བ་གང་ཞིག་ཏུ་ཡོད་མེད་གསལ་བོར་ཤེས་ཀྱི་མེད། ང་ཚོས་རླངས་འཁོར་བཏང་སྟེ་ཁོང་ཚང་གི་སར་སླེབས་ནས། ནང་དུ་འཛུལ་སྐབས། བུ་མོ་ཆུང་ཆུང་དེ་རྐུབ་སྟེགས་ཆུང་ངུ་ཞིག་གི་ཐོག་ཁ་ཕར་འཁོར་ནས་གཡོ་འགུལ་མེད་འཇམ་ཅག་གེར་བསྡད་འདུག
མོའི་ཕ་མ་གཉིས་ཀས་བཤད་པ་ལྟར་ན། ངའི་བུ་ཁོ་ཚོའི་བུར་ལྟ་སྐོར་དུ་ཡོང་གི་ཡོན་པར་བཤད་པས། མོ་འཕྲལ་དུ་ཁོང་ཁྲོ་ཟོས་ནས་བཀྲ་ཤིས་ང་ལ་ལྟ་སྐོར་དུ་ཡོང་གི་ཡོད་པ་མ་རེད་པས། ཁོས་ང་བློ་ཕམ་བཅུགས་སོང་ཞེས་གྱོད་འདུག་བྱས་ཡོད་པ་རེད་ཟེར། ང་ཚོ་ཚང་མ་དགོད་ཤོར། སྙིང་ཡང་རྗེ། ཕྲུ་གུ་ཆུང་ཆུང་ཚོ་དང་ཐག་ཉེ་རུ་བཅར་ན། ཁོང་ཚོ་ལའང་ཁོང་ཚོའི་སར་དཀའ་རྙོག་མང་བོ་ཞིག་ཡོད་པ་ཤེས་ཐུབ། བུ་མོ་དེ་ཅི་འདྲའི་སྙིང་རྗེ་བ་ལ། མོས་མིག་གཉིས་གཡས་སྐོར་གཡོན་སྐོར་བྱས་ནས་ང་ཚོ་ལ་ཟུར་གྱིས་བལྟ་བ་ལས་ཐད་ཀར་མི་བལྟ། ངས་མོའི་མིང་ནས་ཐེངས་ཤས་བོས་ཀྱང་ཨ་ལན་མ་སྟེར། ཁྱིམ་བདག་གིས་རྒྱུས་སྟོན་འོག་ང་ཚོ་ཁང་བ་དེའི་སྟེང་ཤོད་བར་གསུམ་དུ་ཞིབ་མཉུལ་ཐེངས་གཅིག་བྱས་པ་ཡིན། ཁང་བ་སྔ་མར་ལྟོས་ན་ཁང་བ་འདི་ནི་ཤིན་ཏུ་རྒྱ་ཆེན་པོ་འདུག ཁང་བ་དེའི་གནས་ས་གཟེངས་མཐོ་ཞིང་རྒྱབ་ངོས་ཀྱི་ཁྱམས་ཤིན་ཏུ་ཡངས་པོ། མཐའ་འཁོར་ནགས་ཀྱིས་བསྐོར་བ། མདུན་ངོས་ནས་ཕར་ཅུང་ཟད་གྱེན་དུ་བལྟས་ན། མཐིང་མདོག་གི་ནམ་མཁའང་པང་དུ་ལེན་ཐུབ་བམ་སྙམ་པའི་ཚོར་སྣང་རེ་ངང་གིས་སྐྱེ། ཁྱིམ་བདག་གིས་ང་ལ་ཁང་བ་འདིའི་གནས་བབ་ལ་འགྲེལ་བཤད་ཅིག་གནང་རོགས་ཟེར། ངས་ཁོང་ལ་ཁྱེད་ཀྱི་ཁང་བ་འདིའི་རྒྱབ་ངོས་ཡངས་པོ་ནགས་ཀྱིས་བསྐོར་བ་ནི། ཁྱིམ་ཕུགས་བརྟན་ཅིང་། རྒྱུ་ནོར་ལོངས་སྤྱོད་འཕོ་མེད་དུ་འཛིན་ཐུབ་པའི་རྟགས་སུ་འདུག ཁྱོད་ཀྱི་ཁང་བ་འདིའི་གནས་ཡུལ་རྒྱལ་ཁྲི་ལྟར་གཟེངས་མཐོ་ཞིང་། ཁང་བ་ནི་རྒྱལ་བོ་གདན་ལ་འཁོད་པ་ལྟ་བུ་ཡིན་པས། ཆོས་དང་འཇིག་རྟེན་གྱི་བྱ་བཞག་གང་ལའང་སྟངས་འཛིན་བྱེད་ཐུབ་པའི་རྟགས་ཡིན།
ཁྱོད་ཀྱི་ཁང་བ་འདིའི་མདུན་ངོས་གནམ་ཡོལ་ཕྱེ་བ་ལྟར་ནམ་མཁའ་དང་ཉེ་བས། ཤེས་རབ་ཀྱི་སྒོ་འཕེལ་ཞིང་འགྲོས་མགྲོན་གྱི་འདུ་ལོངས་ཆེ་བའི་རྟགས་ཡིན། ཁྱོད་ཀྱི་ཁང་བ་འདིའི་རྒྱུ་ལམ་ཁང་ཞབས་སུ་ནོན་ཡོད་པས། རང་ལམ་རང་གི་རྡོག་ཞབས་ནས་མི་འཆོར་ཞིང་། བྱ་བཞག་གང་ལ་ཡང་བར་ཆད་མི་འོང་རྟེན་འབྲེལ་ཡིན། ཞེས་ཁ་གཡང་ཅི་ཤེས་ཤིག་བཤད་པ་ཡིན། དེ་ནས་ང་ཚོས་ཁྱིམ་བདག་མས་གྲ་སྒྲིག་ཟིན་པའི་རྒྱ་གར་གྱི་ཞལ་ཟས་རོ་བརྒྱ་ལྡན་པ་དེ་དག་ལ་རོལ་བཞིན། ཁ་བརྡ་སྣ་ཚོགས་བྱས་ནས་མཚན་ཕྱེད་བར་བསྡད་པ་ཡིན། གོང་ནས་ཞུས་པ་ལྟར་ང་ཚོའི་མངའ་སྡེ་འདིའི་སློབ་གྲྭའི་ལོ་འཁོར་རྒྱུགས་ཆེན། སྤྱི་ཟླ་ལྔ་བའི་ཚེས་ཤར་ནས་བདུན་གཅིག་གི་རིང་བླངས། ལྕམ་ཆོག་ལགས་འཆར་ཅན་ཉིན་རེའི་ཆུ་ཚོད་བཅུ་གཅིག་སྟེང་། སྒྱུག་མོའི་ཁྱིམ་དུ་ཕེབས་ནས་འོག་ཤོད་ཡིག་ཚང་ནང་དུ་རྒྱུགས་བླངས། ངས་བུ་ཉིན་རེ་བཞིན་དེ་རིང་གི་ཡིག་རྒྱུགས་ཅི་འདྲ་འདུག་ཅེས་དྲི་སྐབས། སྔར་བཞིན་ཡིག་རྒྱུགས་དེ་ལས་སླ་བོ་འདུག་ཅེས་སྨྲ། ལོ་འཁོར་རྒྱུགས་ཆེན་དེ་བཞིན་སྲོལ་རྒྱུན་ལྟར་ན། ཉིན་གྲངས་ལྔར་ལེན་སྲོལ་འདུག་མོད། བུའི་གནས་བབ་ལ་དཔགས་ནས་ཉིན་བཞི་མ་གཏོགས་བླངས་མ་སོང་། ངས་དེ་སྐོར་ལྕམ་ཆོག་ལགས་སུ་དྲི་བ་ཞུས་པར། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་ཁོ་ལ་ཉིན་བཞིའི་རིང་གི་ཡིག་རྒྱུགས་བླངས་ན་དེས་འཐུས་ཚུལ་བཤད་སོང་ཞེས་སྨྲས། ཟླ་ལྔ་བའི་ཟླ་མཇུག་ཏུ་སློབ་གྲྭའི་ནང་འཛིན་རིམ་གནས་སྤོར་བའི་མཛད་སྒོ་ཆེན་པོ་ཞིག་འཚོགས། ང་ཚོས་སྔོན་མ་ནས་གྲ་སྒྲིག་ཟིན་པའི་གཞི་འགྲིགས་ཆས་གོས་དེ་དང་། ལྷམ་གསར་བ་དེ་བུ་ལ་བསྐོན། ངེད་གཉིས་ཀྱིས་ཀྱང་གཟབ་འཆོར་འདྲ་ཞིག་སྤྲས་ནས་ཕྱིན། སློབ་གྲྭའི་འཛིན་སྐྱོང་ལས་བྱེད་ཅིག་གིས། ང་ཚོར་སྣེ་ལེན་དང་འབྲེལ་མཛད་སྒོར་བུ་ཆུང་གི་འཛིན་གྲྭའི་སྣེ་ཁྲིད་མཁན་གྱི་དགེ་རྒན་དང་། བུ་ཆུང་གང་དུ་གྲལ་བསྒྲིག་སའི་ཡུལ་སོགས་ངོ་སྤྲོད་གསལ་བོ་གནང་།
དེ་ནས་ང་ཚོ་སློབ་གྲྭའི་ནང་ལོགས་ཀྱི་བར་ཁྱམས་བརྒྱུད། ཚོགས་ཁང་གི་ཕྱོགས་སུ་བསྐྱོད། སློབ་གྲྭ་འདིར་ང་ཚོ་མ་ཡོང་བར་ཏག་ཏག་ལོ་གཅིག་ལྷག་འགོར་སོང་། ང་ལ་ལྟོས་ན་ལོ་གཅིག་གི་དུས་ཚོད་དེ་ནི། ཅི་འདྲའི་དུས་ཡུན་རྫོགས་རྒྱུ་མེད་པ་ཞིག་རེད་ཨང་། ང་བར་ཁྱམས་གཡས་གཡོན་གྱི་རྩིག་ངོས་སུ་ལྟ་ཞོར། མར་ཚོགས་ཁང་གི་ཕྱོགས་སུ་རྒྱུ་སྐབས། རང་ཉིད་རྒྱང་རིང་རྒྱང་རིང་ཞིག་ནས་རྙེད་པ་ཆེན་པོ་ཅི་ཞིག་ཐོབ་ནས་ཕྱིར་རང་གནས་སུ་སླེབས་པའི་ཚོར་སྣང་ཤར། རྩིག་ངོས་གཡས་གཡོན་དུ་སྦྱར་བའི་སློབ་ཕྲུག་དག་གི་རྩོམ་ཡིག་དང་། ལག་བྲིས་སྒྱུ་རྩལ་གྱི་སྣང་བརྙན་བརྒྱ་ཕྲག་མང་བོ་ལས། སློབ་ཕྲུག་དག་གིས་མགོ་དང་ལག་པ་བསྲིངས་ནས། ཁྱེད་ཚོར་ཕྱིར་ཕེབས་པར་དགའ་བསུ་ཞུ། ཁྱེད་ཚོ་ཕྱིར་ཕེབས་པར་དགའ་བསུ་ཞུ། ཞེས་དགའ་བསུའི་ཐལ་སྒྲ་དང་འབོད་པ་དི་རི་རི་ངའི་རྣ་ལམ་དུ་ཐོན་དུས། ངས་ཡངས་ཤིང་རྒྱ་ཆེ་བའི་བོད་ཡུལ་གྱི་རྩྭ་ཐང་ཐོག མ་ནིའི་པད་དབྱངས་བླངས་པའི་བྲག་ཆ། མེ་ཏོག་ཁྲི་འབུམ་དང་། རི་སུལ་གྱི་ལྟེབ་ཚིགས་། གཙང་བོ་ཆེ་ཆུང་གི་ངོགས་སུ་དལ་གྱིས་འདྲེས་ནས་འགྲོ་བཞིན་པའི་སྣང་བ་ཤར། རེ་ཞིག་ནས་ང་ཚོ་ཚོགས་ཁང་དུ་སླེབས། བུའི་འཛིན་གྲོགས་ཀྱི་ཕ་མ་མང་བོ་ཞིག་གིས་ང་ཚོ་མཛད་སྒོར་དངོས་དུ་ཡོང་ཐུབ་ཀྱི་མེད་པར་ཆ་འཇོག་གནང་འདུག ཁོང་ཚོས་ང་ཚོ་ལ་སྐེ་འཆུད་ཀྱི་དགའ་བསུ་གནང་ཞོར་བཀྲ་ཤིས་གང་འདྲ་འདུག ཁོ་གང་དུ་ཡོད་ཅེས་ཡང་ཡང་དྲིས་སོང་། མཛད་སྒོ་དེར་སློབ་གྲྭའི་འཛིན་སྐྱོང་གིས་གཙོས། འབྲེལ་ཡོད་དགེ་རྒན་ཚོ་དང་། ཁྱིམ་བདག་ཕ་མ། སློབ་ཞབས་ལས་བྱེད་བཅས་ཁྱོན་མི་གྲངས་སུམ་བརྒྱ་ཡས་མས་ཤིག་འཛོམས་ཡོད་པ་འདྲ།
སློབ་གྲྭའི་འཛིན་སྐྱོང་གི་བཀོད་སྒྲིག་འོག ངའི་བུར་དམིགས་བསལ་བུ་མོ་གཉིས་ཀྱི་བར་དུ་བསྡོད་ས་གྲ་སྒྲིག་བྱས་འདུག སློབ་སྤྱི་ལྕམ་ཧོ་སྥི་མན་མཆོག་གིས་ཚོགས་ཐོག་ཏུ་ངའི་བུའི་སྙིང་སྟོབས་དང་། གཤིས་སྤྱོད་ལས་བརྩམས་ནས། ངོ་སྤྲོད་དང་བསྟོད་བསྔགས་གནང་སྐབས། ཚོགས་ཞུགས་ཚང་མ་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་ཡང་ཡང་བརྡབས། ངའི་བུའང་ཡར་ལངས་ཏེ་ལག་གཉིས་གནམ་ལ་ཕྱར་ནས། སྤོབས་པ་ཆེན་པོའི་ངང་རྒོད་བྲོ་བའི་ཞབས་བྲོ་ཡང་ཡང་འཁྲབ་སྟེ་གུས་འདུད་ཞུས། ཉིན་དེའི་ཕྱི་དྲོར་འཛིན་རིམ་ལྔ་བ་ནས་དྲུག་པར་སྤོར་བའི་ཐུགས་སྤྲོ་རྒྱས་པ་ཞིག་བཏང་། ཐུགས་སྤྲོའི་ཐོག་བུའང་མཉམ་ཞུགས་ཀྱིས་བྲོ་རྡུང་གླུ་གར་ལ་རོལ། བུ་མོ་མང་བོ་ཡོང་སྟེ་ངའི་བུའི་མཐའ་སྐོར་ནས་འཚམས་འདྲི་དང་སྦྲགས། ང་ཚོ་དང་མཉམ་པོར་ཞབས་བྲོ་བརྡུང་གི་ཡིན་ནམ། ཞེས་བྱམས་བརྩེའི་མཛའ་མཐུན་གྱི་རྣམ་འགྱུར་ཡང་ཡང་བསྟན། སློབ་ཕྲུག་ཆུང་ཆུང་འདི་དག་གིས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་། གདུང་སེམས་བསྐྱེད་པའི་གཤིས་སྤྱོད་དག་གིས། ཁོ་བོར་ནུས་ཕྱོགས་དང་ཤར་ཕྱོགས་ཀྱི་གནའ་དེང་གི་གཞི་རྩའི་ཤེས་ཡོན་སློབ་གསོ་དང་། འདུ་ཤེས་འཛིན་སྟངས། སྤོབས་པ་དང་སེམས་རྒྱ་ཆེ་ཆུང་སོགས་ལ་བསམ་བློ་ཞིག་གཏོང་དགོས་ཐུག ཞིབ་མོར་བསམ་བློ་གཏོང་དུས་ནུས་ཕྱོགས་པ་ཚོ་སྣོད་བཅུད་གཉིས་ཆ་འཇིག་རྟེན་བྱེད་པོ་ཞིག་གིས་བློའི་གཡོ་བ་སྔོན་སོང་གིས་བསྐྲུན་ཅིང་། རང་རང་གི་བདེ་སྐྱིད་ཀྱི་གཞི་མ་ནི་འཇིག་རྟེན་བྱེད་པོའི་ཐུགས་མཉེས་པ་ལ་རག་ལས། ཐུགས་མཉེས་ཐབས་ཡག་ཤོས་ནི་གཞན་ལ་བྱམས་སྙིང་རྗེ་བསྐྱེད་པ་དེ་ཡིན་པར་འདོད། འདུ་ཤེས་འཛིན་སྟངས་འདི་ནི་ནུབ་ཕྱོགས་པ་ཕལ་ཆེར་ཞིག་གི་སེམས་ལ་ལྗིད་ཏིག་གེར་ཡོད་པ་ཞིག་རེད།
འདི་ཚོའི་བསམ་བློ་གཏོང་སྟངས་དེ་ལྟ་གྲུབ་ཙམ་དང་། སྨོན་ཡུལ་ཙམ། ཡང་ན་ཁ་ཏོན་བཟླས་བརྗོད་ཙམ་ཞིག་མ་ཡིན་པར་ལུས་ངག་གི་རྣམ་འགྱུར་ཐོག་ཤུགས་ཆེར་ཐོན་བཞིན་ཡོད་པའི་སྣང་བ་སྐྱེས། ཤར་ཕྱོགས་པ་ཕལ་ཆེར་ཞིག་ལ། སྣོད་བཅུད་གཉིས་པོ་འདི་ལས་འབྲས་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཡིན་པས། རང་རང་གི་བདེ་སྐྱིད་ཀྱི་གཞི་མའང་། དེ་ལ་འཇུག་ལྡོག་ཚུལ་བཞིན་བྱེད་པ་ལ་རགས་ལས། སྡིག་སྤོང་དགེ་སྒྲུབ་ནི་བདེ་སྐྱིད་ཐོབ་པའི་ཐབས་ལམ་གཙོ་བོ་དེ་ཡིན་པར་འདོད། ལྟ་ཚུལ་འདི་གཉིས་ཀར་ཐད་ཀར་བརྟགས་ན། ལྟ་ཚུལ་སྔ་མ་དེ་ནི་རང་གི་བདེ་སྐྱིད་གཞན་ལ་ལྟོས་དགོས་པ་དང་། ལྟ་ཚུལ་ཕྱི་མས་རང་གི་བདེ་སྐྱིད་རང་ལ་ལྟོས་དགོས་པར་གཙོ་བོར་འདོད་ཀྱིན་ཡོད།
དེར་བརྟེན་ནུབ་ཕྱོགས་པ་ཚོར་གཞན་ཕན་སྒྲུབ་པའི་ལུས་ངག་གི་རྣམ་འགྱུར་ཤུགས་ཆེ་བ་དེ། འཇིག་རྟེན་བྱེད་པོའི་ཆད་པ་ལ་འཇིགས་པའམ། ཡང་ན། དེའི་ཐུགས་མི་མཉེས་པ། དེའི་ཐུགས་དགོངས་དང་འགལ་བར་དྭོགས་ཟོན་བྱེད་བཞིན་ཡོད། ཤར་ཕྱོགས་པ་ཚོར་ལུས་ངག་གི་རྣམ་འགྱུར་དེ་ཙམ་ཤུགས་མི་ཆེ་བ་ནི། ཀུན་སློང་གཙོ་བོར་འཛིན་པ་ལས། ལུས་ངག་གི་སྤྱོད་པ་གཞན་གྱི་དཀའ་སྡུག་གི་ཁྲོད་དེ་ཙམ་དངོས་སུ་འཇུག་མི་ཐུབ་པའི་ཚོར་བ་བྱུང་། གང་ལྟར་ཡོད་ཚད་རང་ཉིད་ཀྱི་ལག་པར་ཡོད་དུས། རང་ཉིད་རང་ལ་སྟངས་འཛིན་བྱེད་མཁན་གཙོ་བོར་མཐོང་ཡོང་སྐབས། ནུབ་ཕྱོགས་ལྟར་འཇིགས་སྣང་ཆེར་མེད་པས། ལུས་ངག་གི་རྣམ་འགྱུར་དེ་ཙམ་མངོན་མི་ཐུབ་པ་ཨེ་ཡིན་སྙམ་པ་ནི། ངའི་འཆར་སྣང་ཙམ་ལས་གཏིང་ཐུག་པའི་ཞིབ་འཇུག་གི་བཤད་པ་ཞིག་མ་ཡིན།
ཧ་ཅང་ལེགས་སོང་། འདིའི་ལེའུ་དང་བོ་འཚོལ་ཐབས་ཤིག་སྟོན་རོགས་ཞུ།
སེང་གེ་ལགས། ཁ་བརྡ་དྲྭ་ངོས་ཀྱི་འཚོལ་ཞེས་པའི་འཚོལ་སྟེགས་ནང་།
༼ལེའུ་དང་བོ༽ཞེས་བཅུགས་ནས་མཛུབ་གཞོང་ངོས་ཀྱི༼ནང་འཇུགenter༽ཅེས་པར་མནན་ན། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདིའི་ལེའུ་དང་བོ་གཟིགས་ཐུབ། ཐུགས་རྗེ་ཆེ།