ཆབ་མདོ་ངག་ཕུན།
ས་གསུམ་ཡོངས་ཀྱི་བླ་མ། །ས་སྟེང་ཀུན་གྱི་གཙུག་རྒྱན།།
ས་ལྷའི་སྨན་ལྗོངས་དབུ་ཁྲིད། །ས་ཆེན་ཞི་བདེའི་དེད་དཔོན།།
རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་རང་ཅག་ཁ་བ་རི་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་གི་སྐུའི་སྐྱེ་རབས་ཕྲེང་བ་འཛིན་པ། ཚེ་འདི་གཉིས་ཀྱི་སྐྱབས་གནས། གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པའི་བདག་པོ། འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་མཆོག་མདོ་སྨད་ས་ཡི་ཐིག་ལེ་སྟག་འཚེར་ཞེས་པའི་ཡུལ་གྲུར་ཕྱི་ལོ་༡༩༣༥ ལོར་སྐུ་འཁྲུངས་ཤིང༌། དེ་ཡང་རྒྱལ་མཆོག་ན་རིམ་གྱི་ཐུགས་བསྐྱེད་སྨོན་ལམ་དང༌། བསླུ་མེད་བོད་ཁམས་སྐྱོང་བའི་བཀའ་སྲུང་གཉེར་གཏད་རྣམས་ཀྱི་རྡོ་རྗེའི་བཀའ་ལུང༌། ཁྱད་པར་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གི་ལྷ་མོའི་མཚོ་གཟིགས་དན་རྟགས་བཅས་ཀྱི་དགོངས་པ་རྩེ་མཐུན་བྱུང༌། དེ་བཞིན་དུ་སྐུ་གོང་མའི་ཕྱག་མཚན་སོགས་ངོས་འཛིན་བརྟག་དཔྱད་ཡོངས་ལ་ཡིད་གཉིས་ཐེ་ཚོམ་བྲལ་བ་བྱུང་བའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་སྟེ་ཕྱི་ལོ་ ༡༩༣༩ ལོ་དགུང་ལོ་བཞི་ཐོག་རང་གི་སྐྱོང་ཡུལ་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་གདན་དྲངས་ཤིང༌། གངས་ལྗོངས་སྐྱེ་དགུ་ཡོངས་རྫོགས་དགའ་སྤྲོའི་རྣམ་པར་ཁེངས། དེ་ནས་ཕྱི་ལོ་ ༡༩༤༠ ཟླ་ ༡ ཚེས་ ༡༣ ཉིན་མོར་གྲུ་འཛིན་གཉིས་པའི་ཕོ་བྲང་མི་འགྱུར་པོ་ཏ་ལའི་མི་འཇིགས་གདོང་ལྔའི་བཏེག་པའི་དབུས་གསེར་ཁྲི་མངའ་གསོལ་མཛད།
སྐུ་ན་ཕྲ་བའི་དུས་སྐབས་ང་ཚོ་གཞུང་ནང་མི་མཐུན་པའི་ཕྱོགས་མང་ཞིང་བོད་ཀྱི་ཆབ་སྲིད་ཧ་ཅང་གི་ཉམས་གུད་ཀྱི་རྩ་རལ་ཏུ་འགྱུར་ལ་ཉེ་བའི་དུས་དེར་བོད་ཀྱི་ཆབ་སྲིད་སྣེ་མོ་བ་ཚོ་ཆབ་སྲིད་ལ་གཡོལ་གང་ཐུབ་བྱས་ཏེ་མཐར་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་གཞོན་ནུ་ཞིག་ལ་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༡༧ ཉིན་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་འགན་ཕུལ་བ་རེད།
དེ་ཡང་དུས་ཚོད་ཛ་དྲག་དེ་འདྲ་ཞིག་གི་འོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེན་དགོས་བྱུང་ནའང་ཐུགས་ཞུམ་པའི་ཆ་ཕྲ་མོ་ཙམ་ཡང་མེད་པའི་བོད་ཀྱི་ཆབ་སྲིད་བསྐྱང་གནང་མཛད། སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་རྙོག་འཛིང་ཆེ་ནའང་ལྷོད་གཡེང་མེད་པའི་གངས་ཅན་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་དུ་མའི་དྲུང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གནས་མཐའ་དག་དང༌། དེ་བཞིན་གཞུང་ལུགས་ཆེ་མོ་ཀ་པོད་ལྔ་ལ་སོགས་པའི་མདོ་རྒྱུད་ཀྱི་གཞུང་ལུགས་རབ་འབྱམས་རྒྱ་མཚོར་གསན་བསམ་བུམ་པ་གང་བྱོའི་ཚུལ་བཞིན་དུ་མཛད་ནས་དགེ་བཤེས་ལྷ་རམ་གྱི་དམ་བཅའ་སོགས་མཛད་དེ་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་ཀུན་གྱི་མགྲིན་དབྱངས་གཅིག་འགྱུར་གྱིས་གངས་ཅན་ཤིང་རྟ་ཆེ་མོ་ཞེས་མཚན་སྙན་གྱིས་གྲགས་པ་ས་གསུམ་ཀུན་ཏུ་ཁྱབ།
སྐབས་དེར་བོད་ཀྱི་ཁྱིམ་མཚེས་རྒྱ་ནག་ཡོངས་རྫོགས་གུང་ཁྲན་གྱིས་དྲག་པོའི་དབང་བསྒྱུར་བྱས་ཏེ།
ཕྱི་ལོ་༡༩༤༩ ལོའི་ཟླ་ ༡༠ ཚེས་༡ ཉིན་དངོས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་འཛམ་གླིང་ཁྱོན་ལ་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་མོའོ་རྩེ་ཏུང་གིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱེད་རྒྱུའི་འདོད་རྔམས་ཀྱིས་དྲག་པོའི་དཔུང་འཇུག་བྱེད་དགོས་པའི་དམག་དཔོན་ཚོར་བཀོད་ཁྱབ་བཏང༌།
ཕྱི་ལོ་ ༡༩༤༩ ལོ་བོད་ཀྱི་ས་མཚམས་ཁག་ནས་བཙན་འཛུལ་བྱེད་མགོ་བཙུགས། གངས་ལྗོངས་ཆོས་ལྡན་ཀྱི་མི་རིགས་ནི་ནང་ཆོས་དང་ཞི་བདེ་ཁོ་ན་བརྩོན་པ་མ་གཏོགས་དེང་རབས་ཀྱི་དྲག་པོའི་གནས་སྟངས་སོགས་ལ་དེ་ཙམ་དོ་སྣང་མི་བྱེད། དེ་འདྲ་རྒྱུ་མཚན་ལ་བརྟེན་ནས་རང་དམག་ས་སྲུང་བ་རྣམས་ལའང་དུས་རབས་དང་མཐུན་པའི་དམག་སྦྱོང་དང༌། གོ་མཚོན་སོགས་ཀྱི་བློ་ཁ་ཁེངས་པའི་ཆ་རྐྱེན་མེད་པས་དུས་རབས་ཀྱི་གོ་མཚོན་དང་དམག་སྦྱོང་ལྡན་པའི་རྒྱ་དམག་འགོག་ག་ལ་ཐུབ།
ཕྱི་ལོ་ ༡༩༥༠ ལོའི་ཆབ་མདོ་ཡོངས་རྫོགས་དགྲ་ལག་ཏུ་ཤོར། སྐབས་དེར་ཆབ་མདོར་རྒྱ་དམག་མ་སླེབས་ཙམ་ནས་ང་ཕོད་སོགས་ཁ་གཅིག་ཆབ་མདོ་ནུབ་ངོས་ཕྱོགས་སུ་གནས་སྤོས་བྱས་པ་དང༌། རྒྱ་དམག་གིས་ཆབ་མདོའི་གློག་འཕྲིན་ཁང་དང༌། གློག་འཕྲིན་གཏོང་མཁན་ཕྱི་རྒྱ་བ་དེ་ཡང་བཙན་བཟུང་བྱས་པས་ཆབ་མདོའི་ཁུལ་གྱི་གནས་སྟངས་ཇི་འགྱུར་གོ་ཐོས་མེད་པའི་གནས་སུ་ལྷག །དེ་འདྲ་བོད་ཀྱི་ཆབ་སྲིད་གནས་སྟངས་ཆེས་ཛ་དྲག་གི་འོག་ནས་བཀའ་ཤག་ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ྋགོང་ས་མཆོག་ལ་འགན་འཁུར་བཞེས་དགོས་པའི་རེ་བ་སྟོན། དེ་ཡང་བཀའ་ཤག་ནས་ལྷ་བླའི་ལུང་ལ་ཁ་གཡར་ཏེ་བཙན་གྱིས་འགན་བཞེས་ཆུག་པ་རེད། སྐབས་དེར་ྋགོང་ས་མཆོག་དགུང་བཅུ་དྲུག་ལས་ཕེབས་མེད། འཛམ་གླིང་སྤྱི་སྲོལ་ལྟར་བྱས་ན་སློབ་གཉེར་གནང་བའི་དུས་ཚོད་གཅིག་ལས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་དགུང་ལོ་ཕེབས་མེད། སྐབས་དེར་ང་ཚོའི་གཞུང་ནང་མི་མཐུན་པ་མང་ཞིང༌། ཆབ་སྲིད་གནས་སྟངས་ཧ་ཅང་ཉམས་རྒུད་དུ་གྱུར་ནས་མི་ཕལ་ཆེ་བས་འགན་དབང་ལ་གཡོལ་ཐབས་བྱས་ཡོད། བོད་ཀྱི་ཆབ་སྲིད་ཀྱི་ཆེས་ཛ་དྲག་གི་གནས་སྟངས་འོག་ནས་བོད་ཀྱི་ཆབ་སྲིད་འཛིན་མཁན་མཐོ་རིམ་མི་གྲག་ཚོས་འགན་དབང་མི་འཁུར་ནས་བོད་ཀྱི་ཆབ་སྲིད་དབུགས་རྒྱུན་ཆད་ལ་ཉེ་བ་དེ་དགུང་བཅུ་དྲུག་ལ་ཕེབས་པའི་ྋགོང་ས་མཆོག་གི་སྟེང་དུ་དཔུང་བ་ནི་དེ་འདྲ་བྱེད་སྟངས་བློ་ཕམ་ལ་ཨང༌།
དེ་ནས་ཆབ་མདོ་བཙན་བཟུང་བྱེད་མི་ཝང་ཆིས་མིས་ཀྱིས་འགོ་ཁྲིད་དེ་རྒྱ་དམག་སྟོང་ཕྲག་གསུམ་ལྷག་ཙམ་ཁྲིད་ནས་བོད་ཆོས་ལྡན་གྱི་རྒྱལ་སར་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༧ ཚེས་ ༨ ཉིན་ལྷ་སར་སླེབས་པ་དང༌། རིམ་གྱིས་རྒྱ་དམག་གི་དཔུང་སྡེ་ཁག་འབྱོར་ཏེ་རྒྱ་དམག་གི་འཇམ་རྩུབ་སྣ་ཚོགས་ཀྱི་རྣམ་པར་སྟོན་ནས་མི་དམངས་སྙོམ་ཆུང་ལག་ནས་འབྲུ་རིགས་སྣ་ཚོགས་བསྡུ་ལེན་བྱེད་ཀྱི་ཡོད་པའི་དབང་གིས་བོད་མི་རྣམས་འཚོ་བའི་ཐོག་ཏུ་ཡང་དཀའ་ངལ་རིམ་ཕྲད་དུ་གྱུར་ནས་བོད་མི་རྣམས་རྒྱ་དམག་ལ་ཉིན་རེ་བཞིན་དུ་མི་དགའ་བ་ཇེ་མང་དུ་གྱུར་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་ཤིན་ཏུ་ནས་ཛ་དྲག་ཅན་དུ་འགྱུར།
གོང་ཞུས་ལྟར་བོད་ཀྱིས་ཆབ་སྲིད་གནས་སྟངས་འགྱེལ་ལ་ཉེ་བའི་ཧ་ཅང་ཛ་དྲག་གཉན་འཕྲང་དེ་འདྲ་ཞིག་གི་འོག་ནས་ཆབ་སྲིད་ཀྱི་ཐུགས་འགན་ལྕི་མོ་བཞེས་དགོས་བྱུང་ནའང་ཐུགས་ཞུམ་པ་མེད་པའི་ཡོད་ཚད་བློས་བཏང་གི་ཕྱག་ལས་གནང་ཡོད།
ྋགོང་ས་མཆོག་གིས་སྔར་གྱི་ལུགས་སྲོལ་ངན་པ་མང་པོ་ཞིག་དེང་རབས་དམངས་གཙོ་དང་ཡོངས་སུ་མཐུན་པའི་བཅོས་བསྒྱུར་གཏོང་རྒྱུའི་ཐུགས་དགོངས་བླ་མེད་བཞེས་གནང་མཛད་པ་དང༌། དེ་ཡང་རྫོང་གཞིས་ཁག་མཚོན་པའི་བོད་འབངས་སྤྱི་ཡོངས་ལ་ཕན་ཐོག་ཆེད་དུ་དམིགས་ཏེ་ལོ་མང་རིང་བུན་ལོན་སྒྲུབ་འཇལ་མ་ཐུབ་པའི་བུན་སྐྱེད་ཆག་ཡང་དང༌། དེ་བཞིན་དུ་སྤྱི་ཚོགས་ལེགས་བཅོས་ཚོགས་ཆུང་སོགས་གསར་འཛུགས་གནང་སྟེ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཡོད། དེ་ལ་རྫོང་དཔོན་བསྐམ་ཆག་ཁ་ཤས་མ་གཏོགས་ཚང་མ་དགའ་པོ་བྱུང་འདུག་ཅེས་རང་རྣམ་དུ་གསལ།
ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་བྱ་རྒྱུའི་རྒྱལ་ཡོངས་ཚོགས་འདུ་ལ་ཟླ་ ༥ ཚེས་ ༡༡ ཉིན་ལྷ་ས་ནས་ཀོང་པོ་ནང་པ་ལ་དབར་རླང་འཁོར་དང༌། དེ་ནས་ཆིབས་ཐོག་དང་སྐབས་རེ་ཞབས་ཐང་ཐོག་འཕྲང་ལམ་དོགས་པོ་མང་པོ་ཞིག་བརྒྱུད་དེ་དཀའ་ཚེགས་ཆེན་པོའི་ངང་རྒྱ་ནག་ཏུ་ཕེབས་དགོས་བྱུང༌། རྒྱ་ནག་ཏུ་ཕེབས་གྲུབ་པ་དང༌། རིམ་གྱི་རྒྱ་དཔོན་ཚོ་དང་ཐུག་འཕྲད་མཛད་ཅིང༌། སྐབས་དེར་ྋགོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བ་དེ་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་སྟངས་མཚོན་པའི་ཕན་ཐོག་ཆེན་པོ་བྱུང་འདུག་སྙམ། རྒྱུ་མཚན་ནི་རྒྱ་དཔོན་ཚོའི་གཤིས་སྤྱོད་དང་ཁོ་པ་ཚོའི་བོད་ལ་འཛིན་པའི་དམིགས་ཡུལ་ངོ་མ་དེ་དག་རྟོགས་པ་གྱུར། ལྷག་དོན་དུ་རྒྱ་ནག་མི་དམངས་ཀྱི་གཙོ་འཛིན་མོའི་རྩེ་ཏུང་གིས་ནང་ཆོས་ལ་སྟངས་ངོ་མ་དེ་ཡང་རྟོགས་ཡོད། དེ་ཡང་རྒྱ་ནག་ཏུ་བལྟ་སྐོར་ཟིན་མཚམས་ཕྱིར་རང་ཡུལ་ལ་ཕེབས་ལ་ཉེ་བའི་དུས་དེར། མོའོ་རྩེ་ཏུང་གིས་སྐད་ཤུགས་དམའ་པོའི་ངང་ྋགོང་ས་མཆོག་ལ་ཆོས་ནི་དུག་རེད། དེ་ལ་སྐྱོན་གཉིས་ཡོད། མི་རིགས་འཕེལ་རྒྱས་དང་ཡུལ་གྱི་ཡར་རྒྱས་གཉིས་ལ་བཀག་འགོག་བྱེད་ཀྱི་རེད་ཅེས་བརྗོད་པ་དང༌། དེ་ནས་ྋ་གོང་ས་མཆོག་གིས་མོའོའི་མཐའ་ཐུག་གི་དམིགས་ཡུལ་ངོ་མ་དེ་རྟོགས་པར་གྱུར། སླར་བོད་ཆོས་ལྡན་གྱི་ཞིང་ཁམས་ཆིབས་ཞབས་བཀའ་དྲིན་བསྐྱངས་སྐབས་སུ་མདོ་ཁམས་གཉིས་སུ་དམངས་གཙོ་བཅོས་བསྒྱུར་མགོ་བཙུགས་ཟིན་པར་བརྟེན་ནས་ཡུལ་གྱི་མི་མང་རྣམས་ལ་དཀའ་སྡུག་འཕྲད་ཀྱི་ཡོད་པའི་རྣམ་པར་གསལ་པོ་རྟོགས་ཤིང༌། དེ་ཡང་རིམ་གྱིས་ཕྱི་ལོ་ ༡༩༥༥ ལོའི་རྒྱ་ཕྱོགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་སོར་གནས་མེད་པའི་མདོ་ཁམས་གཉིས་སུ་དམངས་གཙོའི་བཙོས་བསྒྱུར་གྱིས་ལས་འགུལ་ཤིན་ཏུ་གདུག་རྩུབ་སྤེལ་ཏེ་ཧམ་བཤད་དང༌། བཙན་འཕྲོག །ཉེས་མེད་ཀྱི་མི་དམངས་ལ་བཙན་མནོན་ལ་སོགས་པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཏེ་དཀའ་སྡུག་ཚད་མེད་འོག་ལ་འཚོ་བ་རོལ་དགོས་གྱུར། ྋགོང་ས་མཆོག་ཐུགས་ཕམ་དང་བློ་འཚབ་བཅས་ཀྱིས་གནས་སུ་གྱུར།
ཕྱི་ལོ་ ༡༩༥༦ ལོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱང་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ལ་རྒྱ་གར་བྱམས་ཆུབ་ཆོས་ཚོགས་ཀྱིས་གདན་འབོད་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་བཅས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་ནང་པ་སངས་རྒྱས་པའི་གནས་ཆེན་ཁག་ལ་གནས་གཟིགས་གནང༌། ལྷག་དོན་སྐབས་དེར་སེམས་དཔའ་ཆེན་པོ་གཱན་དྷིའི་ལྟ་གྲུབ་ལ་ྋགོང་ས་མཆོག་ཤིན་དུ་ནས་དད་འདུན་ཚད་མེད་ཐུགས་རྒྱུད་ལ་འཁྲུངས་ཏེ་དེ་ཉིད་ཀྱི་ལམ་དུ་བསྐྱོད་རྒྱུའི་དམ་བཅའ་གཏན་པོ་འཇོག་གནང་མཛད། རྒྱ་གར་དུ་གནས་མཇལ་བཞུགས་རིང་དུས་ཚོད་མང་ཆེ་བ་སྲིད་དོན་ཐོག་ཏུ་ཁོ་ན་རྫོགས་ཤིང༌། རང་ཡུལ་མི་དམངས་རྣམས་ཐབས་ཟད་འུ་ཐུག་ཏུ་གྱར་ཡོད་པ་བརྟེན་ནས་བོད་མི་རིགས་ཀྱི་དཀའ་སྡུག་བློས་བཏང་མ་ཐུབ་ནས་ལན་གཅིག་ཕྱིར་རང་ཡུལ་དུ་ཆིབས་ཁ་བསྒྱུར་དགོས་བྱུང་ཞེས་དང༌། ཡང་རང་རྣམ་ལས་ཞི་བའི་ལམ་ནས་བོད་རང་དབང་སྒྲུབ་པའི་ཐབས་ཤེས་དང་དུང་ལན་གཅིག་བྱེད་རྒྱུའི་སེམས་ཐག་གཙང་བྱས་པ་ཡིན་ཞེས་དང༌། རང་སྣམ་ལས་ད་ཆ་དཀའ་རྙོག་ཆེ་བ་འབྲས་བུ་སྟོང་པའི་སྲིད་དོན་ལ་ཞེན་ལོག་སྐྱེས་ཤིང༌། གལ་སྲིད་བོད་ནང་ངའི་མི་མང་ཚོའི་ལས་འགན་མེད་ན་སྲིད་དོན་ནས་དགོངས་ཞུ་དགའ་པོའི་ངང་ནས་བྱེད་འདོད་བྱུང་ཞེས་གསུངས། སྐབས་དེར་སྲིད་དོན་གྱི་རྙོག་འཛིང་ཆེ་ཞིང༌། སེམས་འཚབ་དང་དངངས་སྐྲག་བཅས་ཀྱི་སྲིད་དོན་ལ་ཞེན་ལོག་སྐྱེས་ཀྱང་བོད་མི་རིགས་ཡོངས་རྫོགས་དཀའ་སྡུག་གནས་ལས་གྲོལ་ཐབས་ཆེད་དུ་དམིགས་ཏེ་ཡོད་ཚད་བློས་བཏང་གི་སྐུ་ངལ་བསྐྱོན་གནང་མཛད་པའི་བཀའ་དྲིན་བླ་ན་མེད་པའི་དེ་དག་ང་ཚོའི་གསབ་ནུས་པ་ག་ལ་ཡོད་སྙམ་ཞིང༌། རང་དབང་མེད་དུ་མགོན་པོ་ཁོང་གི་བཀའ་དྲིན་ལ་དད་པའི་སྤུ་ལོང་གཡོ་ཞིང༌། མིག་ཆུ་དབང་མེད་དུ་མི་ཤོར་མཁན་སུ་ཞིག་ཡོད། རང་ཡུལ་གྱི་གནས་སྟངས་ནི་ཉིན་རེ་བཞིན་དུ་ཤིན་ཏུ་ནས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་ཀྱང་ད་དུང་ལན་དགུ་ཆད་མཐུད་ཀྱི་ཞི་འགྲིགས་ཡོང་ཐབས་གནང་ཡོད། ཡིན་ནའང་ཕ་རོལ་པོའི་དམིགས་ཡུལ་ནི་བོད་རིགས་ཡོངས་རྫོགས་རིམ་པའི་དྲག་མནོན་གྱིས་བོད་མི་རིགས་ཞེས་མིང་ཙམ་མེད་པ་བཟོ་རྒྱུའི་དེ་ཡིན་པར་བརྟེན་ཞི་འགྲིགས་ཀྱི་དོན་འབྲས་ག་ལ་གསོན།
རྒྱང་རིང་དུ་ཕེབས་འགྲུལ་བཞུད་མཛད་ཅིང་གངས་ལྗོངས་མཚན་སྙན་ས་གསུམ་ཀུན་ཏུ་ཁྱབ།
མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་དྲོ་ཆུ་ཚོད་བཅུ་པ་ཙམ་ལ་ཡིད་སྐྱོ་ལྷང་ལྷང་ངང་ནས་སངས་རྒྱས་ཀྱི་གནང་བའི་གྲྭ་ཆས་ཕུད་དེ་དམར་ཆས་དཀྱུས་མ་ཞིག་བཞེས་ཏེ་བཞུགས་ཁྲིའི་ཐོག་ཏུ་བཞུགས་ཏེ་སངས་རྒྱས་ཀྱི་གསུངས་ཤེར་ཕྱིན་བརྒྱད་སྟོང་པ་ཞིག་ཞལ་ཁ་ཕྱེས་གནང་མཛད་དེ་དབུ་ནས་ཇི་ལྟར་བྱམས་ཆུབ་སེམས་དཔའ་ནས་ཁྱོད་སྤོབས་པ་བྱོས་ཤིག་ཅེས་པའི་དབར་དུ་ལྗགས་ཀློག་མཛད་དེ་ཐུགས་སྨོན་ཤུགས་དྲག་གནང༌། དེ་ནས་བཙན་བྱོལ་ལ་ཆིབས་བསྒྱུར་གནང་དགོས་བྱུང༌། ཇི་སྐད་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས།
ཁྱེད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང༌།།
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་པ་ངལ་མ་གྱུར།།
ཞེས་གསུངས་པ་བཞིན། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་གྱི་དབང་གིས་་འཕྲང་ལམ་དོགས་པོ་མང་པོ་ཞིག་རིམ་བརྒྱུད་ཀྱི་དཀའ་ཚེགས་ཆེན་པོའི་ཐོག་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུས་གཙོས་པའི་བོད་མི་མང་པོ་ཞིག་བཙན་བྱོལ་ལ་ཕེབས་པའི་དང་ཐོག་མ་སུ་རིར་བཞུགས་སྒར་བསྟི་གནས་གནང་བ་དང་གང་ཅིའི་ཐད་ནས་ཧ་ཅང་གི་སྐུ་ངལ་ཚད་མེད་ཀྱི་གནས་སུ་ཡོད་པའི་སྐབས་དེར་ྋགོང་ས་མཆོག་གིས་ཐུགས་དགོངས་གཏིང་ཟབ་བླ་ན་མེད་པ་བཞེས་ཏེ་བོད་མི་རྣམས་བཙན་བྱོལ་ནང་དུས་ཡུན་རིང་ཐུང་གང་ཙམ་ཞིག་གནས་དགོས་བྱུང་ན་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ནི་ན་གཞོན་ཕོ་མོ་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲད་རྒྱུའི་དེ་གལ་གནད་ཆེ་ཤོས་ཤིག་ཡིན་ལ་ངོས་འཛིན་གནང་སྟེ་མ་སུ་རིའི་སློབ་གྲྭ་དང༌། སིམ་ལ། རྡོ་རྗེ་གླིང་བཅས་གསར་བཙུགས་གནང་བ་དང༌། སྐབས་དེར་རྒྱ་གར་གྱི་སྲིན་བློན་ནེ་རུར་བོད་རིགས་ན་གཞོན་རྣམས་ལ་སློབ་གྲྭའི་རོགས་རམ་དགོས་གལ་ཆེ་ཚུལ་སྐོར་ཐུགས་རེ་གང་ཡོད་བཀའ་མོལ་བྱུང་བར་བརྟེན་རྒྱ་གར་སྲིན་བློན་ཟུར་པ་ནེ་རུ་མཆོག་ནས་བོད་རིགས་ན་གཞོན་རྣམས་རྒྱ་གར་སློབ་གྲྭ་ཡག་ཤོས་ཁག་བགོས་ཏེ་སློབ་འཇུག་བྱས་ན་འགྲིགས་ཚུལ་གསུང་ཡང་ྋགོང་ས་མཆོག་གི་བོད་རིགས་ན་གཞོན་བོད་ཀྱི་ཆོས་དང་རིག་གཞུང་ཤེས་རྒྱུ་དེ་ནི་ལག་ཆེ་དོན་གནད་ཅིག་ཡིན་པས་ཐུགས་དགོངས་བླ་མེད་བཞེས་ཏེ་བོད་མི་སློབ་གྲྭ་ཁག་གཙང་བཙུགས་འདུན་ལྟར་དེ་དོན་བྱུང་བ་ནི་བོད་རིགས་རྣམས་རྒྱ་གར་ཡུལ་ལུང་ཆེན་པོ་དཀྱིལ་ལ་བོད་རིགས་རྣམས་ཁ་ཐོར་ཏེ་ཆུ་ནང་དུ་བྱེ་མ་བླུགས་པ་ལྟར་མ་གྱུར་པ་དེ་ནི་ྋགོང་ས་མཆོག་གི་ཐུགས་དགོངས་འོད་སྟོང་འབུམ་ཕྲག་འབར་བའི་ཆེས་རླབས་ཆེན་གྱི་དོན་བཟང་ཞིག་ཀྱང་རེད་སྙམ།
དེ་ཡང་དཔེར་མཚོན་ཞིག་ཞུས་ན་ཤེས་རིག་གོང་ཐོར་ཆེད་དུ་བོད་གཞུང་ཤེས་རིག་གི་ཁོངས་གཏོགས་སུ་གཏན་ཉིད་སློབ་གྲྭ་ཆེ་ཆུང་བསྡོམས་ ༨༠ ཡོད་པ་དང༌། དེའི་ནང་དུ་དགེ་རྒན་དང་ལས་བྱེད་གྲངས་བསྡོམས་ ༢༣༩༩ ཡོད་ལ་སློབ་ཕྲུག་ཕོ་མོ་གྲངས་བསྡོམས་ ༢༨༣༧༩ བཅས་ལ་སློབ་སྦྱོང་སྤྲོད་བཞིན་ཡོད། དེ་བཞིན་དབུས་བོད་ཁྱིམ་ཁྱབ་ཁོངས་སུ་བོད་ཕྲུག་ཁྱིམ་སྡེ་ཁག གཏན་འཇག་སློབ་གྲྭ། ཉིན་སློབ། སྔོན་འགྲོའི་སློབ་གྲྭ། དེ་བཞིན་ལག་ཤེས་སྦྱོང་ས། གཞོན་སྐྱེས་སྡོད་གནས་བཅས་བསྡོམས་ ༣༧ ལྷག་ཙམ་ཡོད། བོད་ཕྲུག་ཁྱིམ་སྡེ་བཙུགས་ནས་ལོ་ཞེ་བདུན་དབར་དུ་སློབ་ཐོན་ཟིན་པ་གྲངས་ ༢༨༩༤༩ བྱུང་ནས་དེ་དག་མང་ཆེ་བ་བོད་ཁྱིམ་གཙོས་པའི་རང་རེའི་ཚོགས་ནང་ཞབས་ཞུ་སྒྲུབ་བཞིན་ཡོད་ཅེས་གསུང་པ་དང༌། བོད་པའི་སྤྱི་ཚོགས་སློབ་གསོའི་ཐད་ལ་ཕན་ཐོགས་ཤིན་ཏུ་ནས་ཆེན་པོ་ཡོང་གི་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད། དེ་བཞིན་དུ་འཕྲོད་བསྟེན་དེ་ཡང་མིའི་ཚེ་ནང་དུ་གལ་ཆེའི་དོན་གནད་ཡིན་པ་བརྟེན་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་གཏོགས་སུ་སྨན་ཁང་ཆེ་ཆུང་གྲངས་ ༥༨ ཡོད་ཅིང༌། སྨན་ཁང་དེ་དག་ནི་རྒྱ་བལ་འབྲུག་གསུམ་བོད་མིའི་གནས་སྡོད་ཁག་ནང་ཡོད་ལ། སྨན་ཞབས་པ་དང༌། འཕྲོད་ལས་པ། འཛིན་སྐྱོང་བཅས་ཁྱོན་བསྡོམས་ལས་བྱེད་གྲངས་ ༢༢༣ ཡོད་པའི་འགྲོ་སོང་ས་ཡ་ ༤༦༡༣ ཙམ་ཡོད་ཅེས་དང༌། དེ་དག་བྱུང་བ་ནི་རྒྱལ་ཁབ་གཞན་ལ་མེད་པའི་ང་ཚོར་དབུ་ཁྲིད་ཀུན་ཕན་ཉི་མ་ནང་བཞིན་ཡོད་པའི་དབང་གིས་བྱུང་བ་ཞིག་ཡིན།
མགོན་པོ་མཆོག་ནི་བོད་མི་རིགས་ཡོངས་རྫོགས་ཀྱི་བླ་སྲོག་ཡིན་ལ། བོད་མི་རིགས་ཀྱི་ཕ་མ་ཟེར་ནའང་ཁོང་ཉིད་ཡིན་པས་བོད་མི་རིགས་ལ་མགོན་སྐྱབས་ཁོང་ལས་ལྷག་པ་སུ་ཞིག་ཡོད། ཐུགས་སྟོབས་རི་རབ་ལྷུན་པོ་ལྟར་གོ་ཆ་བཙན་པོ་བཞེས་ཏེ་བཙན་བྱོལ་ལས་ཁུངས་མ་ལག་དང་བཅས་པ་ཆགས་གཞི་གོ་རིམ་ལྡན་པའི་བང་རིམ་སྒྱུ་སྐར་ལྟར་སྒྲིག་གནང་མཛད་པ་དང༌། དེ་བཞིན་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་སོགས་མ་བརླག་པ་ཆེད་དུ་དམིགས་ཏེ་མ་འོངས་པ་བོད་མི་རིགས་ཀྱི་སོན་རྩ་འགྱུར་བའི་ན་གཞོན་རྣམས་ཡིན་པར་བརྟེན་ནས་བོད་མིའི་དགོས་མཁོ་དང་མཐུན་པའི་སློབ་གྲྭ་ཁག་ཟུར་འཛུགས་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་ལ་སོགས་པ་མནའ་དེང་དང་མཐུན་པའི་དགོས་མཁོ་ཡོངས་སུ་སྐང་སྟེ་ཤེས་བྱའི་ཚལ་ལ་འབུ་བ་ཁྱུ་ཚོགས་འཁྲིད་གནང་མཛད་པ་དེ་དག་ནི་ཆེས་གཟི་བརྗིད་ལྡན་པའི་མ་འོངས་པའི་ཕུགས་རྒྱང་རིང་བའི་རླབས་ཆེན་གྱི་བྱ་བ་བཟང་པོ་ཞིག་ཀྱང་རེད།
དུས་བབ་གསར་ཁང་གིས་ཕབ་བསྒྱུར་གནང་བས་ཨེ་ཤ་ཡའི་བདུན་རེ་གསར་ཤོག་ལས། ལོ་ལྟར་ཏ་ལའི་བླ་མས་ཨ་སྒོར་ཁྲི་བརྒྱ་ནས་ཉིས་བརྒྱ་ལྷག་བཙན་བྱོལ་བོད་གཞུང་གི་གནང་ཡོད། ཕྱི་ལོ་ ༡༩༥༩ ནས་ ༡༩༩༩ ལོའི་བར་ཁོང་ལ་སློབ་དཔོན་ཆེན་པོའི་མཚན་ཐུབ་དང་བྱ་དགའ་ཐེངས་ལྔ་བཅུ་རག་པ་དང༌། ལྗགས་རྩོམ་ལྔ་བཅུ་ལྷག་དཔར་སྐྲུན་བྱས་ཡོད། ཁོང་གིས་དེབ་ཀྱི་བདག་དབང་གི་ཡོང་འབབ་ཚང་མ་བོད་ཀྱི་སློབ་གསོའི་ལས་དོན་སྟེང་བེད་སྤྱོད་གཏོང་གནང་གི་ཡོད་ཅེས་དང༌། ཁོང་གི་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་ཇི་ཙམ་ཞིག་བསྐྱོན་གནང་མཛད་ཀྱི་ཡོད་མེད་རྟོགས་ཐུབ་པ་ཅིག་ཀྱང་རེད་སྙམ།
ྋགོང་ས་མཆོག་གི་བཀའ་དྲིན་ཁོ་ནར་བརྟེན་ནས་འཛམ་གླིང་འདིའི་སྟེང་དུ་བོད་མི་རིགས་ཞེས་བརྗོད་དུས་གཞན་གྱི་མི་རིགས་དང་མ་འདྲ་བའི་ཡིད་ཆེས་དང༌། ཆག་འཇོག་བྱེད་རྒྱུའི་མི་རིགས་ཤིག་ཏུ་གྱུར་ཡོད། ང་ཚོ་ལ་དབུ་ཁྲིད་འདི་ལྟ་བུ་ཞིག་མེད་ཚེ་བོད་རིགས་ཞེས་བརྗོད་དུས་འཛམ་གླིང་ནང་དུ་ཉིན་མོ་སྐར་མ་ལྟ་བུ་འགྱུར་བར་ཐེ་ཚོམ་མི་དགོས་སོ། འོན་ཀྱང་མ་རུང་བའི་སྐྱེ་བོ་འགའ་ཤས་ཀྱིས་ཁར་གཞན་ཞིག་འཁྱེར་ནས་༸རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་པས། དེ་དག་ནི་བསམ་ཤེས་མེད་པའི་དུད་འགྲོ་དང་གཅིག་མཚུངས་རེད་ལ། དྲིན་ལས་ལོག་མཇལ་བྱེད་མཁན་ཞིག་ལས་མ་འདས་སོ། ང་ཚོ་མི་སྣ་དེ་དག་གི་མགོ་འོག་ལ་མ་ཚུད་པར་བྱེད་དགོས་པ་ཞིག་ཀྱང་རེད།
བོད་གངས་ཅན་གྱི་ལྗོངས་སུ་སྐྱེ་ཆེན་དམ་པ་གྲངས་ལས་འདས་པ་ཞིག་ཕེབས་ཡོད་ཀྱང་སྐུ་ཕྲེང་བཅུ་བཞི་པ་ནང་བཞིན་ཞིག་མཛད་འཕྲིན་རྒྱས་པ་འཛམ་གླིང་ནང་དུ་བྱུང་མྱོང་མེད། ྋརྒྱལ་བ་ན་རིམ་ནང་ནས་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་སྐུ་ངལ་ཆེ་ཤོས་བྱུང་ཡོད། ྋགོང་ས་བཅུ་བཞི་པ་ཆེན་པོ་མཆོག་གི་ཉེ་རིང་ཆགས་སྡང་ཡོངས་སུ་བྲལ་ཞིང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་སྐྱེད་བཞེས་ནས་འགྲོ་བ་དང་བཅས་པར་ཐུགས་བརྩེ་བ་ཆེན་པོའི་བྱམས་བརྩེའི་རླབས་ཕྲེང་གིས་སྐད་གཅིག་ཙམ་ཡང་གཡེང་བ་མེད་པའི་གཟིགས་པའི་ནུས་སྟོབས་ཀྱི་ད་ལྟ་བོད་མི་རིགས་ཞེས་བརྗོད་དུས་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་ལྟ་ས་ལྟ་བུ་འགྱུར་བ་འདི་ནི་མགོན་པོ་མཆོག་གི་སྐུ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན། མི་ཡུལ་ལུང་ལ་ཆ་ལག་མཐིལ་ཙམ་ཞིག་མེད་ནའང་མཆོག་གི་ཐུགས་རྗེར་བརྟེན་ནས་བོད་མི་རིགས་ཡོངས་རྫོགས་ཉིན་རེ་འཚོ་གོས་ཀྱི་ཐོག་ལ་སེམས་འཕྲལ་ཅི་ཡང་མེད་པའི་ཡུལ་མི་ལས་བཟང་ཙམ་འགྱུར་ཡོད།
དམངས་་གཙོའི་ལམ་བུ་གསར་བཏོད་གངས་ཅན་པ་ལ་ཉི་འོད་ཤར།
དེང་དུས་དམངས་གཙོ་དང་མཐུན་པའི་སྒོ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་མོར་བོད་མི་མང་གིས་ཐད་ཀར་འོས་འདེབས་ཀྱི་ལམ་ནས་བོད་མི་མང་གི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཐེངས་དང་པོ་གསར་བཏོད་གནང་སྐྱོངས་མཛད།
༡༩༦༢ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཆེན་ཟིན་བྲིས་ཁྱབ་བསྒྲགས་མཛད་པ་དང༌། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་གཏན་ལ་ཕབ་སྟེ་དངོས་སུ་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ལས་ཁུངས་གསར་འཛུགས་གནང༌། དེནས་ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་གཞུང་གི་བཀའ་ཤག་གི་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་ཕེབས་པ་དང་བཀའ་ཤག་གི་བཀའ་བློན་ཁྲི་པའི་ལས་རོགས་བཀའ་བློན་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་བསྡུའི་ལམ་ནས་ཕེབས་དགོས་པའི་ཁྲིམས་ལུགས་གསར་བཏོད་གནང་། དེ་ཡང་ཕྱི་ལོ་ ༢༠༡༡ ལོར་ཟླ་ ༨ ཚེས་ ༨ ཉིན་མོར་སྲིད་སྐྱོང་གི་དམ་འབུལ་སྐབས་༸གོང་ས་མཆོག་གིས་མི་མང་ལ་བསྩལ་བའི་བཀའ་སློབ་ལས། དེའི་རིང་ཁྱར་ཁྱོར་གྱི་ངང་ནས་ཆོས་སྲིད་གཉིས་ཀའི་ཐོག་འཛམ་གླིང་འདིའི་སྟེང་བོད་འདི་ནག་སུབ་ཏུ་མི་འགྲོ་བ་ཞིག་བྱུང་ཡོད། དེ་ནི་ངོས་བྱས་རྗེས་ཕྲན་བུ་ཡིན་སྙམ་གྱི་ཡོད། དེ་ལྟར་མི་ལོ་དྲུག་ཅུའི་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་འཛིན་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དེ་རིང་མི་མང་གི་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ཀྱི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་འགྲུབ་ཐུབ་པ་བྱུང་ཞེས་སོགས་ཐུགས་དགོངས་བླ་མེད་དུ་བཞེས་གནང་མཛད་ནས་མི་མང་འོས་འདེམས་གནང་བའི་བཀའ་ཁྲིར་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་གནང་བ་མཚོན་མདོར་ན་རང་དབང་ཡོད་མཁན་གྱི་དམངས་གཙོའི་གཞུང་ལས་ལྷག་ཙམ་ང་ཚོའི་བཙན་བྱོལ་གཞུང་འདི་དེང་དུས་མང་གཙོའི་ངོ་བོ་དང་མཐུན་པའི་མདུན་སྐྱོད་ཐུབ་པ་བཀོད་སྒྲིག་ལེགས་བཅོས་སོགས་མཛད་པ་ནི་ྋགོང་ས་མཆོག་གི་སྐུ་དྲིན་ཁོ་ན་ལས་མ་འདས་སོ།
དེ་སྔོན་ལོ་ངོ་སྟོང་ཕྲག་དུ་མའི་རིང་བྱུང་མྱོང་མེད་པའི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆེས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་བྱ་བ་བཟང་པོ་དོན་དང་མཐུན་པ་ཞིག་རེད། བྱམས་བརྩེ་ཞི་བདེའི་ཕོངས་པའི་འཛམ་གླིང་སྟེང་དུ་སྐྱེ་བོ་དུང་ཕྱུར་བརྒལ་བ་རྣམས་ལ་ནང་ཆོས་ཀྱི་ལྟ་གྲུབ་སོགས་བཀའ་སློབ་གནང་བའི་དེ་སྔོན་ནང་ཆོས་ཀྱི་སྒྲ་ཙམ་ཐོན་མྱོང་མེད་པའི་སྐྱེ་བོ་རྣམས་ནང་ཆོས་ཀྱི་བདུད་རྩི་ཆར་འབེབས་པ་ལྟར་སེམས་ཁམས་ལ་ཞི་བདེའི་སྣང་གསར་བྱིན་གནང་བ་དང༌། འཛམ་གླིང་ནང་གི་མཁས་དབང་བློ་ཟུར་བོར་གནས་པའི་གྲངས་ལས་འདས་པའི་སྐྱེ་བོ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར།
གངས་རིའི་འོད་ཟེར་ས་ཆེན་ཀུན་ཏུ་ཁྱབ། དོན་སྙིང་ལྡན་པའི་གཉིས་ཕན་ལམ་བཟང་བཏོད།
དེ་འདྲའི་འཛམ་གླིང་ཞི་བདེའི་ཡོང་བའི་རླབས་ཆེན་གྱི་ཐུགས་དགོངས་ལ་བརྟེན་ནས་ཕྱི་ལོ་ ༡༩༨༩ ལོར་ཟླ་ ༡༢ ཚེས་ ༡༠ ཉིན་མོར་འཛམ་གླིང་ནང་དུ་ཆེས་སྐད་གྲགས་ཆེ་བའི་ནོར་ཝིལ་ཞི་བདེའི་འབུལ་བཞེས་གནང་དེ་ནི་བོད་འབངས་རྣམས་ལ་པདྨའི་གཉེན་རི་བོ་རྩེ་མོ་ནས་ཤར་བ་ལྟར་བུའི་དགའ་སྤྲོས་རྣམ་པར་ཁེངས། ཕྱི་ལོ་ ༡༩༧༩ ལོར་རྒྱ་དམར་གྱི་གཙོ་འཛིན་ཏིང་ཤོ་ཕིང་གིས་རང་བཙན་མ་རྩོད་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོས་ལམ་ནས་ཐག་གཅོད་ཆོག་ཚུལ་བརྗོད་པར་བརྟེན་ནས། གཞི་རྩ་དེ་བཟུང་སྟེ་ྋགོང་ས་མཆོག་ནས་བོད་རྒྱ་ཞི་འགྲིག་གཉིས་ཕན་ཡོང་ཐབས་ཀྱི་ཐབས་ལམ་བཟང་ཤོས་ལམ་དབུའི་ལམ་སྲོལ་གཏན་ལ་ཕབ་ཀྱང་རྒྱ་ཕྱོགས་ནས་དེ་ལ་བརྡ་ལེན་ཅི་ཡང་མ་བྱུང་བས་ཕྱི་ལོ་ ༡༩༩༧ ལོར་ྋགོང་ས་མཆོག་ནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་བྱེད་དགོས་ཞེས་པའི་བཀའ་ཕེབས་ལྟར། མི་མང་གིས་སྔོན་འགྲོའི་བསམ་ཤོག་བརྒྱ་ཆ་ ༦༤ ལྷག་བརྒལ་བས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་མ་དགོས་པར་དབུ་མའི་ལམ་དང༌། ཡང་ན་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲོད་ཀྱི་འགྱུར་འགྲོས་དང་བསྟུན་དུས་ནས་དུས་སུ་ྋགོང་ས་མཆོག་གིས་ཐག་གཅོད་གང་གནང་བ་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡོན་གསལ་བར་འཁོད་པ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།
དེ་ནས་བོད་རྒྱ་གཉིས་ཕན་ཆེད་དུ་དམིགས་ཏེ་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སར་ྋགོང་ས་མཆོག་ནས་ཞི་བའི་དོན་ཚན་ལྔ་བཀའ་སློབ་བསྩལ་གནང་མཛད། ཡང་ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡༥ ཉིན་ལ་ཡང་བསྐྱར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སི་ཊ་སི་སྦག་ཏུ་ཡང་ཐུགས་དགོངས་ཆེ་བཞེས་ཀྱིས་བོད་རྒྱ་གཉིས་ཕན་ཆེད་དུ་བཀའ་སློབ་རྒྱས་པ་གནང་ཡོད་ལ། བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་འཛམ་གླིང་འདིའི་སྟེང་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པ་སོང་བས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་དགོངས་གུ་ཡངས་ཀྱི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་ཆེད་དུ་དབུ་མའི་ལམ་སྟོན་ནའང་ཕ་རོལ་རྒྱ་ཕྱོགས་ཀྱིས་གཡོ་རྒྱུ་སྣ་ཚོགས་ཤིག་འཁྲབ་སྟེ་གཞི་རྩ་ཁྱོན་ནས་མེད་པའི་ྋགོང་ས་མཆོག་ལ་མཚན་སྨད་སྣ་ཚོགས་ཤིག་བྱས་དང་བྱེད་ཀྱི་ཡོད།
ད་དུང་ཡང་ལེན་དགུ་ཆད་མཐུད་ཀྱི་ཆགས་སྡང་གི་རྣམ་རྟོག་ཕྲ་མོ་ཙམ་ཡང་མེད་པའི་རྒྱ་རིགས་རྣམས་སྤུན་ཟླའི་འདུན་ཤེས་འཛིན་པའི་དབང་གིས་རྒྱ་རིགས་ཤེས་ལྡན་གྱི་མི་སྣ་མང་པོའི་ྋགོང་ས་མཆོག་གི་ལམ་དབུའི་ལམ་ལ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ལྷག་དོན་དུ་ྋགོང་ས་མཆོག་ཆེན་པོ་མཆོག་གི་ཕྱི་རྒྱ་ཡུལ་གྲུ་ཁག ༥༥ ལྷག་ལ་ཆིབས་བསྒྱུར་བསྐྱངས་ཏེ་འགྲོ་བ་ཡོངས་ཀྱི་ཞི་བདེ་ཡོང་བ་ཁོ་ནར་དམིགས་ཏེ་བཀའ་སློབ་བསྩལ་གནང་མཛད། དེ་དག་ནང་ནས་རྒྱལ་ཁག་ཁ་ཤས་ལ་ཐེངས་ ༢༥ ཙམ་ཕེབས་ཡོད་པ་ཞེས་གསལ། དེ་བཞིན་ཕྱི་ལོ་ ༡༩༥༧ ལོ་ནས་ཕྱི་ལོ་ ༢༠༠༨ འཛམ་གླིང་ཡུལ་གྲུ་ཁག་ནས་གཟེངས་རྟགས་དང་ཕྱག་འཁྱེར་འབུལ་བཞེས་མཛད་པར་གྲངས་ ༡༠༨ འབུལ་བཞེས་མཛད་ཡོད།
ྋགོང་ས་མཆོག་གིས་ད་བར་དབར་དུ་དུས་འཁོར་ཆེན་ཐེངས་སུམ་ཅུ་སོ་གཉིས་གནང་བ་དང༌། འཛམ་གླིང་གི་ཡུལ་གྲུ་ཁག་གི་སྐྱེ་བོ་དུང་ཕྱུར་གྲངས་ལས་འདས་པ་རྣམས་ཀྱིས་སྔར་བྱུང་མྱོང་མེད་པའི་སེམས་ཁམས་སུ་དགའ་སྐྱོ་གཉིས་ལྡན་གྱི་སོར་བཅུའི་འདབ་མོ་སྙིང་ཁར་སྦྱར་ཏེ་དད་པའི་སྤུ་ལོངས་གཡོས་ནས་མིག་ཆུ་དབང་མེད་དུ་མཁུ་མཚོན་གཡས་གཡོན་ནས་མུ་ཏིག་ཕྲེང་བ་སར་ཟགས། བོད་ནས་གསར་དུ་བྱོར་བའི་ལོ་རེ་ནས་ལོ་ར་ཇེ་མང་དུ་འགྱུར་བཞིན་ཡོད་ནའང་ཐུགས་སུན་སྣང་ཆ་ཕྲ་མོ་ཙམ་ཡང་མེད་པའི་ཐོག་ནས་སོ་སོའི་འདོད་མོལ་ལྟར་སློབ་གྲྭ་ཁག་དང༌། བཟོ་གྲྭ། གྲྭ་ས་སོགས་སུ་བཏང་གནང་མཛད་པ་དང་བཅས་ཀྱི་བཀའ་དྲིན་ནི་སྟོང་སུམ་གྱི་སྟེང་དུ་བསྐང་ཡང་སྐོང་མི་ཐུབ་པ་ཞིག་ཀྱང་རེད། ཁོང་ནི་བོད་གཞིས་བྱེས་གཉིས་ཀྱི་ཁོག་པའི་སྙིང་ལྟ་བུ་ཞིག་དང༌། སྙེགས་དུས་ཀྱི་འཛམ་གླིང་འདིའི་སྟེང་དུ་ཞི་བདེའི་ལམ་སྣ་གསར་པ་སྐྲུན་པོའི་སྐྱེ་བུ་ཆེན་པོ་ཞིག་ཀྱང་ཡིན་ནོ། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ལས།
ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཁྱེད་ཀྱིས་མཁྱེན།།
ས་གཞི་ཡི་ནི་ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པར་འགྱུར།།
ཞེས་བདག་གིས་ལྕེ་བརྒྱར་སྤྲུག་ནས་བརྗོད་ཀྱང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཆ་ཤས་ཙམ་ཡང་བརྗོད་མི་སྤོབས་མོད། འོན་ཀྱང་བོད་འབངས་མི་རིགས་ཀྱི་ལོ་རྒྱུས་གཉན་འཕྲང་འདི་འདྲ་ཞིག་གི་འོག་ནས་ྋགོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཁོ་ནར་བརྟེན་ནས་ང་ཚོ་བོད་འབངས་ཀུན་འཛམ་གླིང་གི་མི་གྲལ་ལ་ཚུད་ཐུབ་པ་འདི་ནི་ྋགོང་ས་མཆོག་གི་བཀའ་དྲིན་ཡིན་པར་བརྟེན་ནས་བཀའ་དྲིན་ཕྲ་མོ་ཙམ་གསབ་ཆེད་དུ་བདག་གིས་འདི་ལྟར་བྲིས་པ་ཞིག་ཡིན། དེ་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༤ འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་བྲིས་པ་ཞིག་ཀྱང་། འོན་ཀྱང་རང་ཉིད་ཤེས་ཚད་དམན་པའི་དབང་གིས་བརྗོད་བྱ་རྗོད་བྱེད་མི་མཛེས་པ་སོགས་མཆིས་ཚེ་ཀློག་པ་པོ་རྣམས་ཀྱི་མདུན་དུ་བཟོད་གསོལ་ཞུ་རྒྱུ་དང་བཅས།
གངས་ཅན་བོད་འབངས་ཡོངས་ལ།། བཀའ་དྲིན་བླ་མེད་ཆེ་བའི།།
༸རྒྱལ་བ་ཡིད་བཞིན་ནོར་བུ།། འཛམ་གླིང་སྐད་གྲགས་ཆེ་བའི།།
ནོར་ཝེར་ཞི་བདེའི་གཟེངས་རྟགས།། འབུལ་བཞེས་མཛད་ནས་མི་ལོ།།
ཉེར་བཞི་འཁོར་བའི་དགའ་སྟོན།། འཚམས་འདྲི་གྲངས་མེད་ཞུ་འོ།།
༸རྒྱལ་བ་སྐུ་ཚེ་བརྟན་ཅིང་།། ཐུགས་ཀྱི་བཞེད་དགོངས་མཐའ་དག།།
གེགས་མེད་ལྷུན་འགྲུབ་ཡོང་བའི།། གསོལ་བ་སྙིང་ནས་འདེབས་སོ།།
ཞེས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༩ ཉིན་མོར་ཕུལ།།
ཟུར་བལྟའི་ཡིག་ཆ་ནི་གཤམ་གསལ་ལྟར།
༡་ ྋགོང་ས་མཆོག་གི་མཛད་རྣམ།
༢་ བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག
༣་ དབུ་མའི་ལམ་གྱི་བྱུང་རབ་ངོ་སྤྲོད།
༤་ བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཟབ་སྦྱོང༌།
༥་ སྐབས་བཅུ་བཞི་པའི་ཚོགས་དུས་གསུམ་པའི་གྲོས་ཚོགས་གསར་ཤོག
༦་ ཤེས་བྱའི་གསར་ཤོག འདོན་ཨང་ ༥ ཕྱི་ལོ་ ༢༠༠༥ ༡༡
༧་ བོད་མིའི་རང་དབང་གསར་ཤོག འདོན་ཨང་ ༣ ལོ་ ༤༧
༨་ བོད་ཀྱི་དུས་བབ།
༩་ རྒྱལ་མཆོག་ཡབ་སྲས་ཀྱི་མཛད་རྣམ།
གངས་ཅན་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད།།
ཨ་རོགས་མེ་དཀར།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད།།
དིལ་མཁྱེན་པས་གསུང་རེད་ཀོ
ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།
འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རིའི་མགོན།།
སྲིད་གསུམ་དབང་བསྒྱུར་ཕན་བདེ་བདུན་རྩིའི་མཛོད།།
མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།
ཅེས་པ་འདི་ནི་༧དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས༧་སྙན་བསྐུལ་གསོལ་འདེབས་ཞུས་པ་ལྟར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་གསུང་བྱིན་རླབས་ཅན་ལགས་སོ།།
ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།
འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རིའི་མགོན།།
སྲིད་གསུམ་དབང་བསྒྱུར་ཕན་བདེ་བདུན་རྩིའི་མཛོད།།
མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས།།
འདི་སུས་མཛད་མིན་ཤེས་མ་སོང་།
པདྨ་ལགས། ཤེས་ཀི་ཡོད།
འདས་པའི་སངས་རྒྱས་རྣམས་ཀྱི་གདུང་ཚབ། །
ད་ལྟའི་སངས་རྒྱས་རྣམས་ཀྱི་འགན་འཁུར། །
མ་འོངས་བྱམས་པའི་དྲུང་དུ་འདྲེན་མཛད། །
ཆོས་ཀྱི་རྒྱལ་པོའི་༸སྐུ་ཚེ་ཡུན་བརྟན། །