བཀྲ་ཤིས་ཞི་བདེའི་སྣང་བ་འཛམ་གླིང་དུ།།
འཆར་བའི་ཉིན་མོ་སྐལ་བཟང་གླུ་རུ་ལེན།།
དེ་རིང་བཀྲིས་ཉིན་མོར་སྐལ་ལྡན་རྣམས།།
དགའ་བའི་གླུ་དབྱངས་ཅི་གར་མི་ལེན་གང་།།
རྐང་དམག་མཚོ་དམག་གནམ་དམག་མི་ལྡན་ཞིང་།།
མཚོན་ཆ་ཁབ་སྐུད་ཙམ་དང་བྲལ་ན་ཡང་།།
འཇིགས་རུང་དྲག་པོའི་སྒོ་མཚོན་ལྡན་པ་ཡི།།
རྒྱ་ནག་རྒྱལ་པོས་ཀུན་ཏུ་འཇིགས་སྣང་བྱེད།།
ཐུགས་ནི་ཞི་བསིལ་ཕན་བདེའི་འོད་དཀར་གྱིས།།
འཛམ་གླིང་དམག་འཁྲུག་མཚན་མོའི་མུན་ནག་དག །
སྐད་ཅིག་ཉིད་ལ་འཇོམས་མཛད་རྒྱལ་བའི་སྲས།།
བླ་མ་བསྟན་འཛིན་རྒྱ་མཚོ་ཨེ་མ་མཚར།།
གང་གིས་འཛུམ་པའི་ཞལ་དཀྱིལ་སྣང་བྱེད་ཀྱིས།།
སྐྱེ་ག་ན་འཆི་ལ་སོགས་སྙིགས་མ་ལྔའི།།
གདུང་བས་མནར་བའི་འཛམ་གླིང་སྐྱེ་འགྲོ་ཀུན།།
ཞི་བདེའི་སྣང་བའི་པདྨོ་བཞད་པར་བྱེད།།
གསུང་དབྱངས་དབྱར་རྔའི་སྒྲ་ཡིས་དམ་པའི་ཆོས།།
ལྷང་ལྷང་བསྒྲོགས་མཛད་གང་གི་བྱིན་མཐུ་ཡིས།།
ལུས་ཅན་ལས་ངན་བག་ཆགས་རབ་ཞི་ནས།།
བདེན་པ་དམ་པའི་ལམ་ལ་བཀྲི་བར་མཛད།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཀྱིས།།
འགྲོ་བ་བདེ་ཆེན་ལམ་ལ་ལེགས་འགོད་ཅིང་།།
འཇིག་རྟེན་མི་ཆོས་སྲིད་ཀྱི་གསུང་ཟབ་མོས།།
སྟོབས་ཆེན་རྒྱལ་པོའི་ཡིད་ཀྱི་བརྟན་པ་འཕྲོག །
ལས་ངན་མ་རུང་ཀླ་ཀློའི་སྤྱོད་ངན་གྱིས།།
ཚིག་མཚོན་དུག་མདའ་ངལ་བས་ཕང་ན་ཡང་།།
ཇི་ལྟར་རྡོ་མཚོན་མེ་ཏོག་ཆར་པ་ལྟར།།
བྱམས་བརྩེའི་གསུང་ལན་ཆོས་ཀྱི་དབྱངས་སྙན་ཅན།།
གང་ལ་གང་འདུལ་ཆོས་སྲིད་ལམ་སྟོན་ཅིང་།།
འཛམ་གླིང་ཞི་བདེར་འགོད་མཛད་བླ་མ་མཆོག །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
མཛད་འཕྲིན་སྐལ་བརྒྱའི་བར་དུ་རྒྱས་འགྱུར་ཅིག །
རྗེས་སུ་ཡི་རང་ཡོད། ཡག་པོ་འདུག རྒྱལ་བ་འདི་པ་ངོ་མ་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་སྙིང་རྗེ་དཔག་ཏུ་མེད་པ་འཁྲུངས་ནས། ཤར་ནུབ་གང་སར་ཕེབས་ཀྱང་། སེམས་ཅན་པ་ཕན་པ་དང་བདག་པས་གཞན་གཅེས་ཀྱི་བཀའ་སློབ་ཁོ་ནས་དུས་གདའ། ཆོས་ལུགས་ཀྱི་ཞེན་ཁོག་མེད་ཅིང་། ཕ་ཡུལ་གྱི་རྨོངས་ཞེན་མེད་པར། སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ལ་ཁ་ཡོད་ལག་ཡོད་ཐོག་ཤུགས་རྒྱག་མཁན་གྱི་བླ་མ་ཚད་ལྡན། ཐོས་བསམ་ཀུན་གྱིས་ཕྱུག་པ། རྟེན་དགེ་སློང་ཡིན་པ་འདི་ལྟ་བུ་སླར་ཡང་འཇིག་རྟེན་འདིར་བྱོན་རྒྱུ་དཀའ་སྙམ།
ཆབ་སྲིད་ལུད་ཀྱི་དཀྱིལ་ནས་འཚར་ཡང་མི་སྡུག་དྲི་མས་མ་འགོས་ཤིང་།
ལ་རྒྱར་དགའ་བའི་བོད་ལ་འཁྲུངས་ཀྱང་ལུང་ཁུག་ཞེན་ཁོག་མ་མཆིས་པ།
ཆོས་ཀྱི་ཐོས་བསམ་ལུགས་ལ་འབད་ཀྱང་ཆོས་ལུགས་ཞེན་པས་མ་རྨོངས་པ།
བཤེས་གཉེན་ཁྱེད་ནི་ངོ་མཚར་ཆེ་བའི་ཤ་ཀྱའི་རིགས་ཀྱི་རྗེ་ཁོ་ན།
མི་ཚེའི་ཡུག་གཅིག་ཐོས་པས་འདས་ཀྱང་ད་དུང་ཤེས་བྱས་མི་ངོམས་པ།
ཉིན་མཚན་ཀུན་དུ་སྒོམ་ལ་བཞུགས་ཀྱང་ད་དུང་རྟོགས་པས་མི་ངོམས་པ།
ཆུ་ཚོད་ཉེར་བཞི་གཞན་དོན་མཛད་ཀྱང་ད་དུང་རྫོགས་རྒྱུ་མེད་པའི་ལས།
བླ་རྒན་ཨུ་ཚུགས་ཅན་པོ་ཁྱེད་ནི་ཡིད་ལ་འཆི་བ་མི་དྲན་ནམ།
དྲ་གྲོགས་བསམ་ཤེས་ལགས་སུ་ཕེབས་བསུ་ཞུ།
སྟོང་གསུམ་ནོར་གྱིས་རྒྱལ་བའི་མཆོད་སྤྲིན་དུ།།
རབ་ཏུ་སྤྲོ་ཡང་དྲིན་ལན་ཞལ་དཀའ་བས།།
དགེ་བའི་ཚིག་གི་གཟེགས་མ་རེ་རེས་ཀྱང་།།
དུག་གསུམ་དྲི་ངན་དལ་གྱིས་སེལ་བར་ཤཽག །
གྱ་དགུའི་བཅུ་གཉིས་ཚེས་པ་ལ་བཅུ་པ་ལ། །
ཞི་བདེའི་གཟེངས་རྟགས་བཞེས་དུས་ཞལ་པད་རྒྱས། །
ས་ཡ་དྲུག་པའི་རྐང་དྲུག་བྲོ་ཁྲབ་ལྟར། །
ཉེར་བཞིའི་དུས་འདིར་སླར་ཡང་བསྟོད་དབྱངས་བླངས། །
གྱ་དགུའི་བཅུ་གཉིས་ཚེས་པ་བཅུ་པ་ལ། །
ཞི་བདེའི་གཟེངས་རྟགས་བཞེས་དུས་ཞལ་པད་རྒྱས། །
ས་ཡ་དྲུག་གི་རྐང་དྲུག་བྲོ་ཁྲབ་ཅིང་། །
ཉེར་བཞིའི་ལོ་ལའང་བསྟོད་དབྱངས་ཡང་ཡང་བླངས། །
དྲ་གྲོགས་ལགས། འཚམས་འདྲི་ཞུ།
བསམ་གླིང་ལགས། སྐུ་ཉིད་ནས། ལྡོག་པའི་དཔེར་བརྗོད་ཞིག་ལ་བརྟེན་ནས། རྒྱལ་བའི་མཛད་པ་ཞིག་ཕྲིས་རོགས། དགེ་ཆོས་ཀྱི་སྟོན་པ་བཅོམ་ལྡན་འདས་ལ་ལྡོག་པའི་དཔེ་རྒྱན་ལ་བརྟེན་ནས་བསྟོད་པ་ལེགས་པོ་ཞིག་བྲིས་པ་གོ་མྱོང་།
བོད་ཀྱི་བུ་མོའི་ཉི་གཞོན་འཆར་བ་ཡིས།
བོད་ཀྱི་བུ་མོ་མང་པོར་འོད་སྣང་སྦྱིན།
བོད་ཀྱི་བུ་མོ་མང་པོའི་པདྨའི་དྲིས།
བོད་ཀྱི་རིག་གཞུང་སྣུམ་ཞིང་བརྗིད་པར་འགྱུར།།
ཡི་གེའི་འགྲོས་འགའ་ཞིག་ལ་དཔྱད་དགོས་ཏེ། དེ་ཡང་།
དེ་རིང་བཀྲིས་ཉིན་མོར་སྐལ་ལྡན་རྣམས།།
བཀྲིས། ཚིག་སྡུད་མེད་པར་བཀྲ་ཤིས། ཞེས་འབྲི་ན། བོད་ཀྱི་བུ་ཆུང་རྣམས་དང་། ཕྱི་ལོགས་པའི་སློབ་མ་གསར་པ་རྣམས་ལ་ཕན།
་
མཛད་འཕྲིན་སྐལ་བརྒྱའི་བར་དུ་རྒྱས་འགྱུར་ཅིག །
བགོ་སྐལ་དང་དུས་ཀྱི་བསྐལ་པ་གཉིས་ལས་འདིར་ཕྱི་མ་དེ་ཡིན་པར་ངེས།
རྒྱ་ནག་རྒྱལ་པོས་ཀུན་ཏུ་འཇིགས་སྣང་བྱེད།།ཅེས་པར་
རྒྱ་ནག་དམར་ཕྱོགས་ཀུན་ཏུ་འཇིགས་སྣང་བྱེད།། རྒྱ་ནག་རྒྱལ་པོ་དེ་དམར་ཕྱོགས་པས་མེད་པར་བཟོས་པའི་གློག་བརྙན་ཞིག་ཀྱང་ཡོད།
སྐྱེ་ག་ན་འཆི་ལ་སོགས་སྙིགས་མ་ལྔའི།།
ཀློག་ལེགས་པར་སྦྱོང་འདོད་ཡོངས་ཀྱིས་ར་སྒྲ་ཡང་ངག་ཏུ་ཡོད་པར་བྱས་ན། ཡི་གེ་དག་པ་སོགས་ཕན་ཡོན་ཆེ།
ལྷང་ལྷང་བསྒྲོགས་མཛད་གང་གི་བྱིན་མཐུ་ཡིས།། ཞེས་པར་
ལྷང་ལྷང་སྒྲོགས་མཛད་གང་གི་བྱིན་མཐུ་ཡིས།། ཞེས་ད་ལྟ་བ་དགོས། བསྒྲགས། བསྒྲག། སྒྲོགས། རིམ་བཞིན་འདས་མ་འོངས་སྐུལ་ཚིག་ལ་འཇུག
ཚིག་མཚོན་དུག་མདའ་ངལ་བས་ཕང་ན་ཡང་།། ཞེས་པར།
ཚིག་མཚོན་དུག་མདའ་ངལ་བས་ཕངས་ན་ཡང་།། ཞེས་འདས་ཚིག་ལ་སའི་ཡང་འཇུག་ཀྱང་ངག་ཏུ་འཐོན་པར་བྱས་ཏེ་སྦྱངས་ན། རང་ཤུགས་ཀྱིས་ཡི་གེ་དག་པ་འབྱུངངོ་།
མི་གྲངས་ས་ཡ་འགའ་ཡིས་གང་བ་ཡི།
མགྲོན་ཁང་བརྗིད་ཅིང་ཉམས་དགའི་ནང་ལོགས་སུ།
བགྲོ་གླེང་བྱེད་པར་བོས་པའི་སྐལ་བ་འདི།
བོད་ཀྱི་རིག་གཞུང་ངལ་མེད་སྦྱངས་པའི་འབྲས།།
སློབ་དཔོན་ཆེན་པོ་རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས་ཡི་གེ་དག་པར་བྱེད་པའི་འཁྲུས་གསོལ་གནང་བར་སྙིང་ནས་དགའ་གུས་ཞུ།
འོན་ཀྱང་གུས་མོས་སྐུ་ཉིད་དང་། བསེ་རུ་ལགས། དེ་བཞིན་རྩོམ་སྒྲིག་པ་ལགས་མ་གཏོགས་གཞན་གྱིས་གང་བྱུང་དག་བཅོས་ཡ་མ་བརླ་ཞིག་བྱེད་པར་ངོས་ལེན་བྱེད་ཀྱི་མིན།
ད་དུང་སློབ་དཔོན་མཆོག་ལ་ཞུ་རྒྱུར། གུས་མོས་རྒྱལ་པོ་ཞེས་པ་དེ་སྐྱེ་བོ་ཀུན་ལས་དཔའ་མཛངས་མཁས་གསུམ་གྱིས་རྒྱལ་བས་མིའི་བདག་པོ་ལྟ་བུར་འགྱུར་བས་རྒྱལ་པོ་ཞིག་ཡིན་པར་འདོད་པས།
རྒྱ་ནག་ཙམ་མ་ཟད། འཛམ་གླིང་དཔོན་རིགས་ཆེ་ཁག་རྣམས་ནི་མི་ཡི་རྒྱལ་པོ་ཡིན་སྙམ་ཤར་ཡོང་བ་ཞིག་འདུག།
བསྡུས་ཡིག་དེ་སྐུ་ཉིད་ཀྱི་བཀའ་སློབ་ལ་བརྟེན་ནས་དེ་སྔོན་སྤངས་ཡོད་ཀྱང་། ད་རེས་ཡང་ཤོར་འདུག།