བཀྲ་ཤིས་དོན་འགྲུབ།
ཉིན་ཤས་སྔོན་ཨྱོན་ཉི་མས་ངོ་དེབ་ནང་ནས་ཕུང་གསུམ་པ་ཞེས་པའི་བརྗོད་དོན་དེ་ཡང་བསྐྱར་གླེང་འགོ་ཚུགས་སོང་ལ། ཁོས་བཤད་སྟངས་ལ་ཕུང་གསུམ་པ་གླེང་པ་ནི་ཁོས་གནས་ལུགས་བླ་མེད་ཅིག་ཤོད་སོང་བར་མ་ཟད། བསྟན་དོན་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་མངོན་སྟངས་ཤིག་ཀྱང་ཡིན་རབས་བརྗོད། གཞི་རྩའི་ཆ་ནས། ཕུང་གསུམ་པ་དང་ཕུང་བཞི་པ་རྣམས་དངོས་སུ་རྦོད་རྦད་བསད་གསུམ་གྱི་ལས་ལ་ཞུགས་ནས་དམར་རྫིང་ཡ་ང་བ་འདྲ་བྱས་ནའང་། ང་ལ་མཚོན་ན་རྩོད་གླེང་བར་སྡུམ་བྱེད་པའི་འོས་འགན་དང་དོན་སྙིང་སོགས་གང་ཡང་ཡོད་པར་མི་སེམས་པས། གནད་དོན་དེ་ནམ་ཡང་བློ་ཐག་རྦད་ཆོད་ཀྱིས་ལིང་བསྐྱུར་བྱེད་ངེས་ཀྱང་།
ཆེས་བློ་མི་བདེ་བ་ཞིག་ལ། ཨྱོན་ཉི་མས་རང་དོན་ཕུགས་སུ་བཅུག་ནས་བསྟན་དོན་གླེང་རབས་དང་། འཁྱོག་བཤད་མངོན་སུམ་དུ་བྱས་ཏེ་གནས་ལུགས་བཤད་རབས་གླེང་གིན་འདུག་ན། ང་ནི་དངོས་གནས་རང་བཟོད་སྒོམ་བྱེད་ཐུབ་པ་ཞིག་མི་འདུག་པས། ཁོའི་རྩོམ་འཆལ་དག་གི་འོག་ཏུ་ཕུང་གསུམ་པའི་སྐོར་ནས་གླེང་རི་ཡོད་པའི་བགྲོ་གླེང་ཞིག་བྱུང་རེའི་མཆན་ཡིག་འདྲ་བཀོད་མོད། མ་བསམས་ས་ནས་བགྲོ་གླེང་དེ་ཁྱོད་ཤི་ང་གསོན་གྱི་ཚིག་མཚོན་གྱི་ངོ་བོར་གྱུར་སོང་བ་དང་གཅིག། དེར་མཆན་འགོད་མཁན་གཞན་མང་ཤོས་ཀྱི་མཆན་བུའི་ནང་དོན་དང་ཕྱོགས་གཏོགས་ལ་བལྟས་ན། ཨྱོན་ཉི་མ་དང་ཁོ་ཚོའི་བར་ལ་ཅི་ཞིག་གི་ཤ་འཁོན་རྩོད་ཀྱི་ཡོད་པའི་སྣང་བ་ཞིག་འཆར་བས། ང་རང་དོན་མེད་རྩོད་གླེང་དེར་ཚུད་པར་བློ་ཕམ་བྱུང་།
ད་དུང་ཨྱོན་ཉི་མས་ཀྱང་ང་ལ་ཕུང་གསུམ་པ་ཆེན་པོའི་གསོས་ཕྲུག་ཅེས་དངོས་སུ་ལབ་འགོ་ཚུགས་བྱུང་། མ་གཞི་ཁོས་ཕུང་གསུམ་པའི་གསོས་ཕྲུག་ལབ་ན་ང་རང་དེ་འདྲར་འགྱུར་བ་ཞིག་མ་ཡིན་ཡང་། བརྗོད་གཞི་འདིའི་ཐད་ལ་དོན་མཐུན་གྱི་སྐད་ཆ་ཚིག་གསུམ་མ་བཤད་ན་མི་འགྲིག་པར་མཐོང་བས་རྩོམ་འདི་འབྲི་བའི་བགྱི་བ་ལྷུར་བླངས་པ་ཡིན།
༡ ཕུང་གསུམ་པའི་རྒྱུ་རྐྱེན་གླེང་བ།
ཨྱོན་ཉི་མས་བཤད་ཚུལ་ལ་ལྟ་རྟོག་བྱས་པ་ལྟར་ན། ཕུང་གསུམ་པ་ཞེས་པ་དེའི་ངོ་བོ་ནི། སྡེ་གཉིས་པོ་གང་ཡང་མིན་པའི་འཆལ་སྡེ་ཡི་རང་བཞིན་ཞིག་དང་། དེ་ལ་དབྱེ་ན་ཆེ་འབྲིང་ཆུང་གསུམ་དུ་དབྱེ་རྒྱུ་ཡོད་རབས་ཟེར། ཕུང་གསུམ་པ་འབྲིང་བ་དང་ཆུང་བ་དག་དམིགས་བསལ་གླེང་བའི་གནད་འགག་མ་མཆིས་པས་རེ་ཞིག་བསྐྱུར་བ་ཡིན་ལ། གནད་དོན་གྱི་གཙོ་བོ་ནི། ཕུང་གསུམ་པ་ཆེན་པོ་ཞེས་པ་འདིའི་སྟེང་ན་ཡོད་པ་འདྲ་བས་འདི་ནས་ཀྱང་གཙོ་བོ་དེ་གླེང་འདོད་པ་ཡིན། ཨྱོན་ཉི་མས་ནི་དུས་རྒྱུན་ཕུང་གསུམ་པར་མིང་བཏགས་པའི་སྐྱེ་བོ་འགའ་ཞིག་གི་མིང་ནས་བོས་ཏེ། སྐྱོན་བརྗོད་གནམ་སར་མི་ཤོང་བ་བྱེད་ཀྱི་འདུག དེར་ང་ཚོས་དྲི་བ་འདི་འདྲ་ཞིག་འདྲི་ཆོག་སྟེ། གལ་སྲིད་ཨྱོན་ཉི་མས་སྐྱོན་བརྗོད་བྱེད་པའི་སྐྱེ་བོ་དེ་ཚོས་ཕུང་གསུམ་པ་ཆེན་པོའི་གོ་གནས་དེ་བསྐྱུར་བཞག་པའི་དབང་དུ་བཏང་ནའང་། དེའི་རིགས་ཡང་བསྐྱར་གསར་དུ་མི་འབྱུང་བའི་ངེས་བྱེད་ག་རེ་ཡོད་དམ་་་་་་? ཞེས་པ་དེ་རེད། ངས་བལྟས་ན་ཕུང་གསུམ་པ་ནི་མུ་ནས་མུར་འབྱུང་ངེས་ཏེ། རྒྱུ་ཚོགས་ཚང་ན་འབྲས་བུ་སྐྱེ་ངེས་པ་ཆོས་ཉིད་ཡིན་པའི་ཕྱིར་རོ།།
འོ་ན་ཅི་ཞིག་ནི་ཕུང་གསུམ་པ་ཆེན་པོའི་རྒྱུ་ཡིན་ཞེ་ན། བོད་ཀྱི་ཡང་སྲིད་ལམ་ལུགས་འདི་ནི་ཕུང་གསུམ་པ་ཆེན་པོའི་ཐོན་ཁུངས་སམ་རྒྱུའི་གཙོ་བོ་དེ་ཡིན་ལ། གོ་བདེ་པོས་བཤད་ན། ཕུང་གསུམ་པའི་བཟོ་གྲ་ཆེ་ཤོས་དེ་ཡིན་ཞིང་། ཨྱོན་ཉི་མས་ཕུང་གསུམ་པ་ཆེན་པོར་བསྙད་པ་དེ་ཚོ་ཡང་དོན་ལ་ལམ་ལུགས་འདིས་བཟོ་སྐྲུན་བྱས་པ་རྐྱང་རྐྱང་རེད། རེད་དེ། ཨྱོན་ཉི་མས་གནད་དོན་འདིའི་ཟུར་ཙམ་ཡང་གླེང་བར་མི་བྱེད་ལ། ཐ་ན་འབྲེལ་བ་ཡོད་རབས་ཙམ་ཡང་མི་གླེང་བར་འདུག དངོས་གནས་ཁག་མེད་པ་འདྲ་སྟེ། ཡང་སྲིད་ལམ་ལུགས་འདིའི་བཀའ་དྲིན་གྱིས་དེ་རིང་ཁོ་ལ་སྐད་ཆ་སྦོམ་པོ་བཤད་རྒྱུའི་གོ་སྐབས་དང་། སྐྱིད་རྒྱག་རྒྱུའི་སྐལ་པ་ཐོབ་སོང་བས། ནམ་ཡང་སྲིད་ལུགས་འདི་རྩ་མེད་ཆགས་ན། དེ་ཉིན་ཨྱོན་ཉི་མས་ལྷ་འཆི་འཕོ་ལྟུང་གི་སྡུག་བསྔལ་མྱོང་ངེས་པའི་ཕྱིར་ན། ཁོས་འདི་ལ་ལག་པ་མི་འཆང་བར་ཁག་ཁྱོན་ནས་མེད།
ཡང་སྲིད་ལམ་ལུགས་འདིའི་བྱུང་བ་ལ་ཆ་བཞག་ན་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ངོ་བོ་ཡང་ཆབ་སྲིད་ཀྱི་ངོ་བོ་ཡིན་པ་ལས། ལམ་ལུགས་འདི་ནང་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་བ་གང་ཡང་གྲུབ་མེད། དེ་ཡང་བོད་ཀྱི་ལོ་རྒྱུས་ནང་ཆོས་ལུགས་པས་སྲིད་ཀྱི་གོ་གནས་འཛིན་པའི་དུས་རབས་ཤིག་གི་འགོ་ཚུགས་མྱོང་ཡོད་ཅིང་། དེ་དུས་ཆོས་ལུགས་པ་ནང་ཁུལ་སྲིད་ཀྱི་གོ་ཐོབ་ཐད་འགལ་བ་ཛ་དྲག་པོ་ཐུག་ཡོད། དེ་བས་ཆོས་ལུགས་བྱེ་བྲག་པ་ཚོས་སོ་སོའི་ས་ཁོངས་རྒྱ་སྐྱེད་དང་རྒྱབ་རྟེན་དུད་ཚང་གི་དགོས་མཁོ་ལ་དམིགས་ནས། ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་འདི་སྲོལ་བཏོད་པ་གཞིར་བཟུང་གྲུབ་འབྲས་ཀྱང་བླ་ན་མེད་པ་ཐོན་ཡོད། བོད་མིའི་ཆོས་དད་ཆེ་བའི་སེམས་ཁམས་དེས། དངོས་གནས་དྲང་གནས་ཡང་སྲིད་ལམ་ལུགས་འདིར་གོ་སྐབས་ལྷག་པོར་བསྐྲུན་ཡོད་པས་མི་ཚད། ལམ་ལུགས་འདི་ཡུན་གནས་དང་སྲ་བརྟན་ཆགས་པའི་རྨང་གཞི་བཏིང་ཡོད་པ་རེད།
དེ་མིན་ལམ་ལུགས་འདི་ནང་ཆོས་དང་“མེད་ན་མི་འབྱུང་བའི་འབྲེལ་བ”གྲུབ་ཡོད་པར་སྨྲ་ན་ནི་ལོང་གཏམ་འབའ་ཞིག་སྟེ། འདས་པའི་རྒྱ་གར་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་། བོད་ཡུལ་གྱི་མཁན་སློབ་ཆོས་གསུམ་གྱི་དུས་རབས་དེ་དག་ལ་ཆ་བཞག་ན། ནང་ཆོས་དར་བའི་རྩེ་མོར་སོན་ཡོད་ཀྱང་། དེ་དུས་ཡང་སྲིད་ལམ་ལུགས་འདི་ཡོད་པ་མིན་ལ། རྒྱ་གར་པཎ་གྲུབ་བཅུ་བདུན་བོད་ཀྱི་འཇམ་དབྱངས་རྣམ་གསུམ་དང་། མར་མི་དྭག་གསུམ་ལྟ་བུའི་མཁས་པ་དང་གྲུབ་པའི་རྩེ་མོར་སོན་པ་བྱུང་མྱོང་ཡོད་པ་རྣམས། སུ་ཞིག་གི་ཡང་སྲིད་དུ་ངོས་འཛིན་དང་ཁྲི་འདོན་བྱས་རབས་མི་འདུག་མོད། བསྟན་པ་ལ་བྱས་རྗེས་ཤིག་ཆེ་དགོས་ན་ཁོང་ཅག་ལས་ལྷག་ཅིག་སྔར་བྱོན་མ་མྱོང་ལ་ཕྱིས་འབྱོན་མི་སྲིད། དེས་ཀྱང་ཡང་སྲིད་ལམ་ལུགས་མེད་ན་ནང་བསྟན་མེད་པར་མི་ཆགས་པའི་རང་བཞིན་ཏེ། “མེད་ན་མི་འབྱུང་བའི་འབྲེལ་བ”གྲུབ་མེད་པར་གོ་བརྡ་ཆེན་པོ་ཞིག་སྤྲད་མི་འདུག་གམ།
དེ་ལྟར་མོད་ཀྱི། བོད་ཀྱི་ཡང་སྲིད་ལམ་ལུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ལག་རྗེས་ཏིལ་ཙམ་ཡང་བཞག་མེད་ཟེར་ན། དེ་ཡང་ཐལ་ཆ་ཆེ་བའི་སྐད་ཆ་ཡིན་པ་ལས་ཚད་ངེས་ཅན་གྱི་ལག་རྗེས་ནི་བཞག་ཡོད་པ་དངོས་འབྲེལ་རེད། ཡིན་ན་ཡང་། དེ་ནི་དུས་རབས་དང་སྤྱི་ཚོགས་ཀྱིས་བྱིན་པའི་ལེགས་སྐྱེས་ཤིག་ལས། ཡང་སྲིད་ལམ་ལུགས་རང་ངོས་ཀྱི་མེད་ཐབས་མེད་པའི་ཁྱད་ཆོས་གང་ཡང་མིན། དེ་ཡང་བོད་ཀྱི་འདས་པའི་སྤྱི་ཚོགས་ནི་བཀས་བཀོད་བརྒྱུད་འཛིན་གྲལ་རིམ་གྱི་སྤྱི་ཚོགས་ཤིག་ཡིན་པས། སྤྱི་ཚོགས་དེར་སྤྲུལ་སྐུ་དང་སྐུ་དྲག་གི་ཕྲུ་གུ་རྣམས་ལ་སློབ་གསོའི་ཁོར་ཡུག་སོགས། མི་དམངས་ཕལ་པ་ལ་མེད་པའི་གོ་སྐབས་དམིགས་བསལ་བ་མང་པོ་ཐོབ་ཀྱི་ཡོད་ཙང་། གྲུབ་འབྲས་ལེན་མཁན་མང་ཤོས་ཀྱང་ཁོ་ཚོ་ཡིན་པ་ནི་སྨོས་མ་དགོས་པ་རེད། འོན་ཀྱང་ད་ལྟའི་དུས་རབས་ལ་ཆ་བཞག་ན། བོད་ཀྱི་ཆབ་སྲི་ཀྱི་ངོ་བོ་རིམ་པས་དམངས་གཙོའི་ཕྱོགས་སུ་འཕོ་འགྱུར་འབྱུང་བཞིན་ཡོད་པའི་རྨང་གཞིའི་ཐོག རང་དབང་དང་འདྲ་མཉམ་ཞེས་པའི་རྒྱུན་ཤེས་དེ་དག་ལ་གོ་རྟོགས་དང་ལག་ལེན་གྱི་ཕྱོགས་ནས་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པས། དུས་རབས་འདི་ལ་ལྟོས་ན། སྤྲུལ་སྐུ་ཚོར་མི་དམངས་ཕལ་པ་ལས་ལྷག་པའི་དམིགས་བསལ་གྱིས་འཇོན་ནུས་གང་ཡང་སྟོན་རྒྱུ་མེད་པའི་ཁར། ཡང་སྲིད་ལམ་ལུགས་དེ་ནི་ཡང་སྤྲུལ་སྐུའི་མིང་ཅན་ཚོ་སྐྱག་ལང་དུ་གཏོང་བྱེད་ཀྱི་ལག་ཆ་ཙམ་དུ་འགྱུར་བཞིན་འདུག་པ་མངོན་སུམ་པ་འདི་དག་རེད།
མི་བདེན་སྙམ་ན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕུད་པའི་བོད་ཕྱི་ནང་གི་སྤྲུལ་སྐུའི་མིང་ཅན་ཡོངས་སུ་རྫོགས་པ་བསྡོམས་ནའང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལྟ་བུ་མི་དམངས་དཀྱུས་མ་ཞིག་གི་གོ་ས་ནས་འགྲེང་ཡོད་མཁན་ཞིག་གི་མཛད་རྗེས་ལའང་དོ་ཐུབ་ཀྱི་མེད་པའི་གནས་ལུགས་ལ་ཞིབ་འདང་ཞིག་རྒྱོབས་དང་། དེས་ཀྱང་མགོ་རྔ་ཚང་བའི་གོ་བ་ཞིག་སྤྲད་ཡོང་ངེས། རྒྱུ་མཚན་དེ་དག་གིས་བོད་ཀྱི་ཡང་སྲིད་ལམ་ལུགས་འདི་ནི་ནམ་ཡང་ཆབ་སྲིད་ཀྱི་འཕོ་འགྱུར་དང་དབྱེ་བ་དགར་ཐབས་མེད་པར་བསྟན་ཡོད་ལ། ཡང་སྲིད་ལམ་ལུགས་ཀྱི་བྱུང་བ་དང་ངོ་བོ་འཕེལ་རིམ་གང་ཡང་དེ་ལྟར་ཡིན་པར་འདོད།
ངས་དེ་ལྟར་བཤད་ན། ཁྱེད་ཀྱིས་ལམ་སེང་འོ་ན་༧རྒྱལ་བ་རིན་པོ་ཆེ་དང་༧གྲུབ་དབང་རིན་པོ་ཆེ་དང་༧འབྲུག་ཆེན་སྐྱབས་མགོན་རྣམས་ཀྱང་དུས་རབས་འདིའི་ནང་གི་སྤྲུལ་སྐུ་མིན་ནམ། ཁོང་ཚོས་ཆོས་ཕྱོགས་ལ་བཞག་པའི་མཛད་རྗེས་དེ་དག་མི་མཐོང་ངམ་ཟེར་ངེས་ཀྱང། དེ་ལ་དོགས་པ་ཙམ་ཡང་མེད་པར་བཤད་ཐུབ་པ་ནི། ད་ལྟ་འཚོ་ཞིང་བཞུགས་པ་དང་གཤེགས་ཟིན་པའི་བོད་ཀྱི་བླ་མ་རྒན་རབས་པ་དེ་དག་ཆ་ཚང་སློབ་གསོའི་ཁོར་ཡུག་རྙིང་པ་དེའི་ཁྲོད་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད་ལ། རྣམ་པ་གཅིག་ཏུ་ན་སྐྱེས་བུ་རླབས་ཆེན་འཁྲུངས་བའི་རྒྱུ་རྐྱེན་ཚང་ན་འབྱོན་ངེས་པ་ལས། སྐྱེས་ཆེན་དེ་དག་གི་མཛད་རྗེས་ཆ་ཚང་བོད་ཀྱི་ཡང་སྲིད་ལམ་ལུགས་ཀྱི་སྟེང་ནས་འགྲེལ་བཤད་རྒྱག་མི་འོས། རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷཱནྡྷི་དང་།(Mahatma Gandhi)ཞི་བདེའི་དེད་དཔོན་ཆེན་མོ་མ་ཡུམ་ཊེརེསཱ།(Mother Teresa) ཨཧྥ་རི་ཀའི་ནེལ་སཱོན་མཱན་ཌ་ལ་(Nelson Mandela)ལྟ་བུ་རྣམས་ཡང་སྲིད་ལམ་ལུགས་ཀྱིས་སྐྱེད་སྲིང་བྱས་པ་མ་ཡིན་ཡང་། འཛམ་གླིང་སྟེང་ནུབ་པ་མེད་པའི་མཛད་རྗེས་བཞག་ཡོད་པས་ན། བོད་ཀྱི་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཚོ་ལ་ཡང་། མཐའ་གཅིག་ཏུ་ཡང་སྲིད་ལམ་ལུགས་ཀྱི་སྟེང་ནས་འགྲེལ་བཤད་རྒྱག་པར་འདོད་ན་ནི། ཨུ་ཚུགས་ཀྱི་དོན་དག་ཅིག་ལས་གནས་ལུགས་ཅི་ཡང་ཡོད་པ་མ་རེད།
དེ་ལས་གཞན་སྤྱི་ཚོགས་གསར་པ་དང་སློབ་གསོ་གསར་པའི་ཁོར་ཡུག་འོག་ནས་ད་ལྟ་འཚར་ལོངས་བྱེད་བཞིན་པ་དང་། མ་འོངས་པ་འཚར་ལོངས་འབྱུང་འགྱུར་གྱི་སྤྲུལ་སྐུ་མང་ཤོས་ནི། ཕུང་གསུམ་པ་ཆགས་བཞིན་པ་དང་ཆགས་འགྱུར་རྐྱང་རྐྱང་ཡིན་པ་ཟུར་བལྟས་ལེབ་མཐོང་འདི་རེད། རྒྱུ་མཚན་དེ་དག་གིས་ར་སྤྲོད་བྱས་འདུག་པ་ནི། ད་ལྟའི་དུས་རབས་འདིར་སྤྲུལ་སྐུའི་ལམ་ལུགས་འདི་ཕྱོགས་ཡོང་ནས་མི་མཁོ་བར་མ་ཟད། འདིས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་ཡོད་དེ། ཨྱོན་ཉི་མའི་སྐད་ཆས་བཤད་ན་“ཕུང་གསུམ་པ”སྐྱེད་སྲིང་བྱེད་བཞིན་ཡོད་པས་མི་ཚད། གཅིག་ནས་སྤྲུལ་སྐུའི་མིང་ཅན་ཚོ་སྐྱག་ལང་དུ་གཏོང་བྱེད་དང་གཉིས་ནས་རྒྱ་ནག་གིས་ཀྱང་གོ་སྐབས་དེ་བཟུང་སྟེ། ༧པཎ་ཆེན་གྱི་ཡང་སྲིད་ངོས་འཛིན་བྱས་སོང་ལ་༧རྒྱལ་དབང་སྐུ་ཕྲེང་བཅོ་བཞི་པའི་ཡང་སྲིད་ཀྱང་ཁོ་ཚོས་ངོས་འཛིན་བྱ་རྒྱུ་ཡིན་རབས་བཤད་ཀྱི་ཡོད། དེས་གསལ་བཤད་བྱས་ཡོད་པ་ནི། གལ་སྲིད་བོད་མིའི་ངོས་ནས་སྤྲུལ་སྐུའི་ལམ་ལུགས་འདི་མགྱོགས་ཙམ་མཐར་སྤྲོད་མ་བཏང་ན། གཞན་གྱིས་བོད་མིའི་དད་མོས་ཁེ་ཕན་དུ་བཟུང་སྟེ། མཐར་ཡང་སྲིད་ལམ་ལུགས་འདི་ནི་མི་རིགས་འདི་ཕུང་ལ་སྦྱོར་བྱེད་ཆབ་སྲིད་ཀྱི་ལག་ཆ་ཡ་ང་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག
དེ་བས་རང་རེའི་སྐྱེས་ཆེན་གཟིགས་རྒྱ་ཅན་༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་ཁོང་གི་སྐུ་ཕྲེང་བཅོ་ལྔ་པ་མཁོ་མིན་དེ་བོད་མི་དམངས་ལ་གདམས་ཁ་སྤྲོད་རྒྱུ་ཡིན་ཞེས་དང་། ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཁོང་གི་ཡང་སྲིད་འཚོལ་མི་དགོས་པར་གསུངས་ཡོད་ཅིང་། ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་སུས་བསྟན་པ་ལ་ཕན་བཏགས་ནའང་དེ་སྤྲུལ་སྐུ་ཡིན་ཞེས་ཡང་ནས་ཡང་དུ་གསུངས་ཡོད་ན། གནས་ལུགས་སྟོང་ལྡན་གྱི་གསུང་འདི་དག་གིས་གསལ་བཤད་བྱས་འདུག་པ་ནི། བསྟན་པ་ལ་སུས་ཕན་བཏགས་ནའང་དེ་ལ་ངེས་པ་དོན་གྱི་སྤྲུལ་སྐུའི་ཁྱད་ཡོན་དེ་རང་བཞིན་གྱིས་ལྡན་ཡོད་པ་ལས། ངེས་པར་དུ་གོང་མའི་ཡང་སྤྲུལ་ངོས་འཛིན་དང་ཁྲི་འདོན་བྱེད་དགོས་ཀྱི་མེད་པར་གསལ་བཤད་བྱས་འདུག་པས། ག་ཤེད་གཅིག་ནས་གསུང་འདི་ཚོས་ནི་ཡང་སྲིད་ལམ་ལུགས་ཀྱི་གསང་བ་དམར་རྗེན་མ་དེ་བརྟོལ་འདུག་སྙམ་ཡོད།
གོང་བཤད་ཀྱི་ལུང་རིགས་དེ་ཚོས་ནི་བོད་ཀྱི་ཡང་སྲིད་ལམ་ལུགས་དེ་ལ་མཇུག་སྡོམ་རྒྱག་དགོས་པར་བསྟན་ཡོད། དེའི་རྒྱུ་མཚན་ནི་ཨྱོན་ཉི་མས་གླེང་བཞིན་པའི་ཕུང་གསུམ་པའི་ཐོན་ཁུངས་སམ་བཟོ་གྲ་ནི་ཡང་སྲིད་ལམ་ལུགས་འདི་རེད་འདུག དེ་མིན་ན། ཨྱོན་ཉི་མས་ཕུང་གསུམ་པར་བཏགས་ནས་དགག་པ་ཚད་མེ་རྒྱག་བཞིན་པའི་མི་དེ་ཚོ་སུ་ཡང་། ཁོང་ཚོ་སྒེར་གྱི་ངོས་ནས་ཁྲི་ཐོག་ལ་འདུག་རྒྱུ་ཡིན་ཟེར་ནས་ཧམ་པ་འཁྲབ་ནས་ཡོང་བ་མིན་པས་མ་ཚད། ང་ཚོས་ཁོང་ཅག་གི་མི་ཚེའི་ཁ་ཕྱོགས་དང་འདོད་མོས། མི་སྒེར་གྱི་ཐོབ་ཐང་ཡོད་ཚད་ལ་རྩིས་མེད་བཏང་སྟེ། བྱིས་པ་བསམ་མེད་ཅིག་ཁྲི་ཐོག་ཏུ་བཙན་འཇོག་བྱས་པ་མ་ཡིན་ནམ། རྒྱུ་མཚན་སོ་ན་གནས་འདུག་པས། མཇུག་འབྲས་འདི་འདྲ་ལས་ཡོང་རྒྱུ་ཅི་ཡོད། འོན་ཀྱང་འདིའི་ཉེས་པ་དེ་མི་སྒེར་གཅིག་དང་གཉིས་ཀྱི་སྟེང་ན་མེད་པར། ཡང་སྲིད་ལམ་ལུགས་འདི་མ་བརྟག་མ་དཔྱད་པར་སྡིག་པ་མིག་བཙུམ་གྱིས་དང་ལེན་བྱེད་པའི་ང་དང་ཁྱོད་ནས་འགོ་བརྩམས་ཏེ། བོད་མི་ཆ་ཚང་ལ་འཁྲི་བ་ཞིག་ཡིན། རྒྱུ་མཚན་ནི། ལམ་ལུགས་དེར་བརྩི་སྲུང་ཞུ་མཁན་མེད་ན་རྒྱུན་གནས་མི་ཐུབ་ལ། བརྩི་སྲུང་ཞུ་མཁན་ཡོད་ན་གཟོད་ལམ་ལུགས་འཛིན་སྐྱོང་བ་ཡང་ཐོན་ཡོང་གི་ཡོད་པ་རེད། དེ་ནི་དུད་འགྲོ་གསོད་མཁན་དང་ཤ་ཟ་མཁན་གཉིས་ཀྱི་དཔེ་དང་འདྲ།
དེ་མ་གཏོགས། ཨྱོན་ཉི་མའི་ལུགས་ལྟར་མི་སྒེར་རེ་ཟུང་ལ་ཚད་ལས་བརྒལ་བའི་མི་གཞི་ཁྱད་གསོད་དང་དམའ་འབེབས་བྱེད་པ་འདི་ནི་དོན་མཐུན་མིན་པའི་ཁར། འདི་ནི་ངོ་མ་དམུ་རྒོད་ཚོས་སྦྱོར་བ་རྩོམ་སྟངས་ཉག་གཅིག་ཡིན། ཡིན་ན་ཡང་ཨྱོན་ཉི་མས་དེ་ལྟར་བྱེད་པར་རྒྱུ་མཚན་གཏན་ནས་མེད་པ་ཡང་མིན་ཏེ། གལ་སྲིད་ཁོས་ཡང་སྲིད་ལམ་ལུགས་བཀག་སོང་ན། ཁོ་རང་ཡང་སྤྲུལ་སྐུའི་མིང་ཅན་ཞིག་ཡིན་ཙང་སྒེར་གྱི་ཁེ་ཕན་ལ་ཕོག་ཐུག་ཤོར་ངེས་ཤིང་། དེ་བས་མི་སྣ་བྱེ་བྲག་པ་དེ་དག་ལ་སྐྱོན་བརྗོད་འདྲ་བྱས་བསྡད་ན། རང་སྒེར་གྱི་སྙིང་ནད་སངས་ཤིང་ཁེ་ཕན་ལ་མི་གནོད་པ་སོགས་ཀྱི་རྒྱུ་མཚན་ཡོད་པའི་ཁར། ཨྱོན་ཉི་མ་བསྟན་པར་ཤ་ཚ་ཡོད་མཁན་ཞིག་ཏུ་འཁྲུལ་ བླུན་པོ་ཅལ་འདྲོགས་ཅན་འགའ་ཞིག་ཀྱང་རྗེས་སུ་གཟུང་ཐུབ་པ་སོགས་ཀྱི་དགོས་དམིགས་ཡོད་པ་རེད།
༢ ཨྱོན་ཉི་མའི་བསམ་སྦྱོར་ལ་བརྟག་པ།
ཉེ་སྔོན་ཨྱོན་ཉི་མས་མི་སྒེར་རེ་ཟུང་གི་མིང་ནས་སྨོས་ཏེ། དེ་དག་ཕུང་གསུམ་པ་ཆེན་པོ་ཡིན་རབས་དང་། ང་ལྟ་བུ་ཁོའི་ལྟ་ཚུལ་དང་ལེན་མི་བྱེད་མཁན་ཚོར། ལམ་སེང་ཕུང་གསུམ་པའི་གསོས་ཕྲུག་སོགས་ཀྱི་ཆོ་ལོ་བསྩལ་གནང་བ་རེད། ཡིན་ན་ཡང་ངའི་དབང་པོ་སྒོ་ལྔ་པོ་འདི་ཕྱོགས་ཡོངས་ནས་འཁྲུལ་སོང་བ་མིན་ན། ཨྱོན་ཉི་མ་ཁོ་རང་སྔར་རྣམ་གྲོལ་གླིང་ན་ཡོད་དུས་ཕུང་གསུམ་པའི་མིང་དུ་བཏགས་པའི་མི་དེ་དག་དང་ཁོ་རང་ཐུགས་ཐག་ཉེ་བའི་ཁར། ཕྱི་རྒྱལ་ལ་ཕར་ཕེབས་དུས་སྐྱེལ་མ་དང་ཚུར་འབྱོན་དུས་བསུ་མ་བྱེད་དུ་བཅར་གྱི་ཡོད་རབས་འདུག་ལ། ཧ་ལམ་ཁོ་ཚོའི་ས་ནས་སྒོར་མོས་མཚོན་པའི་རྒྱུ་དངོས་ཀྱང་གང་འཚམ་བླངས་ཡོད་ཚོད་རེད། གནས་སྟངས་དེ་ཚོས་ང་ཕུང་གསུམ་པའི་གསོས་ཕྲུག་མིན་པར། ཨྱོན་ཉི་མ་ཁོ་རང་བདག་པོར་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་གསོས་ཕྲུག་ཁྲེལ་མེད་ཅིག་ཡིན་པར་གསལ་བཤད་བྱས་འདུག
ང་ལ་ཆ་བཞག་ན། ཨྱོན་ཉི་མས་ཕུང་གསུམ་པའི་མིང་དུ་བཏགས་པ་དེ་ཚོས་ཐ་ན་ང་རང་ས་གང་གི་མི་ཡིན་པ་དང་དགོན་པ་གང་གི་གྲྭ་པ་ཡིན་མིན་ཙམ་ཡང་ཤེས་ཀྱི་མེད་པས། ང་ཚོའི་བར་ལ་འབྲེལ་བ་ཉག་གཅིག་ཡོད་ཟེར་ན་དགོན་པ་གཅིག་གི་མི་ཡིན་པ་དེ་ཙམ་རེད། སུ་ལའང་ཆ་རྒྱུས་ཡོད་པའི་སྐད་ཆ་གསལ་པོ་ཞིག་ནི། མི་ང་ཚོའི་གྲས་འདི། མི་ཡུལ་འདིར་འབུ་ནག་གི་བརྩིས་མཐོང་ལས་མེད་པའི་དབུལ་པོ་མདོ་མེད་དག་ཡིན་ན་ཡང། དེ་རིང་ཨྱོན་ཉི་མའི་ཁ་ནས་གཅིག་གཅིག་གི་གསོས་ཁྲུག་དང་། གཉིས་གཉིས་ཀྱི་རྒྱུག་ཁྱི་ཡིན་རབས་སོགས་མི་ལས་ཆེ་བའི་ཞྭ་མོ་སྣ་ཚོགས་གཡོགས་ཡོང་དུས་དངོས་གནས་ཞེ་ཁྲེལ་བྱུང་སྟེ། འདུ་ཤེས་སོ་ན་མི་གནས་མཁན་ཚོའི་བཤད་སྟངས་ཡིན་པ་འདྲ་བས་བྱ་ཐབས་ཟད།
དེ་མིན་ན། ཨྱོན་ཉི་མ་ཁོ་རང་སྔར་རྣམ་གྲོལ་གླིང་ན་ཡོད་དུས་ཕུང་གསུམ་པ་སོགས་ཁོའི་ཁ་ནས་ཟུར་ཙམ་ཡང་མི་ཐོན་པའི་ཁར། བསྟུན་མཁས་དང་སྤྱང་དྲུང་འཛོམས་པའི་མི་ཞིག་རེད། ཡིན་ན་ཡང་། ཁོས་གཤམ་ཐབས་དམར་པོ་ཕུད་དེ་རྣམ་གྲོལ་གླིང་དང་འབྲེལ་ཐག་གཅོད་འགོ་ཚུགས་པའི་ཉིན་དེ་ནས་གློ་བུར་དུ་ཁོ་ལ་ཕུང་གསུམ་པའི་གོ་རྟོགས་རྙེད་སོང་། སྐད་ཅིག་དེ་མ་ཐག་ནས་རང་མགོ་ཐོན་ཟིན་པའི་ཁོས་སྔར་མལ་དང་སྔར་གྲོགས་ཡོད་ཚད་ཕུང་གསུམ་པའི་གྲས་སུ་རྫོང་འགོ་ཚུགས་སོང་། ད་དུང་གོ་ཐོས་ལ། རྣམ་གྲོལ་གླིང་མགོན་པས་ཁོ་ལ་ཐོབ་ཐང་སྤྲད་མ་སོང་ཞེས་འཁོན་འཛིན་དང་ཁྲི་ཐོག་གི་མི་འགའ་ཞིག་ལ་ཕྲག་དོག་བྱེད་ཀྱི་ཡོད་པར། ཁོ་རང་གི་ཉེ་འབྲེལ་ཚོས་དེ་འདྲ་མི་རུང་བའི་སློབ་གསོ་ཡང་བྱེད་ཀྱི་འདུག་རབས་ཟེར།
དེ་མིན། ཁོ་རང་བསྟན་པ་ལ་ཤ་ཚ་དེ་འདྲ་ཡོད་ན། རབ་བྱུང་འཆལ་པོ་ཙམ་མིན་པར་སྔགས་པ་འཆལ་པོ་ཚོར་སྐྱོན་བརྗོད་མི་བྱེད་པ་ཅི་ཡིན་་་་་་་ ? སྤྲུལ་སྐུའི་ལམ་ལུགས་ལ་ལག་པ་ཙམ་ཡང་མི་འཆང་ཞིང་མ་གོ་མ་ཤེས་པའི་ཚུལ་དུ་འཇོག་པ་ཅི་ཡིན་་་་་་་་ ? ཁོ་རང་སྔར་གཤམ་ཐབས་དམར་པོ་གོན་དུས་ཕུང་གསུམ་པར་སྐྱོན་བརྗོད་ཟུར་ཙམ་ཡང་མི་བྱེད་ཅིང་། གཤམ་ཐབས་དཀར་པོ་གོན་པའི་དེ་མ་ཐག་ནས་སྐྱོན་བརྗོད་ཀྱི་ཆར་འབེབས་དོན་ཅི་ཡིན་་་་་་་་ ? ཕུང་གསུམ་པ་ཆེ་འབྲིང་ཆུང་གསུམ་གནས་གང་ས་དང་དགོན་པ་གང་སར་དབྱར་དུས་ཀྱི་ཤ་མོ་རྡོལ་བ་བཞིན་ཡིན་ན་ཡང་། ཁོའི་སྐྱོན་བརྗོད་ཀྱི་མདའ་ཁ་དེ་ནམ་ཡང་ས་རྣམ་གྲོལ་གླིང་དང་ཆོས་བརྒྱུད་དཔལ་ཡུལ་བའི་སྟེང་དུ་བསྐོར་དོན་ཅི་ཡིན་་་་་་་་ ? ཨྱོན་ཉི་མ་ཁྱོད་ཀྱིས་ཅིས་ཀྱང་གནས་ལུགས་ཤིག་བཤད་ཀྱིན་ཡོད་སྙམ་ན། “ཅི་ཡིན”གྱི་དྲི་ཚིག་འདི་དག་ལ་དོན་མཐུན་གྱི་ལན་ཞིག་བརྒྱབ་ཤོག་དང་ལྟད་མོ་དང་པོ་དེ་ན་ཡོད།
ངས་བལྟས་ན། གལ་སྲིད་ཁྱོད་ཉིད་དངོས་གནས་དྲང་གནས་བསྟན་པ་ལ་དོན་གྱི་ཤ་ཚ་དང་ལྷག་བསམ་ཡོད་ན། ཡོད་ཚད་རང་ཉིད་ནས་འགོ་བརྩམ་དགོས་པའི་ཆོས་ཉིད་ལྟར། དང་ཐོག་ཁྱོད་རང་སྤྲུལ་སྐུའི་གོ་གནས་དེ་ནས་དགོངས་པ་ཞུས། དེ་ནས་ཡང་སྲིད་ལམ་ལུགས་དེ་ལ་ཕྱིར་རྟོག་བྱས་ཏེ། གཟོད་བསྟན་དོན་གྱི་སྐད་ཆ་བཤད་ཤོག་དང་ལྟད་མོ་གཉིས་པ་དེ་ན་ཡོད།
གཞན་ཡང་ངའི་ཐོས་ཚོད་ལྟར་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ནི་འཚེ་མེད་ཞི་བའི་རིང་ལུགས་ཤིག་ཡིན་རབས་གྲགས་མོད། ཉེ་སྔོན་ཨྱོན་ཉི་མས་སྔོན་ངོ་དེབ་ནང་ནས་ཁོ་རང་ལྷ་ལུང་དཔལ་རྡོར་གྱི་སྐུར་བཞེངས་ནས་ཕུང་གསུམ་པ་ཚོ་ཚར་གཅོད་རྒྱུ་ཡིན་རབས་བཤད་འདུག དེའི་དོན་ནི་ཁོས་ཕུང་གསུམ་པ་ཚོ་གསོད་གཅོད་གཏུབ་གསུམ་བྱ་རྒྱུ་ཡིན་པའི་སྐད་ཆ་རེད་པས། དེང་སང་འཛམ་གླིང་སྟེང་ཁ་ཆེའི་ཆོས་ལུགས་ཀྱི་མིང་ཐོག་ནས་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཨཱལཀཡིདྷ་(Al-Qaeda)ཞེས་པ་ཞིག་ཡོད་པས། ཁྱེད་ཀྱིས་ཀྱང་ནང་པའི་ཆོས་ལུགས་ཀྱི་མིང་ཐོག་ནས་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་བཙུགས་ན། ཁྱེད་རང་གི་བསམ་སྦྱོར་དང་མཐུན་པོ་ཡོང་ས་རེད་ཅེས་ཁོ་བོས་བློ་སྐྱེད་ཅིག་འབུལ་འདོད་བྱུང་།
དངོས་གནས་ཁྱོད་ཀྱི་བསྟན་པ་ལ་ལྷག་བསམ་བྱེད་སྟངས་དེར་ང་རང་ཧང་སངས་ཤིང་ཧོན་ཐོར་ཡོང་གི་འདུག་ཅིང་། བསམ་སྦྱོར་མཚོན་པའི་སྐད་ཆ་འདི་དག་དཔང་རྟགས་ཡོད་བཞིན་དུ། ད་དུང་མཁས་པ་དང་དཔྱོད་ལྡན་ཞིག་ཡིན་རབས་གླེང་བས་སྣ་དགོད་འཆོར་རྒྱུ་མི་ཡོང་ན་ཅི་ཡོང་ཨང་། སྤྱི་ཆ་ནས་ཨྱོན་ཉི་མས་ཤེས་ཡོན་ཅན་གྱི་ཚད་གཞི་དེ་མི་གཞི་ཁྱད་གསོད་བྱེད་ཐུབ་མིན་གྱི་སྟེང་ནས་འཇོག་གི་ཡོད་པ་འདྲ་སྟེ། 《ཆོག་ཤེས》ཟེར་བའི་ཁོའི་དེབ་འཆལ་དེར་མ་མཐའི་རྗོད་བྱེད་ཀྱི་ཞུ་དག་ཙམ་ཡང་ཁུངས་འཁྱོལ་མེད་པར། ཡིག་ནོར་གྱི་བང་མཛོད་ཆེན་པོ་ཞིག་ཁ་ཕྱེ་ཡོད་པས་མི་ཚད། དེའི་ནང་དོན་ཡོད་ཚད་ནི། ཚ་བ་མདའ་སྨྱུག་དང་ཞོགས་དུང་གིས་གཙོས་པའི་མི་མིང་གྲགས་ཅན་ཡོད་ཚད་ལ་སྤྲང་གོག་དང་བསྟན་བཤིག་སོགས། མི་གཞི་ཁྱད་གསོད་འདོད་བློ་ཁེངས་ཚད་ཅིག་བྱས་ཡོད་པ་ལས། དོན་སྙིང་ཡོད་པའི་སྐད་ཆ་དང་བོད་ནང་པ་བས་བཤད་སྟངས་བྱས་ན། “ལུང་རིགས”ཟེར་བ་དེ་ཚོའི་དྲི་ཙམ་ཡང་མི་བྲོ་བའི་རིག་གནས་ཀྱི་གད་སྙིགས་ཆེན་པོ་ཞིག་ཡིན་པ་དེ་རེད།
༣ མཇུག་དོན།
ང་དང་ཨྱོན་ཉི་མ་སྒེར་གྱི་བར་ལ་འཁོན་སྡང་ཅི་ཡང་མེད་ན་ཡང་། ཁོས་འཁྱོག་བཤད་བྱས་ནས་གནས་ལུགས་བཤད་རབས་སྒྲོག་གི་འདུག་པ་དེར་ང་རང་དངོས་གནས་བློ་མ་བདེ་བར་ཚིག་གསུམ་ཤོར་སོང་གཤིས། ཨྱོན་ཉི་མ་དང་སྒེར་གྱི་གནད་དོན་ཡོད་པའི་མི་ཚོས་རྩོམ་ཡིག་འདི་བེད་སྤྱད་དེ་སྐབས་འཚོལ་གྱི་སྦྱོར་བ་དེ་འདྲ་མི་བརྩམ་པའི་རེ་བ་ཤིན་ཏུ་ཆེ།
ངས་ཀྱང་དང་པོ་སྤྲུལ་གོག་འགོག་དགོས་པའི་བསམ་འཆར་མང་དུ་བཤད་ཟིན་ཏེ་ཁོས་ག་ལ་ཉན།
འདི་ཡིན་འདི་མིན་མེད་པའི་ཕུང་གསུམ་པ་ཟེར་བ་བཀག་འགོག་བྱེད་པ་ལས་་་་གྲུབ་མཐའི་ཆགས་སྡང་གིས་ཆོས་ལུགས་ཕན་ཚུན་དབར་མི་མཐུན་པའི་ཚིག་མཚོན་བརྒྱག་ཅིང་བོད་མི་རིགས་ཀྱི་མཐུན་སྒྲིལ་བདེ་སྐྱིད་ཀྱི་མི་ཚེ་ལ་བར་ཆད་བཟོ་མཁན་སྔོན་དང་ད་ལྟའི་མཁས་པ་དང་ཆོས་དཔོན་ཡིན་པར་གྲགས་པའི་གཏེ་བོ་དེ་ཚོ་འཐེར་འདོན་ངེས་པར་དུ་བྱ་དགོས་པ་འདུག། དུས་རབས་གསར་པ་འདིར་བོད་ཀྱི་གཅེས་པའི་ཕྲུག་གུ་ཚོ་མཉམ་འགྲོ་མཉམ་གནས་དང་མཉམ་རྩེད་མཉམ་སྤྱོང་དང་མཉམ་རུབ་ཀྱིས་རང་གི་གཅེས་པའི་མི་རིགས་དང་རང་གི་གཅེས་པའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་དགོས་པ་ཡིན་དུས། སྐྱག་པ་ལས་བཙོག་པའི་ང་བོ་ཅན་གྱི་ཆོས་ལུགས་ཀྱི་འགྲན་རྩོད་དེའི་ནང་དུ་ཡང་ནས་བསྐྱར་དུ་ནམ་ཡང་མི་བཞུགས་པའི་རེ་བསྐུལ་ཞུ་བ་ཡིན། ཞེ་སྡང་ཅན་གྱི་ཆོས་ལུགས་པ་ཚོས་སྔར་ནས་ད་བར་འགྲན་རྩོད་མུ་མཐུད་བྱས་པའི་རྐྱེན་གྱིས་བོད་ཡུལ་ཡོངས་རྫོགས་འཕུངས་ལ་སྤྱར་བ་རེད། ད་དུང་གཞོན་སྐྱེས་ཚོས་རིང་ལའང་ལམ་བུ་དེར་བསྐྱོད་ནས་བོད་ཁམས་རྩ་འཕུངས་ཡང་འཕུངས་སུ་གཏོང་འདོད་དམ། །
སྔོན་མ་བོད་པའི་དཔེ་ལ། ཨ་ཕས་བཤད་ན་བདེན་ཁ་ཨ་ཕ་རང་དང་། ཨ་མས་བཤད་ན་བདེན་ཁ་ཨ་མ་རང་། ངས་བལྟས་ན་བདེན་ཁ་སུ་ལ་མིན་འདུག་ཟེར་བའི་བཤད་རྒྱུན་ཞིག་གོ་མྱོང་།
དེར་བརྟེན། མི་འགྱངས་པར་ཨོ་ཉི་འདི་ལ་ཕེབས་ནས་གནས་ལུགས་བཤད་ཐུབ་ན། ང་ཚོ་ཀློག་པ་པོ་རྣམས་ལ་ཕྱོགས་གཉིས་ཀའི་གནས་ལུགས་རྟོགས་ཐུབ། བཀྲ་ཤིས་དོན་གྲུབ་ལགས་ཀྱིས་རང་ཉིད་ངོ་སྤྲོད་མདོར་ཙམ་བྱེད་ཐུབ་ན་ལེགས།
ངས་ནི་གནས་སྟངས་གང་གི་ངོས་ནས་བལྟས་ཀྱང་། བོད་ཀྱི་ཡང་སྲིད་ལམ་ལུགས་འདི་མཐར་སྤྲོད་གཏོང་རན་གྱི་འདུག་དྲན་ཡོད། ཡང་སྲིད་ལམ་ལུགས་འདིས་འདས་པའི་ཆ་ལ་ཡང་ལྡོག་ཕྱོགས་ནས་ཆབ་སྲིད་ཀྱི་ལག་ཆར་གྱུར་ཏེ་བོད་མི་ཕུང་ལ་སྦྱར་བ་ཉུང་ཉུང་མིན་ལ། ད་ལྟ་ཡང་དེ་བཞིན་རེད། དཔེར་ན་བོད་སིལ་བུར་ཐོར་བ་ནས་བཟུང་སྟེ། ཚོས་ལུགས་དང་ཆོལ་ཁ་ནང་ཁུལ་གྱི་ནང་དམེའི་འབྱུང་ཁུངས་གཙོ་བོ་མཆོད་ཡོན་གྱི་འབྲེལ་བ་ཟེར་བའི་བྱུར་ཆེན་གྱི་རིགས་དེ་ཚོའི་སྣ་འདྲེན་ཡོད་ཚད། ཡང་སྲིད་ལམ་ལུགས་འདི་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། དེ་བས་ཡང་སྲིད་ལམ་ལུགས་འདི་ནི་མགྱོགས་ནས་མྱུར་དུ་མཐར་སྤྲོད་གཏོང་རན་འདུག་ལབ་འདོད་པ་ཡིན།
ཡང་སྲིད་ལམ་ལུགས་མཐར་སྤྲོད་གཏོང་བ་ནི། ཆབ་སྲིད་ཁོ་ནའི་དགོས་མཁོ་ཡང་མིན་པར་བོད་བརྒྱུད་ནང་བསྟན་འདི་རྨ་མེད་པར་རིང་དུ་གནས་པ་ལ་ཡང་འབྲེལ་བ་ཆེན་པོ་ཡོད། དེ་བས་དེང་སང་བོད་བརྒྱུད་ནང་བསྟན་ལ་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམ་འཆང་མཁན་ཚོས་ཀྱང་ཡང་སྲིད་ལམ་ལུགས་འདི་མི་དགོས་རབས་བཤད་ཡོང་གི་འདུག ངས་དངོས་སུ་ཐོས་མ་བྱུང་ཡང་། ཉེ་སྔོན་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་ཡང་སྲིད་ལམ་ལུགས་འདི་དགོས་ཀྱི་མི་འདུག་ཅེས། ཡོངས་ཁྱབ་ཏུ་བསྒྲགས་སོང་ཟེར། ཇི་སྲིད་ཡང་སྲིད་ལམ་ལུགས་འདི་ལ་མཇུག་སྡོམ་མ་བརྒྱབས་བར་དུ། བོད་མིའི་རང་དབང་དང་འདྲ་མཉམ་ཟེར་བའི་རྒྱུ་ནོར་དེ་དག་རྣ་བས་ཉན་རྒྱུ་ཙམ་ལས། ལོངས་སྤྱོད་རྒྱུའི་གོ་སྐབས་མི་འཐོབ་ངེས་ཅན་རེད།
དེ་བས་ངའི་རྩོམ་ཡིག་འདིར་ཡང་། ཡོང་ཁྱབ་རང་བཞིན་གྱི་བརྗོད་བྱ་གླེང་རི་ཡོད་པ་ནི། ཡང་སྲིད་ལམ་ལུགས་སྐོར་གྱི་ལེ་ཚན་འདི་ཡིན་པ་ལས། གཞན་དག་ནི་ཨྱོན་ཉི་མ་སྒེར་གྱི་གནད་དོན་དང་འབྲེལ་བ་རྐྱང་རྐྱང་ཡིན་གཤིས། མི་གཞན་དང་འབྲེལ་བ་མེད་པས་ཀློག་པ་པོ་ཚོས་བཏང་སྙོམས་སུ་འཇོག་རྒྱུའི་རེ་བ་ཡོད།
ཚར་གཅིག་བཀླགས་པ་ཡིན། གོ་རྒྱུ་ཅན་གྱི་གཏམ་དུ་སྣང་།
བཀྲིས་དོན་གྲུབ་ཀྱི་ཡང་སྲིད་ལམ་ལུགས་ལ་ལྟ་ཚུལ་དེ་ཡག་པོ་འདུག ངས་རྗེས་སུ་ཡི་རང་དང་འདི་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད། ད་སྔགས་པ་ཕུང་གསུམ་པ་དང་བླ་གྲྭ་ཕུང་གསུམ་པ་གང་གི་གྲལ་དུ་མེད་པའི་གང་ཟག་ཐ་ཤལ་པ་ང་འདྲ་བོ་ཞིག་གིས་བལྟས་ན་གྲྭ་པ་ཕུང་གསུམ་དང་སྔགས་པ་ཕུང་གསུམ་པ་འདི་ཚོ་རྒྱལ་པོ་ཀྲྀ་ཀྲྀས་རྨི་ལམ་དུ་ལུང་བསྟན་པ་ཇི་བཞིན་གཅིག་གིས་གཅིག་ལ་སྐྱོན་འདྲ་བོ་བཙུག་ནས་གནས་འདུག་པ་ལས་མེད་པ་ཆག་རྒྱུ་ཁག་པོ་ཡིན་གྱི་རེད། གང་ལྟར་སྒེར་འཁོན་མེད་ན་བཀྲིས་དོན་གྲུབ་ལ་གནས་ལུགས་འདུག འཁོན་འཛིན་གྱི་རྩོད་རྙོག་ཡིན་ན་ཁ་བདེ་པོ་ག་ཚད་བཤད་ན་དོན་མེད་འདྲ་བོ་རུ་འགྱུར་སྲིད།
འདི་ལ་རྒྱབ་བསྐྱོར་ཡོད་ཨོ་ཉི་ནི་ཁོ་རང་ཕུང་གསུམ་པའི་མགོ་གཙོ་བཟོ་ནས་ཕ་མ་བུ་དང་བཅས་པ་་་ཕ་སྤྲུལ་སྐུ་་་བུ་ཡང་སྤྲུལ་སྐུ་་་་མ་མཁའ་འགྲོ་ཡིན་
ཟེར་ནས་ཕྱི་རྒྱལ་མགོ་སེར་བ་དེ་ཚོ་མགོ་སྐོར་ཁོ་ནའི་ལམ་ནས་ལོག་འཁྲིད་བྱེད་ཀྱི་ཡོད་རེད། དེས་མ་ཚད་བོད་ཀྱི་ཆོས་ལུགས་ཆེ་པོ་ལྔའི་ནང་ནས་རྙིང་མ་
ཕུད་དེ་འཕྲོ་ཚང་མ་ལ་སྨ་འབེབས་དང་སྐུར་འདེབས་ཁོ་ན་རེད། ཁོ་རང་མ་གཏོགས་་་ས་་་དགེ་་་བཀའ་་རྙིང་་་བོན་་་དང་བཅས་པའི་བླ་མ་རྣམས་ལ་སྨ་འབེབས་
ཀྱང་ཀྱང་བྱེད་མཁན་ཞིག་རེད་འདུག། ཁོ་རང་ནི་སྔག་པ་ཡིན་ཟེར་ནས་་ཆོ་མེད་ལུང་མེད་ཀྱི་ཆ་ལུགས་ཞིག་བྱེད་ནས་གཅིག་ལྟོས་དང། མགོ་བོའི་སྐྲ་ནི་
དེང་རབ་ཀྱི་གཞས་པ་དང་འདྲ་བ། སྟོད་འགག་གྱོན་ནས་འདུལ་བ་པ་ཞིག་དང་འདྲ་བ། སྟོད་འགག་ནང་དུ་ནང་གོས་དཀར་པའི་ཕུ་དུང་རིང་མོ་དེ་ནི་
ཞབས་བྲོ་མཁན་དང་འདྲ་བ། ཤམ་ཐབས་དཀར་པོ་ཁ་ཆེའི་ཆོས་པ་ཞིག་དང་འདྲ་བོ་བཟོས་ནས་གཞན་ཚང་མ་ཕུང་གསུམ་པ་རེད་ལབ་ཀྱི་འདུག་་་ཧཧཧཧཧཧ
dhoshul ལགས་ལ་ཞུ་རྒྱུར། ཁྱེད་ཀྱིས་ཁོ་བོའི་ལྟ་ཚུལ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ང་དང་ཨྱོན་ཉི་མའི་བར་ལ་འཁོན་འཛིན་ཡོད་མེད་ནི། ཨྱོན་ཉྀ་མ་ཁོ་རང་དྲིས་ན་གསལ་ཤོས་ཡིན་པ་ལས། ངས་བཤད་པ་ཙམ་གྱིས་བདེན་དུ་འཛིན་དགོས་དོན་ཅི་ཡང་མེད།
ཨ་རོགས་་་ཕོ་གསར་ལགས་་་་ད་གཡུག་ཤག་ན་ཡག་གི་རེད། གཅིག་གིས་གཅིག་ལ་མ་འགྲུབ་མ་འཐུས་རབས་རྐྱང་བཤད་བསྡད་ན་ཚར་ཡ་ཡོད་ནི་མ་རེད། དེ་ལས་ད་གཡུག་ཤོག
གང་ཤེས་་་ཧ་གོ་ཡ་མི་འདུག
ཨྱོན་ཉི་མ་དང་བཀྲ་ཤིས་དོན་འགྲུབ་གཉིས་མི་གཅིག་ཡིན་པ་འདྲ་བོ་མཐོང་སོང་།
མི་མ་ཀློགས། རྩོམ་ཀློགས།
ས་སྒོ་བསམ་གཏན་སྒྲོལ་མ་ལགས། ང་མི་གཅིག་གིས་སྤྲུལ་པ་གཉིས་བསྐྱེད་རྒྱུར་མི་མོས་ལ། ཁྱེད་ནང་བཞིན་ངོ་གདོང་སྦས་ནས་འཕག་འཚག་རྒྱག་རྒྱུར་ལ་ནི་དེ་བས་མི་མོས།