ཀླུ་སྨྱོན་ཁྲག་འཐུང་གླིང་པ།
སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་མཆོག །
གང་དུ་གཤེགས་པའི་དག་ཞིང་ཉམས་དགའ་བ། །
ཟངས་མདོག་དཔལ་གྱི་རི་བོའི་གནས་ཡིག་ཅིག །
དཔྱོད་ལྡན་དག་གི་དཔྱད་གཞིར་བདག་གིས་འབུལ། །
དེ་ལ་འདིར་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་གྲུབ་རིགས་ཀྱི་སྐྱེས་བུ་ཆེན་པོ། གསང་སྔགས་ཀྱི་བསྟན་པའི་བཀའ་བབས་འགྲན་ཟླ་དང་བྲལ་བ། བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་རིག་སྔགས་འཆང་བ། ཨོ་ཌི་ཡ་ནའམ་ཨུ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པའི་སློབ་དཔོན་པདྨ་སམྦྷ་ཝའམ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཞེས་མཚན་སྙན་པར་གྲགས་པ་མཆོག་གིས། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཟིལ་གྱིས་མནན། རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་གྱི་སློབ་མ་རྣམས་ལ་མདོ་རྒྱུད་སྤྱི་དང་ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་ཆོས་སྐོར་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཆོས་སྐོར་སོགས་གསང་ཆེན་སྔགས་ཀྱི་ཆོས་འཁོར་ལེགས་པར་བསྐོར་ཚར་རྗེས། བོད་ཀྱི་མ་འོངས་ལུང་བསྟན་དུ་མ་འདོམས་པར་མཛད་པ་མ་ཟད། ནངས་རེ་དགོང་རེར་བོད་ཀྱི་དོན་ལ་འབྱོན་པའི་ཞལ་བཞེས་ཟབ་མོ་ཡང་གནང་ཞིང་། གཟུངས་མ་གཏེར་ཆེན་ཡེ་ཤེས་མཚོ་རྒྱལ་དང་རྒྱལ་སྲས་མུ་ཏིག་བཙན་པོ་སོགས་རྗེ་འབངས་རྣམས་ཀྱིས་མཐའ་མའི་སྐྱེལ་མ་ཇི་ལྟར་ཞུས་པ་དང་ཁོང་ཅག་གིས་རང་རང་གི་མཉམ་བཞག་ཡེ་ཤེས་ཀྱིས་སློབ་དཔོན་ཁོང་གང་དུ་གཤེགས་ཚུལ་ཇི་ལྟར་གཟིགས་པའི་ཚུལ་ནི་བཀའ་ཐང་སྡེ་ལྔ་ལས། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས ༦༠༨ པར།
འཛམ་བུའི་གླིང་ཉེ་སོག་ཀའི་ཡུ་བ་ལ༔ སྲིན་པོའི་ཡུལ་གླིང་ཆེན་པོ་ལྔ་ཡོད་དེ༔ དེ་ཉིད་ཨུ་རྒྱན་ཡུལ་དང་ཐག་ཉེ་ལ༔ དབུས་ན་ཟངས་མདོག་དཔལ་རི་ཞེས་བྱ་བ༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་པ་ཡི༔ ཤར་ན་ལིངྐ་པྰུ་རུ་བྱ་བ་ཡོད༔ ལྷོ་ན་སྲིན་པོའི་གྲོང་ཁྱེར་དགའ་བ་ཅན༔ ནུབ་ན་ཀོ་ཀ་ཐང་དཀར་གླིང་ཞེས་དང༔ བྱང་གི་ཕྱོགས་ལ་སྲིན་ཡུལ་བྱན་ལག་ལྗོངས༔ ཤར་ལྷོའི་མཚམས་ན་ཟོ་མ་པྰུ་རིའི་མཚོ༔ ལྷོ་ནུབ་མཚམས་ན་བམ་རི་ཐོད་པ་མཁར༔ ནུབ་བྱང་མཚམས་ན་མ་ལ་གནམ་ལྕགས་རྩེ༔ བྱང་ཤར་མཚམས་ལ་ནལ་བྱིའི་དུར་ཁྲོད་རྣམས༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱ་ལྔ་བརྒྱས་བསྐོར༔ ཞེས་ཟངས་མདོག་དཔལ་རི་སིངྒ་ཀའི་རྒྱལ་ཁབ་ཀྱི་ཡུལ་དབུས་སུ་ཡོད་པ་བསྟན་པ་ཙམ་གཏོགས། འཛམ་གླིང་སྟེ་རྒྱ་གར་གྱི་ས་དབྱིབས་སོག་ཀའི་དབྱིབས་ཀྱི་ཡུ་བར་ཐག་ཉེ་བའི་ཕྱོགས་སུ་ཡོད་པ་ཚུན་ཆད་གསལ་བོར་གསུངས་འདུག་ཅིང་།
ཡང་ཤོག་ངོས ༦༩༡ ནས ༧༠༣བར།
དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ནི༔ རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་པ་དང༔ མཁན་པོ་ཤྰཀྱ་བསོད་ནམས་གཙོ་བྱས་པའི༔ བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་དང་། བཻ་རོ་ཙ་ན་སྐ་ཅོག་སྣ་དྲངས་པའི༔ བོད་ཀྱི་ལོ་ཙྰ་མཁས་པ་ཐམས་ཅད་དང༔ མཐུ་མཁན་སངས་རྒྱས་ཡེ་ཤེས་སྣ་དྲངས་པའི༔ བོད་ཀྱི་སྔགས་ནག་མཐུ་མཁན་ཐམས་ཅད་དང༔ སྔགས་པ་རྡོ་རྗེ་བདུད་འཇོམས་སྣ་དྲངས་པའི༔ བོད་ཀྱི་རྔ་བརྡུང་འཕྲེང་ཐོགས་ཐམས་ཅད་དང༔ བླ་སྨན་ཉང་བཙན་ཤི་ལས་སྣ་དྲངས་པའི༔ བོད་ཀྱི་སྨན་དཔྱད་བྱེད་པ་ཐམས་ཅད་དང༔ བླ་མཁྱེན་ལྗང་སྟོན་ཁུ་ལུས་སྣ་དྲངས་པའི༔ བོད་ཀྱི་གབ་རྩེ་འདིངས་པ་ཐམས་ཅད་དང༔ ཡོན་བདག་མཁར་ཆེན་རྒྱལ་གྱིས་སྣ་དྲངས་པའི༔ བོད་ཀྱི་ཕོ་སྐྱེས་ཡོན་བདག་ཐམས་ཅད་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྣ་དྲངས་པའི༔ བོད་ཀྱི་བུད་མེད་བུ་མོ་ཐམས་ཅད་ཀྱིས༔ དཔལ་མོ་དཔལ་ཐང་སྐྱེལ་ཐུང་ཞམ་རིང་བྱས༔ སྟོད་ཀྱི་མངའ་རིས་ཅོག་གེའི་ཡུལ་ཞེས་པ༔ བྲག་ནི་སྲིན་པོ་ཁྲོས་འདྲའི་ཡུལ་ཚུགས་བསྐྱལ༔ སློབ་དཔོན་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང༔ མི་རེ་ལ་ནི་ཞལ་གདམས་ཆོས་རེ་གསུངས༔ ཞེས་པ་ནས།
ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ན༔ སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོ༔ ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ༔ ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ན༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ༔ རྗེ་འབངས་ཡུན་དུ་སྐུ་ཁམས་བདེ་བར་བཞུགས༔ ཞེས་པ་ནས།
འཇའ་ཚོན་འོད་དུ་འཁྱིལ་ལེར་ནམ་མཁར་བཞུད༔ རྗེ་འབངས་ཉ་མོ་བྱེ་ཚན་བོར་བ་ལྟར༔ ལྟོགས་སྐོམ་མ་དྲན་གུང་ཐང་ལ་ཁར་ལུས༔ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིས༔ མང་ཡུལ་སྤྱི་གྲོང་རོང་ཐང་ཤོ་རྫིང་མཐར༔ ཉི་ཤུ་ལྔ་བར་མཉམ་པར་བཞག་ནས་སུ༔ ཉི་དྲོར་སློབ་དཔོན་བཞུད་པའི་ཕྱི་ལ་བལྟས༔ ཉི་ཟེར་གསེབ་ནས་ཕར་ལ་བྱ་རོག་ཙམ༔ ཕྲིག་ཕྲིག་འོད་དུ་ལམ་ལམ་བྱས་ནས་བཞུད༔ དེ་ནས་ཕུག་རོན་ཙམ་དང་བྱེའུ་ཙམ༔ སྦྲང་བུ་ཙམ་དང་སྲོ་མ་ཙམ་སོང་ནས༔ དེ་ནས་བལྟས་ཀྱང་མིག་གིས་མ་མཐོང་སྟེ༔ མཉམ་པར་བཞག་ཅིང་བལྟས་ཀྱང་མ་མཐོང་བར༔ དགོངས་ཁ་མཉམ་བཞག་ཉི་མ་ཟེར་ཙམ་ན༔ “རྒྱ་གར་ཕར་བརྒལ་” ཨུ་རྒྱན་མ་སླེབ་པར༔ འཛམ་བུ་ཟ་རིའི་ཁར་གཤེགས་བཞུགས་པར་མཐོང༔ དེ་ནས་ནངས་པར་མཉམ་བཞག་བལྟས་པ་ཡིས༔ སིངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམ༔ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགས༔ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འགྲེ༔ སྨན་གྱི་རྒྱལ་པོ་སི་ཏ་ཟ་བ་མཐོང༔ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནི༔ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནས༔ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང༔ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུ༔ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགས༔ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང༔
ཞེས་པ་ལོ་སྟོང་ཕྲག་གི་སྔོན་དུ་གུ་རུ་རིན་པོ་ཆེ་མཆོག་གི་ཐུགས་ཟིན་གྱི་གཟུངས་མ་ཁྱད་དུ་འཕགས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བྲིས་བགྱིས་ཏེ་ཡར་ལུང་ཤེལ་བྲག་ཏུ་གཏེར་དུ་སྦས་པ། ཕྱིས་སུ་གཏེར་སྟོན་གྱི་རྒྱལ་པོ་གུ་རུ་ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པ་དང་། རྒྱལ་དབང་ལྔ་པ་ཆེན་པོས་ཐུགས་འགན་བཞེས་ནས་པར་དུ་བཞེངས་པའི་དཔེ་རྒྱུན་ལས་བྱུང་བའི་ཁུངས་ཐུབ་ཡིག་རྙིང་འདི་ཚོ་དཔང་པོར་བཞག་སྟེ་དཔྱད་ན། སློབ་དཔོན་རིན་པོ་ཆེ་ཁོང་ཉིད་བོད་ཡུལ་ནས་ཕེབས་ཡུལ་གྱི་ཟངས་མདོག་དཔལ་རི་དེ་ནི་བོད་ཀྱི་ནུབ་ཕྱོགས་མངའ་རིས་ཀྱི་མཚོ་མ་ཕམ་པའི་འགྲམ་དུ་ཡོད་པའི་མ་པང་སྤོས་མོ་མཁར་དང་། སྤོ་མོ་མཁར། པདྨ་མཁར་ཞེས་པའི་གནས་དེ་གཞར་ཡང་མ་ཡིན་པར། ཟངས་མདོག་དཔལ་གྱི་རི་བོ་དེ་ནི་བོད་ཡུལ་ནས་གཞལ་ནས་ལྷོ་ནུབ་ཀྱི་ཡུལ་དུ་ཁེལ་ཡོད་པའི་རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་གཉིས་བརྒལ་པའི་ཕ་མཐའ། མཐའ་ཡས་རྒྱ་མཚོ་ཆེན་པོའི་ཀློང་གི་གླིང་ཕྲན་ཞིག་ཡིན་པས། སློབ་དཔོན་རང་ཉིད་བོད་ཡུལ་དུ་བཞུགས་དུས་བོད་ཀྱི་ལྷོ་ནུབ་ཏུ་ཡོདཔའི་སྲིན་ཡུལ་ཞིག་ཡིན་ཚུལ་གསུངས་པ་དང་། དེ་དུས་སྟོད་མངའ་རིས་སྐོར་གསུམ་ནི་བོད་ཀྱི་བཙན་པོ་རིམ་བྱོན་གྱི་མངའ་རིས་སུ་ཚུད་ནས་ལོ་མང་ཕྱིན་ཟིན་པས། དེ་རུ་སློབ་དཔོན་རིན་པོ་ཆེ་ཕེབས་ན་མ་གཏོགས་འདུལ་མི་ཐུབ་པའི་སྲིན་པོ་ཤ་སྟག་གིས་གང་བ་ཞིག་ལོ་རྒྱུས་གང་དུ་ཡང་མེད་ལ། བོད་རང་གི་ངག་རྒྱུན་ལོ་རྒྱུས་སུ་ཡང་སྟོད་མངའ་རིས་སུ་སྲིན་པོའི་ཡུལ་ཁམས་ཤིག་ཡོད་ལུགས་སུ་ལ་ཡང་མ་གྲགས། དེ་ལས་ལྡོག་སྟེ་ལིངྐའི་ཡུལ་ལམ་ཤྲི་ལིངྐའི་ཡུལ་ཁམས་དེར་སྲིན་པོའི་འཇིགས་པ་ཆེ་བ་ནི་རྒྱ་ནག་གི་བཙུན་པ་ཧྥ་ཤྰན་གྱི་ལམ་ཡིག་ལས། རྒྱ་གར་པར་མའི་ཤོག་ངོས་༩༡ གླིང་དེ་ནི་དང་པོར་མི་མེད་ཅིང་། དེ་ན་གནས་པའི་སེམས་ཅན་ནི་བདུད་དང་གནོད་སྦྱིན་དང་། ཀླུ་དག་གནས་བཞིན་པ་ཡིན་ཡང་། ཡུལ་གྲུ་གཞན་གྱི་ཚོང་པ་རྣམས་ཀྱིས་དེ་དག་དང་ཉོ་ཚོང་བྱེད་མུར་ཡོད་དེ། ཞེས་དང་། དེའི་མཆན་འགྲེལ་ལྟ་བུར་སོག་པོ་བློ་བཟང་རྟ་དབྱངས་ཀྱིས། སིངྒ་ལའི་གླིང་གི་སྟོབས་འབྱོར་དང་གཙུག་ལག་ཁང་རྟེན་གསུམ་དང་དགེ་འདུན་འཆད་ཉན་བཅས་དང་། སྔོན་གྱི་སྲིན་མོའི་རྫོང་སོགས་ད་ལྟའང་ཡོད་ཅེས་གླིང་སྐོར་བ་བོད་སོག་མང་པོ་ལས་དངོས་སུ་ཐོས། ཞེས་དང་། དེའི་རྗེས་སུ་རྒྱ་གར་དུ་བྱོན་པའི་སློབ་དཔོན་ཐང་ཟིན་གྱི་ལམ་ཡིག་བམ་པོ་དགུ་པ་ལས། རྒྱ་གར་པར་མའི་ཤོག་ངོས་༢༦༠ ། ཡུལ་དེའི་ཤར་ལྷོའི་མཚམས་སུ་རི་བོ་ལིངྒ་ཡོད། དེ་ཤིན་ཏུ་བགྲོད་དཀའ་བ་སྲིན་པོའི་གནས་ཡིན་ཏེ། འབྱུང་པོའི་ཁམ་ཁྱིམ་དག་ཡོད་ཅིང་། སྔོན་སྟོན་པས་གནས་འདིར་ལངྒར་གཤེགས་པའི་མདོ་གསུངས། ཞེས་བྱུང་། རི་བོ་ལིངྒ་དེ་ནི་ཟངས་མདོག་དཔལ་རིའི་མིང་གཞན་ཞིག་ཡིན་ངེས།
གླིང་ཕྲན་དེའི་འདབས་སུ་ཡོད་པའི་རྒྱ་མཚོའི་བྱེ་མ་གསེར་ལྟར་འཚེར་བའི་ནང་དུ་སྐབས་རེར་གནའ་བོའི་རྒྱ་གར་གྱི་གཏམ་རྒྱུད་ཁྲོད་དུ་ཡོད་པའི་རྟ་ཡི་རྒྱལ་པོ་ཞིག་གིས་སྐབས་རེར་འགྲེ་ལྡོག་བྱེད་པ་ཡང་མཐོང་རྒྱུ་ཡོད། ད་དུང་རྒྱ་གར་བའི་ངག་རྒྱུན་གཏམ་རྒྱུད་དང་དངོས་བྱུང་ལོ་རྒྱུས་གཉིས་ཀའི་ཁྲོད་དུ་རླུང་ལྟར་གྲགས་པའི་སྲིན་པོའི་རྒྱལ་པོ་བཞུགས་ས་རྔ་ཡབ་ལིངྐའི་ཡུལ་དེ་ནི་རྒྱ་གར་ལྷོ་ཕྱོགས་སུ་ཚོང་པ་མང་པོ་རྟག་པར་གྲུ་གཟིངས་ལ་བསྡད་ནས་རྒྱ་མཚོ་ལས་ཐོན་པའི་རིན་པོ་ཆེའི་རིགས་མང་པོ་ལེན་དུ་འགྲོ་ས་ཞིག་ཡིན་པ་དང་།
བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚངས་དབང་དགེ་འདུན་བསྟན་པས་ཟངས་མདོག་དཔལ་རི་མངའ་རིས་སུ་ཡོད་པའི་སྒྲུབ་བྱེད་དུ་དྲངས་པའི་བཙུན་མོ་བཀའ་ཐང་གི་ལུང་ཚིག བོད་དང་ཞང་ཞུང་གཉིས་ཀྱི་མཚམས་སུ་བྱོན། །མ་ཕམ་གཡུ་མཚོ་ནག་མོའི་འགྲམ་དུ་བཞུགས། །པད་མ་རྒྱས་པའི་ལྷ་ཁང་མཆོད་པ་ཕུལ། ། ཞེས་པའི་ལུང་དེ་རང་གིས་སྐབས་དེར་ཟངས་མདོག་དཔལ་རི་ཞེས་མི་འབོད་པར་པད་མ་རྒྱས་པའི་ལྷ་ཁང་ཞེས་འབོད་པ་བསྟན་ཡོད་པས། ཨུ་ཚུགས་ཀྱིས་གཡག་སྣ་འཕུག་འདོད་པ་ཡ་མཚན་གྱི་གནས་སུ་མཆིས།
གཞན་ཚངས་དབང་པས་ལུང་དྲངས་པའི་ཉེ་ཆར་ཆོས་འཕེལ་གྱིས་བརྩམས་པའི་༼མངའ་ རིས་ཁུལ་གྱི་ལམ་ཡིག༽་བྱ་བ་ལས། བྱིའུ་དགོན་ནི། སྒྲུབ་ཕུག་གི་སྟེང་དུ་པད་རྒྱལ་ལྷ་ཁང་ཞེས་པ་ཡོད། རི་བོའི་དབྱིབས་ནི་ཟངས་མདོག་དཔལ་རི་འདྲ་ལ་རྒྱབ་རི་ནི་རི་བོ་མ་ལ་ཡ་ཡིན་ཞེས་གསུངས། ཞེས་པ་འདིས་ཟངས་མདོག་དཔལ་རིའི་དབྱིབས་དང་འདྲ་བོ་ཡོད་པ་ལས་དེ་ལྟར་བཏགས་པ་མ་གཏོགས་ཟངས་མདོག་དཔལ་རི་དངོས་ལ་ངོས་འཛིན་བྱས་པའི་སྒྲུབ་བྱེད་ཅི་ཡང་མ་རེད། རིགས་པ་འདི་དག་གིས་ནི་བོད་ཡུལ་དུ་པོ་ཏྰ་ལ་ཞེས་པའི་རི་བོ་དང་ན་ལནྡྲ་ཞེས་པའི་དགོན་པ་ཡོད་པས་དེ་དག་དངོས་ཡོད་པར་སྒྲུབ་མི་ཐུབ་པ་དང་འདྲའོ།།
རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་ཟངས་མདོག་དཔལ་རིའི་སྨོན་ལམ་ལས།
ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔
གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔
རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔
དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔
གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ༔
རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིང༔
སྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར༔
རྩེ་མོ་གཟུགས་ཁམས་བསམ་གཏན་སྙོགས་པ་ལྟའི༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
ཅེས་པ་འདིའི་འབྲུ་རེ་རེ་བཞིན་དེད་ནས་ཟངས་མདོག་དཔལ་རི་གར་ཡོད་ཞིབ་འཇུག་ཅིག་བྱ་སྟེ།
ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ འདི་ནས་ཞེས་པའི་འདི་སྒྲས་སྙེག་ས་ནི་རིག་འཛིན་འཇིགས་མེད་གླིང་པ་རང་ཉིད་བཞུགས་ཡུལ་དབེན་གནས་ཚེ་རིང་ལྗོངས་ཡིན་ལ། དེ་ནས་གཞལ་ན་ཉི་མ་ལྷོ་ནུབ་ཀྱི་ཕྱོགས་སུ་ཁེལ་པའི་ས་ཆ་ནི་རྒྱང་རིང་གི་ཤྲྰི་ལངྐའི་ཡུལ་རེད་གཏོགས་བོད་རང་གི་བྱེ་བྲག་སྟོད་མངའ་རིས་ཀྱི་མཚོ་མ་ཕམ་པའི་འགྲམ་དེ་གཏན་ནས་མ་ཡིན།
གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ ཞེས་པའི་ཚིག་འདི་ནི་ཨོ་རྒྱན་ཡུལ་གྱི་གནས་ངོས་འཛིན་བྱེད་པར་ཕན་པའི་ཚིག་ཅིག་རེད་མ་གཏོགས་ཟངས་མདོག་དཔལ་རིའི་གནས་ངོས་འཛིན་བྱེད་པའི་ཚིག་ཅིག་གཏན་ནས་མ་ཡིན་པར་འདོད། ཟངས་སྲིད་ཟངས་མདོག་དཔལ་རི་བོད་དམ་བོད་ཀྱི་འདབས་འབྲེལ་ས་ཆ་ཞིག་ཡོད་ན། གནས་ཀྱི་ས་ཕྱོགས་དང་པོར་བོད་ཀྱི་ལྷོ་ནུབ་དང་། དེ་ནས་རྡོ་རྗེ་གདན་དབུས་སུ་བཞག་ནས་ཡང་སྐྱར་ཕྱིར་བོད་དུ་འཁོར་ཏེ་ས་ཕྱོགས་གང་ཡིན་གསུང་དགོས་དོན་ག་ལ་ཡོད་དེ་མེད་དོ།། སློབ་དཔོན་རིན་པོ་ཆེ་ནི་དུས་གསུམ་མཁྱེན་པ་ཞིག་ཡིན་པས། གངས་རིན་པོ་ཆེ་དང་མཚོ་མ་ཕམ་པ་ངོ་ཤེས་མཁན་ཞིག་ག་ལ་ཡིན་ཏེ་མིན་པས། དང་པོ་རང་ནས་ཟངས་མདོག་དཔལ་རི་གངས་རིན་པོ་ཆེ་ཏི་སེ་དང་མཚོ་མ་ཕམ་པའི་འགྲམ་དུ་ཡོད་ལུགས་གསུང་ཆོག་པ་གང་ཞིག་ལ་དེ་ལྟར་རྩ་བ་ནས་གསུངས་མེད་པ་འདི་ཁོ་ནས་ཀྱང་ཟངས་མདོག་དཔལ་རི་དེ་བོད་ནས་ཐག་རིང་གི་ས་ཆར་ཡོད་པ་དེ་རིགས་པས་བརྟགས་ན་ཤེས་ནུས་པ་ཞིག་རེད། བདག་གིས་བསམས་ན། གོང་གི་ཚིག་བཅད་དེ་ནི་མི་སྙིང་ཁམས་ཅན་ཞིག་གིས་རང་བཟོའི་ཚིག་རྡོག་འགའ་རིག་འཛིན་འཇིགས་མེད་གླིང་པའི་གསུང་གི་བར་དེར་བཙན་གྱིས་བཅུག་པ་རེད་འདུག
རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔ ཞེས་པའི་ཚིག་འདིས་ཟངས་མདོག་དཔལ་རི་ཆགས་སའི་རྒྱལ་ཁབ་དེ་རྒྱ་མཚོའི་དཀྱིལ་གྱི་གླིང་ཕྲན་ཞིག་ཡིན་པར་ཧ་ཅང་གསལ་པོའི་སྒོ་ནས་བསྟན་པ་དང་། ཟ་བྱེད་སྲིན་པོའི་ཡུལ་ཞེས་པ་དེས་སྔོན་བྱུང་གི་གཏམ་རྒྱུད་ཆེས་མང་པོ་ཞིག་གི་ཁྲོད་དུ་ཁྱབ་ཆེན་པོ་ཡོད་པའི་སྲིན་རྒྱལ་ལིངྐ་མགྲིན་བཅུའི་ཡུལ་དེ་བསྟན་ཡོད་ཅིང་། རྒྱལ་པོ་དགའ་བྱེད་དང་མཛེས་མ་སི་ཏ་གཉིས་ཀྱི་གཏམ་རྒྱུད་ལ་ཆ་རྒྱུས་ཅུང་ཟད་ཅིག་ཡོད་མཁན་ཞིག་ཡིན་ན། ཤྲྰི་ལངྐའི་ཡུལ་འདིས་གནའ་དུས་སྲིན་པོས་གང་བའི་ཡུལ་ཁམས་ཤིག་ཡིན་པ་མི་ཤེས་རྒྱུ་ཅི་ཡོད།
བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ༔ ཞེས་པའི་ཚིག་འདིས་རི་འདིའི་དབྱིབས་བཀོད་བསྟན་ཡོད་ཅིང་། ཤྲྰི་པ་ད་འདིའི་དབྱིབས་ནི་མིའི་སྙིང་གི་དབྱིབས་འཁྲུལ་བ་མེད་པར་གྲུབ་ཡོད་པ་དང་། སྟོན་དཔྱིད་ཀྱི་དུས་སུ་ཁ་དོག་ཀྱང་སྙིང་ཤའི་མདོག་རང་དུ་མངོན་ཡོང་།
རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིང༔
ཤྲི་པ་དྷའམ་ཟངས་མདོག་དཔལ་རི་རང་ཉིད་ལས་ངོ་མཚར་བའི་རྦབ་ཆུ་སྣ་ཚོགས་ཆལ་ཆིལ་དུ་འབབ་པ་དག་རི་རྩར་མཚེའུར་འཁྱིལ་བ་དང་། གྲུ་གཟིངས་ཀྱིས་བགྲོད་དགོས་པའི་གཙང་ཆེན་ཞིག་གནས་རིའི་ཉེ་འདབས་སུ་གྱ་གྱུར་བཞུར་བཞིན་ཡོད་པས། ཟངས་མདོག་དཔལ་རིའི་རྩ་བའམ་རི་འདབས་དེར་ཀླུ་རྒྱལ་འཇོག་པོའི་གནས་མེད་པར་སུ་ཡིས་ཁ་ཚོན་གཅོད་ཐུབ་བམ།
སྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར༔ ཞེས་པའི་ཚིག་འདིའི་བསྟན་བྱ་ནི། ཟངས་མདོག་དཔལ་རི་འདིའི་རི་རྐེད་དུ་ངོ་མཚར་བའི་བྲག་ཕུག་སྣ་ཚོགས་ཡོད་པ་དང་། དེ་དག་གི་ནང་དུ་མཁའ་སྤྱོད་དང་ས་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གསང་ཆེན་སྔགས་ཀྱི་བརྡ་སྐད་སྒྱུར་བཞིན་དཔའ་བོ་མཁའ་འགྲོའི་བྲོ་གར་འཁྲབ་བཞིན་དགའ་བ་བཞི་དང་བཅུ་དྲུག་གི་ལང་ཚོའི་རྩེད་འཇོ་སྣ་ཚོགས་དང་བཅས་བམ་ཆེན་ཚོགས་ཀྱི་འཁོར་ལོར་དུས་རྟག་ཏུ་རོལ་བཞིན་ཡོད་ཚུལ་གསུངས།
རྩེ་མོ་གཟུགས་ཁམས་བསམ་གཏན་སྙོགས་པ་ལྟའི༔ ཞེས་པའི་ཚིག་རྐང་འདིའི་བསྟན་བྱ་ནི། ཟངས་མདོག་དཔལ་རི་འདིའི་དཔང་ནི་ཧ་ཅང་མཐོ་ཞིང་། རྡོ་སྐས་གྱ་གྱུ་མ་ལྔ་སྟོང་ལྷག་བགྲོད་ན་ད་གཟོད་རི་རྩེར་བསླེབ་ཐུབ་པ་དང་། རི་རྩེ་ནས་ཉི་མ་འཆར་དུས་ཀྱི་མཛེས་ལྗོངས་ངོ་མཚར་ཞིང་ཡིད་འཕྲོག་པ་མཐོང་བ་དེ་བསྟན།
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ ཅེས་པ་འདི་ཚིག་འདི་ནི་ཧ་ཅང་གནད་འགག་ཆེ་བ་སྟེ། དཔལ་གྱི་རི་འདིའི་སྟོན་ཁའི་དུས་ཚིགས་ཀྱི་ཁ་དོག་ནི་ཟངས་དམར་གྱི་མདོག་ཇི་མ་ཇི་བཞིན་པ་ཡིན་པས། རྒྱང་ཐག་ཉེ་རིང་གང་ནས་བལྟས་ཀྱང་ཟངས་བླུགས་ཀྱི་རི་བོ་ཞིག་དང་ཤིན་ཏུ་མཚུངས་པ་དེ་བསྟན།
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད་ཅེས་བྱ་བ་ལས། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་ཀྱི་ཉམས་སྣང་དུ་མཁའ་འགྲོ་བ་དག་གིས་ཁོང་ནམ་མཁའི་ལམ་ནས་བོད་ཡུལ་དང་རྒྱ་གར། ནུབ་ཕྱོགས་ཀྱི་ཨོ་རྒྱན་ཡུལ་བཅས་ཀྱི་བར་སྣང་བརྒྱུད་དེ་དེང་སང་གི་གནམ་གྲུར་ཞུགས་པ་དང་འདྲ་པར་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་གླིང་ཕྲན་ཟངས་མཆོག་དཔལ་རིར་གནས་མཇལ་དུ་གདན་འདྲེན་ཞུས་པའི་སྐོར་ཞིག་འདིར་དགོད་པར་བྱ་སྟེ། ཞང་ཀང་ཐེན་མ་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས་༧༠
དེ་ཡང་རྗེ་ཉིད་ཀྱིས་གནས་འདི་ནི་ “རྡོ་རྗེ་གདན་གྱི་ལྷོ་ནུབ་སྲིན་ཡུལ་ལངྐ་པུ་རི་ཡིན་ནམ” ཅེས་དྲིས་པ་ལ། དེ་ནི་ལྷོ་ནུབ་སྲིན་པོའི་གླིང་ཀཻ་རི་བརྩེགས་པ་དང་བྱན་ལག་ལྗོངས་འདབས་འབྱོར་དུ་ཡོད། འདི་ནི་རྒྱ་གར་ཟ་ཧོར་དང་འདབས་འབྲེལ་བ་ཅན་ཡིན། སྲིན་པོའི་གླིང་དུ་འགྲོ་བ་ལ་ད་དུང་ཆུ་བོ་བརྒལ་དགོས། ཞེས་དང་།
དེ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་རྔ་ཡབ་སྲིན་པོའི་གླིང་གི་བར་དུ་ཆུ་བོ་ཆེན་པོས་བཅད་འདུག་པ་ལ། ཞེས་དང་།
དེ་ནས་རྒྱ་མཚོ་ཆེན་པོ་གནམ་ཐང་དུ་ལྷུང་བ་ལྟ་བུ་གར་བལྟས་ཐམས་ཅད་མཚོ་ཡིས་ཁེབས་པ་འདྲ་བ་ཞིག་སྣང་བ་འདི་གང་ལགས་ཞུས་པས། འདི་ནི་མུ་ལེ་མཐིང་གི་འཕྲུལ་མཚོ་ཞེས་བྱ་བ་སྟེ། གྲུ་གཟིངས་ཀྱིས་བརྒལ་དགོས་པ་ཡིན་ཅིང་། ད་ནི་རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིར་བསླེབས་པ་དང་ཉེའོ།། ཞེས་དང་།
དེ་མ་ཐག་གང་བྱུང་མ་ཚོར་བར་གྲུ་ཤན་རྟ་མཆོག རྟ་མགོ་ཡིན་ནམ་་་་ཞིག་མཚོ་ཁར་ལྷགས་པའི་ནང་དུ་རྗེ་རིག་འཛིན་ཆེན་པོ་དང་མཁའ་འགྲོ་སྡེ་ལྔ་བཅས་གྲུ་བོ་ཆེར་ཞུགས་ཏེ་མིག་འཕྲུལ་ལྟ་བུའི་སྐད་ཅིག་ཉིད་དུ་ཕ་རིར་བསླེབས་པ་བྱུང་། དེ་ནས་མཁའ་འགྲོ་ལྔའི་ཞལ་ནས། ད་ནི་ཟངས་མདོག་དཔལ་གྱི་རི་བོའི་ཤར་ཕྱོགས་མཁའ་འགྲོའི་གསང་ལམ་ལ་འཛེགས་ཏེ་འགྲོའི་ཞེས་གསུངས། དྷ་ཀི་ལྔས་ལམ་སྣ་དང་བཅས་ཕེབས་པའི་ཤར་ཕྱོགས་དེར། བྲག་དཀར་པོ་ཤེལ་ལྟར་འཚེར་བའི་མཆོད་རྟེན་རང་གྲུབ་ཀྱི་འོག་ནས་འགྲོ་དགོས་པར་འདུག འདི་གང་ལགས་ཞུས་པས། ཀ་ཎི་ཀ་ཡི་མཆོད་རྟེན་ཟེར། ཞེས་དང་།
རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་སིངྒ་ལའི་ལོ་རྒྱུས་ནང་དུ། བོད་ལྗོངས་པར་མའི་ཤོག་ངོས་ ༤༢༧ དང་ ༤༣༡ དང་ ༤༣༩ དང་ ༤༦༥བར། དེ་ལ་གླིང་འདིའི་མིང་ཆེས་ཡོངས་སུ་གྲགས་པ་ནི། ལངྐ་བྱ་བ་ཡིན་ཅིང་། ཁོང་པ་རྣམས་ལ་ཡང་རང་ཡུལ་ལ་མིང་དེ་ག་དང་། རྒྱ་གར་ལ་འཛམ་བུ་གླིང་ཞེས་འབོད། ཅེས་དང་། སྤྱིར་མལཡྰ་བྱ་བ་ཏ་མི་ལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་། ཏྲྰིམལཡྰ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲྰིམལཡྰ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཞེས་དང་། དེ་བཞིན་ཏྰམྲདིཔ་སྟེ་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་ཡ་གསལ་ལ། ཞེས་དང་། དེད་དཔོན་སིངྒ་ལར་སོང་སྟེ་ཟངས་གླིང་གི་སྲིན་མོ་རྣམས་བསད་དེ་ཡུལ་བཟུང་བས་གླིང་གི་མིང་ཡང་དེ་སྐད་གྲགས་སོ་བྱ་བ་དང་། ཞེས་གླིང་འདིའི་རྒན་རབས་པའི་ངག་རྒྱུན་དུ་ཡང་གླིང་འདི་དང་པོར་སྲིན་མོ་དག་གིས་བཟུང་ཡོད་ཚུལ་གྱི་བཤད་རྒྱུན་ཡོད་པ་གསལ་སྟོན་བྱས་འདུག
དེ་ལྟར་ལྷོ་ནུབ་ཅེས་པའི་ཕྱོགས་དང་། ཟངས་གླིང་ཞེས་པའི་ཡུལ་དང་། དཔལ་གྱི་རི་བོ་ཞེས་པའི་རི་བོ་དང་། སྲིན་པོ་སྲིན་མོ་ཞེས་པའི་མི་རིགས་ཏེ། བདེན་པའི་དཔང་པོ་འདི་བཞི་ཡིས་གུ་རུ་རིན་པོ་ཆེའི་གནས་མཆོག་ཟངས་མདོག་དཔལ་གྱི་རི་བོ་དེ་བོད་དང་རྒྱ་གར་ཨོ་རྒྱན་སོགས་འཛམ་བུ་གླིང་དུ་ཡོད་པ་ཞིག་མ་ཡིན་པར། རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་རྒྱ་མཚོ་ཆེན་པོའི་དཀྱིལ་གྱི་གླིང་ཕྲན། ཡོངས་གྲགས་ཤྲྰི་ལངྐའི་ཡུལ་ལམ་སངྒ་ལའི་ཡུལ་དུ་ཡོད་པའི་ཤྲྰི་པ་ད་ཅེས་པའི་རི་བོ་ངོ་མཚར་བ། གསང་སྔགས་པ་དག་གིས་གནམ་ལྕགས་འབར་བའི་རི་བོ་ཞེས། གསང་སྔགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་རིགས་ཅན་དྲྭ་མ་ལྔར་གསང་སྔགས་ཀྱི་རྒྱུད་ཐོག་མར་གསུངས་སའི་གནས་སུ་རྩི་བ་འདི་ཁོ་ན་ཡིན་པར་ཡིད་ཆེས་བྱེད་རོགས།
གཞན་ཡང་རྫོགས་ཆེན་ཡང་སྤྲུལ་བསྟན་འཛིན་ཀུན་བཟང་ལུང་རྟོགས་བསྟན་པའི་ཉི་མས་བརྩམས་པའི་རྫོགས་ཆེན་ཆོས་འབྱུང་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས། ༤༠། དེ་ལྟར་ལངྐའི་ཡུལ་ན་ཡོད་པའི་རི་མ་ལ་ཡ་ནི། གནས་དེར་སྔོན་བཅོམ་ལྡན་འདས་ལིངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ། བྱང་སེམས་བློ་གྲོས་ཆེན་པོས་ཞུས་པ་ལས་ལང་ཀར་གཤེགས་པའི་མདོ་གསུངས་ཤིང་། གཞན་ཡང་ཡུལ་དེར་སློབ་དཔོན་ཆེན་པོ་ཀ་ཧ་ན་པ་བྱོན་ནས་བི་ཤྭ་རི་པྰི་ཞེས་པའི་སྲིན་མོ་འཁོར་ལྔ་བརྒྱའི་ཚོགས་བཅས་བཏུལ་ནས་སྔགས་ཀྱི་བསྟན་པ་སྤེལ་བར་མཛད། ཅེས་བྲིས་འདུག་པས་ཀྱང་། སྔོན་ཆད་ཤྲྰི་ལངྐའི་ཡུལ་འདི་སྲིན་ཡུལ་ཞིག་ཡིན་པ་གསལ་སྟོན་དང་། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཀྱང་། ང་ནི་མི་སྡོད་སྲིན་པོའི་ཡུལ་དུ་འགྲོ༔ ཞེས། ཁོང་གང་དུ་གཤེགས་པའི་ཡུལ་དེ་ནི་སྲིན་པོའི་ཡུལ་ཞིག་ཡིན་ཚུལ་རྡོ་རྗེའི་གསུང་གིས་འགྱུར་མེད་རྒྱ་ཡིས་བཏབ་འདུག་པས། ད་ནི་བོད་པ་སྤྱི་དང་ཁྱད་པར་སྔ་འགྱུར་རྙིང་མ་བ་ཚོས་ཟངས་མདོག་དཔལ་གྱི་རི་བོ་དེ་རྨི་ལམ་དང་དག་སྣང་འབའ་ཞིག་གིས་མ་གཏོགས་བགྲོད་དུ་མི་བཏུབ་པའི་ཡུལ་གྲུ་ག་གེ་མོ་ཞིག་ཡིན་པར་མི་དགོངས་པར། རྒྱ་གར་ནག་དང་བོད་ཡུལ་ནུབ་གླིང་སོགས་གང་ན་བཞུགས་ཀྱང་རུང་། ཕྱི་བསྐྱོད་ལག་ཁྱེར་དང་ཤྲྰི་ལིངྐའི་ནང་བསྐྱོད་ཆོག་མཆན། གནམ་གྲུའི་འཛིན་ཡིག་སོགས་གྲ་སྒྲིག་གནང་སྟེ་དེང་དུས་ལ་དཔགས་པའི་ཐག་ཉེ་བའི་ས་རུ་མིག་གིས་མཐོང་རྒྱུ་དང་རྐང་པས་བགྲོད་རྒྱུ། ལག་པས་རེག་རྒྱུ་དང་པར་དུ་ལེན་རྒྱུ་སོགས་གཟུགས་ཅན་གྱི་དངོས་པོ་གཞན་དག་དང་གཅིག་མཚུངས་སུ་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་པའི་ཟངས་མདོག་དཔལ་གྱི་རི་བོ་འདིར་གནས་མཇལ་དུ་ཕེབས་རོགས་ཞུ་རྒྱུ་ཡིན།།
རི་འདིའི་མིང་ནི་དགེ་ཆོས་ཀྱིས་སང་ག་ལའི་གནས་ཡིག་ཏུ་ཤྲྰིཔད་ཞེས་བྲིས་ཡོད་པ་ཇི་བཞིན་google དྲ་ཚིགས་སུ་ཕེབས་ནས་ sri pada ཞེས་བྲིས་ནས་རྡེག་གནོན་བྱས་ན་གནས་མཆོག་འདིའི་ངོ་མཚར་བའི་འདྲ་པར་སྣ་ཚོགས་དང་གནས་ཀྱི་ཐག་ཉེ་རིང་གི་ཡུལ་ལྗོངས་ཀྱི་བཀོད་པ། གནས་འདིར་གནས་སྐོར་དུ་བསྐྱོད་པའི་ཕྱི་གླིང་པ་ཚོས་བླངས་པའི་གློག་བརྙན་ཐུང་ཐུང་གི་རིགས་ཀྱང་འབད་མེད་དུ་ཐོབ་ཐུབ། དགེ་འདུན་ཆོས་འཕེལ་གྱིས་གནས་འདི་གླིང་གི་དབུས་སུ་ཡོད་ཅིང་ཞེས་བཤད་ཡོད་མོད། གློག་ཀླད་ནང་གི་ google ས་ཁྲ་བེད་སྤྱད་ནས་བལྟས་ན་གླིང་གི་དབུས་རང་དུ་མེད་པར་ནུབ་ཕྱོགས་ཀྱི་ཆར་གཏོགས་པའི་ས་གནས་སུ་ཡོད།
དོ་ནུབ་རྨི་ལམ་ནང་དུ་བསྐྱོད་མི་དགོས།།
ལོ་མང་སྒོམ་གྱི་རྟོགས་པས་བགྲོད་མི་དགོས།།
ལག་ཁྱེར་ཆོག་མཆན་འཛིན་ཡིག་ཙམ་ཞིག་གིས།།
ཟངས་མདོག་དཔལ་གྱི་རི་བོར་འགྲོ་ཆོག་ཆོག།
རྗེ་བཙུན་མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེ་ཡིས།།
ཟངས་མདོག་དཔལ་གྱི་རི་བོ་འབད་མེད་རྙེད།།
སང་གནངས་མ་ཤི་ཚེ་རིང་བྱུང་བ་ན།།
བདག་ཀྱང་གནས་དེར་ལན་གཅིག་བསྐྱོད་ངེས་ཡིན།།
དག་པའི་སྣང་ངོར་དག་པའི་ཞིང་ཁམས་ཡོད།།
མ་དག་སྣང་ངོར་ས་སྤྱོད་གནས་མཆོག་ཡོད།།
རྒྱ་གར་ལྷོ་ཕྱོགས་ཤྲྰི་ལང་ཀའི་ཡུལ།།
མ་བསྐྱོད་ཟངས་མདོག་དཔལ་རི་མཇལ་ནུས་མིན།།
ཀླུ་སྨྱོན་ལགས། འདི་འདྲ་བྲིས་ནས་ང་ཚོའི་རྙིང་ཆོས་རྣམས་ལྷ་སྒྲུང་དུ་བཟོ་མ་གནང་རོགས། དེང་སང་རྣམ་ཐར་ཟངས་གླིང་ལ་རྫུན་བཟོ་ཡིན་པར་བཤད་མཁན་མང་བོ་འདུག
འདི་ནི་རྒྱ་གར་ལྷོ་ཕྱོགས་ཤྲྰི་ལང་ཀའི་རྒྱལ་བོ་འབོད་སྒྲོགས་དང་རཱ་མ་ཡ་ནའི་གཏམ་བརྒྱུད་ཀྱིས་ཤུགས་རྐྱེན་ཐེབས་པའི་ལྷ་སྒྲུང་ཞིག་རེད་ལགས། འདི་ནི་གནའ་རབས་ཀྱི་རྒྱ་གར་བས་ཤྲྰི་ལང་ཀའི་ཡུལ་ཟ་བའི་སྲིད་དོན་ཞིག་ཡིན་པ་ལས་ཆོས་ལུགས་ཞིག་ཡིན་མི་སྲིད་། རྗེས་སུ་བོད་པ་ཚོས་ཀྱང་ཆོས་དང་སྲིད་གཏམ་རྒྱུད་སོགས་ངག་སྒྲུང་དང་འདྲེས་པར་བྲིས་ནས་རང་ཉིད་ཆེས་བསྟོད་ཡོང་ཐབས་བྱས་པ་ཞིག་རེད། དེ་འདྲ་ལ་མགོ་མ་འཁོར་རོགས་ཞུ་ཡ་ཡིན།
ད་ནི་ལྷ་སྒྲུང་གི་དུས་རབས་དེ་མཇུག་རྫོགས་པ་རེད། དངོས་ཡོད་ཀྱི་ལོ་རྒྱུས་འབྲི་ཡ་གལ་ཆེན་པོ་རེད་ལགས།
ཁྲག་འཐུང་གླིང་བས་གསུང་བར་མངོན་པར་བསྟོད།
ཆག་ལོ་བཞི་བ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་ཡོངས་གྲགས་དུས་འཁོར་ཆོས་འབྱུང་། ཡིག་རྙིང་།<> ཞེས་པ་ལས་ཀྱང་འདི་འདྲ་ཞིག་གསུངས་འདུག རྟགས་འདིའི་[]ནང་གི་དེ་མ་ཕྱིའི་ཤོག་ཨང་དང་ཐིག་ཕྲེང་ཡིན།
དེ་ནས་རྒྱ་མཚོ་ཆེན་པོར་གཤེགས་ཏེ་འཛམ་[19B.2]བུའི་གླིང་ལས་ལོགས་སུ་གྱུར་པ་ཤར་ལྷོའི་ཕྱོགས་ཀྱི་གླིང་ཕྲན་སྔོན་སྲིན་པོས་བཟུང་བས་ལངྐའི་ཡུལ་ལམ། ཕྱིས་དེད་དཔོན་སེང་གེས་བཟུང་བས་སིངྒྷ་ལའི་གླིང་དུ་གྲགས་པ། ས་པདྨ་འདབ་བཞིའི་རྣམ་པའི་[19B.3]དབུས་སུ་རི་མ་ལ་ཡ་ཞེས་པ་དབྱིབས་ཟླུམ་པོ་བང་རིམ་དྲུག་དང་ལྡན་པའི་རྩེ་མོར། ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས། བློ་གྲོས་ཆེན་པོས་ཞུས་པས་ལངྐར་གཤེགས་པའི་མདོ་གསུངས་[19B.4]ཤིང་། གནས་དེ་ལི་ཙཱ་བི་དྲི་མ་མེད་པར་གྲགས་པ་སོགས་རིག་འཛིན་གྱི་འཁོར་རྣམས་ལ་ཡང་རྒྱུད་སྡེ་མང་དུ་གསུངས་ནས། གསང་སྔགས་ཀྱི་རྒྱུད་མཐའ་དག་ཕྱག་ན་རྡོ་རྗེ་ལ་གཏད་དེ་རྡོ་རྗེ་ཆོས་སུ་མིང་[19B.5]བཏགས་སོ༎
ཞེས་གསུངས་འདུག་གོ།
ཆོས་འབྱུང་གི་མཚན་ཡིག་རྟགས་འདིའི་ནང་བཅུག་ཡོད་མོད་ཤར་མི་འདུག
མཚན་ཡིག་ལ་འདི་ཟེར།
དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།
ཀླུ་སྨྱོན་འདིའི་རྩོམ་རྙོག་འགའ་ཞིག་མ་གཏོགས་ཡག་པོ་ཡོད།
རྙིང་ཞེན་ཆེ་བའམ་ཆགས་སྲེད་ཆེ་བ་ཡིན་གང་ལྟར་རྙིང་མ་ལ་རྒྱུས་མངའ་ཆེ་ཙམ་འདུག།།
ད་ཉི་མ་གཅིག་ལ་བོན་གྱི་འབྱུང་ཁུངས་འོལ་མོ་ལུང་རིང་ཡང་རི་གཡུང་དྲུང་དགུ་བརྩེགས་ཀྱི་འདྲ་པར་དང་བཅས་པ་འདི་འདྲ་ཞིག་ངོ་སྤྲོད་་ཡོང་བར་བརྒུག་ནས་བསྡད་ཡོད།
འདི་ནི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་རི་བོ་མ་ལ་ཡ་ཞེས་པ་དེ་རེད། སློབ་དཔོན་ཆེན་པོ་དུས་གསུམ་མཁྱེན་པ་ཡིན་པས་མཚོ་མ་ཕམ་མི་མཁྱེན་པ་མི་སྲིད་ན། ཤྲི་ལངྒ་ཡང་མི་མཁྱེན་པ་མི་སྲིད་པས། དང་པོ་ཉིད་ནས་ཟངས་མདོག་དཔལ་རི་ཤྲི་ལངྒའི་ཕྱོགས་སུ་ཡོད་རེད་མི་ལབ་པར། དོན་མེད་ལྷོ་ནུབ་དང་བྱང་ཤར་སོགས་ཀྱི་སྐོར་གཏམ་བཤད་དེ་མི་མགོ་སྐོར་ནས་ཅི་བྱེད། གཞན་ཡང་རྒྱ་ནག་གི་བཙུན་པ་ཧྥ་ཤྰན་གྱི་ལམ་ཡིག་ལས། སྲིན་པོ་དང་གནོད་སྦྱིན་གྱི་རིགས་དེ་དག་དང་ཡུལ་གྲུ་གཞན་གྱི་མི་རྣམས་དང་ཚོང་རྒྱག་རེས་བྱེད་ཀྱི་ཡོད་རབས་བཤད་པ་དེས། སྲིན་པོ་ཞེས་པ་དེ་ནི། དེང་སང་ཨཕྷ་རི་ཀའི་ནགས་ཁྲོད་དག་ན་ཡོད་པའི་ཀློ་པའམ་རི་བྲག་པ་དེ་དག་ལས་ལོགས་སུ་གྱུར་པའི་མི་མ་ཡིན་ཞིག་མིན་པར་བསྟན་ཡོད། དེ་འདྲའི་ཀློ་པའམ་རི་བྲག་པ་དེ་འདྲ་ནི་གནའ་སྔ་ཚེ་འཛམ་གླིང་གི་ཤིང་ནགས་མཐུག་ས་གང་སར་གང་ནས་ཡོད་པས། དེ་ཚོའི་ཡུལ་དེ་ཡིན་གཅིག་མིན་གཉིས་ཤྲི་ལངྒ་ལ་ངོས་འཛིན་བྱེད་དགོས་དོན་ཅི་ཡོད།
ད་ཡིན་ན་ཧ་གོ་མ་སོང་།ཁྲག་འཐུང་གླིང་པ་ཡིན་པའི་གསལ་བཤད་ཅིག་ཡོད་པར་མཁྱེན་ནོ། དེ་མིན་ཤ་ཟ་གླིང་པ་དང་། ཆང་འཐུང་གླིང་པ་ཟེར་ན་གོ་རྒྱུ་དེ་ཙམ་མཐོང་།
ཤྲི་པ་དྷའམ་ཟངས་མདོག་དཔལ་རི་ཞེས་པ་འདི་རྒྱ་སྐད་ནས་ཚུར་བྱུང་བ་དེ་དག་པ་ཡིན་ན། ཟངས་མདོག་དཔལ་རི་ནི། བོད་ནང་ལ་མེད་པ་དེ། དེ་གས་མཐུས།
དག་ཞིང་གི་ངོ་བོར་གྲུབ་པའི་ཟངས་མདོག་དཔལ་རི་ཅིག་དང་། མི་དད་ལྡན་གྱི་མིག་ལམ་དུ་ཆར་བའི་ཟངས་མདོག་དཔལ་རི་ཅིག དེ་གཉིས་ཡོད་དགོས་པ་ལས་འདི་ནི། ཕྱི་མ་ལ་གོ་དགོས་པར་འདུག་སྙམ་ལགས།
ཀླུ་སྨྱོན་ལགས། ལན་གསལ་བོ་ཞིག་ཡོང་བའི་རེ་བ་ཡོད།
རྒྱ་ནག་པས་བོད་པ་ནི་མི་ནག་དང་ཀླ་ཀློ་སྲིན་པོ་ཡིན་པར་བསྒྲགས་ནས་བོད་བཅངས་གྲོལ་གཏོང་བར་མི་དམངས་ལ་སེམས་ཤུགས་བསླངས་པ་བཞིན་རྒྱ་གར་བས་ཀྱང་ཤྲྰི་ལང་ཀའི་ཡུལ་གསར་རྙིང་བྱུང་བ་དང་ཟ་འདོད་ཀྱི་ཀུན་ནས་ལངས་ཏེ་ཤྲྰི་ལང་ཀའི་ཡུལ་ནི་སྲིན་ཡུལ་ཡིན་པ་དང་སྲིན་པོ་དག་བསད་ནས་ཡུལ་དེ་འཕྲོག་དགོས་པའི་བསྐུལ་སློང་རབ་དང་རིམ་པ་བྱས་ཡོད་པ་ལོ་རྒྱུས་ལས་དཔག་ཐུབ་པ་ཡོད་རེད། རྒྱ་གར་བས་མཚོ་ཡི་གླིང་ཕྲན་དུ་སོང་ནས་ནོར་བུ་བླངས་པའི་གཏམ་བརྒྱུད་མང་བ་དང་མཐར་ཤྲྰི་ལང་ཀའི་གླིང་ཕྲན་འདི་རྙེད་པ་དང་། ཟ་རྩིས་ཡང་ཡང་བྱས་ཀྱང་ཤྲྰི་ལང་ཀའི་མི་དམངས་རྣམས་དཔའ་ཞིང་བརྟུལ་ཕོད་པ་ཡིན་པས་ལས་སླ་བོར་ཟ་མ་ཐུབ་པ་མཚོན་ཐུབ་པ་རེད། དེས་རྐྱེན་གྱིས་རྒྱ་གར་བས་ཤྲྰི་ལང་ཀའི་མི་རྣམས་སྲིན་པོ་ཡིན་པར་བསྒྲགས་པ་རེད། ལོ་ངོ་སྟོང་ཕྲག་རིང་གི་བསམ་བློ་དེ་མུ་མཐུད་ནས་གནས་པ་དང་ ཆོས་ལུགས་པ་ཚོས་ཀྱང་སྲིན་པོ་བསད་པའི་གཏམ་རྒྱུད་མང་དུ་སྨྲས་པ་དང་ཚུལ་མཐུན་པར་བོད་པ་ཚོས་ཀྱང་སྐད་ཆ་དེ་དག་འུར་སྒྲོགས་བྱས་མྱོང་བ་རེད། སློབ་དཔོན་པདྨ་བོད་ནས་ཕྱིར་འབུད་བཏང་བ་དང་གར་ལ་འགྲོ་མི་ཤེས་པ་དང་གང་དུ་ཡོད་མེད་མ་ཤེས་པས་ཕྱི་རབས་པ་དག་གིས་སྲིན་ཡུལ་དུ་ཡོད་ཚུལ་གྱིས་རྫུན་གཏམ་བཤད་པའི་མགོ་ཚུགས་པ་རེད། རྒྱ་གར་ནས་ཕྱིར་འབུད་བཏང་། བོད་པས་ཕྱིར་འབུད་བཏང་བས་ད་ཆ་གང་དུ་འགྲོ་དགོས་པ་རེད། ད་གཟོད་གང་དུ་ཡོད་སུས་ཀྱང་བཤད་ཁག་པོ་རེད། དེས་རྐྱེན་གྱིས་རྫུན་གཏམ་ཞིག་མ་བསྒྲིགས་ཐབས་མེད་རེད་། དུས་རབས་འདིར་ཡང་རྟ་དམག་གྱེན་ལངས་ཚོགས་པ་བཙུགས་པ་དང་ནོའོ་བྷེ་ཡིས་ལོ་ངོ་ཉི་ཤུ་རིང་བར་འདུམ་བྱས་པ་དང་རྒྱ་གར་ལ་ཡང་རྙོག་གྲ་ག་ཚད་བཟོས་མ་སོང་། ད་གཟོད་ཤྲྰི་ལང་ཀའི་ཡུལ་ལ་ཇག་པ་ཚར་གཅོད་བྱས་ཏེ་ཡུལ་དེ་བདེ་འཇགས་ངང་གནས་པ་དང་རྒྱ་ནག་པས་ཀྱང་རོགས་རིམ་གྱིས་ལམ་བཟོ་བྱེད་བཞིན་ཡོད་པ་འདི་རེད།
བོན་གྱི་འབྱུང་ཁུངས་འོལ་མོ་ལུང་རིང་གི རི་གཡུང་དྲུང་དགུ་བརྩེགས་ཀྱི་ཅིག་བོད་ཡུལ་ན་ཡོད་ན། གངས་རིན་པོ་ཆེའམ། གངས་ཏི་སེ་ལས་གཞན་ཅིག་རྙེད་དཀའ་སྙམ་ལགས།
རྣམ་ཐར་ཟངས་གླིང་མ་ཟེར་བ་དེ་ཟངས་མདོག་དཔལ་རིའི་ལོ་རྒྱུས་རེད་དམ།
ཟངས་གླིང་མ་ཟེར་བ་གསུངས་མཁན་སུ་རེད་དམ།
བདུད་འཛོམས་ཀྱི་རྙིང་མའི་ཆོས་འབྱུང་ནང་ཟངས་མདོག་དཔལ་རིའི་གནས་དེ་ནི་ཤྲྰི་ལང་ཀའི་ལྷོ་ཕྱོགས་ན་ཡོད་པ་དང་རི་བོ་མཐོ་ཞིང་བགྲོད་དཀའ་བ་དང་དབྱར་དགུན་སྟོན་དཔྱིད་མེད་པར་རི་རྐེད་ལ་སྤྲིན་པ་འཁྲིགས་ཡོད་པར་བྲིས་འདུག་ལ། རྩེ་མོ་ལ་མཆོད་རྟེན་ཅིག་ཡོད་པ་དང་རྡོ་ཕ་བོང་ཞིག་གི་ངོས་ལ་སྟོན་པའི་ཞབས་རྗེས་ཞིག་ཡོད་པ་དང་། རྟེན་གྱི་གཙོ་བོ་ཡང་དེ་ཡིན་ཚུལ་བྲིས་ཡོད་བསམ་སོང་། ཆོས་འབྱུང་དེ་མཐོང་ནས་ལོ་མང་བོ་ཕྱིན་ཟིན་པས་ད་གཟོད་གསལ་བོ་ཞིག་དྲན་གི་མི་འདུག དེ་འདྲར་བདེན་པ་ཡིན་ན་རི་བོ་འདི་ལ་རྟགས་དེ་དག་གང་ཡང་མཐོང་རྒྱུ་མེད་དོན་ཅི་ཡིན་ནམ། རི་བོ་ཆུང་ལ་སྤྲིན་པ་ཡང་མི་འདུག
སྐད་ཆ་འདི་དག་ནི་སྔོན་ཆད་བོད་པ་ཚོས་རི་བོ་ཏི་སེ་གངས་ཅན་ཡིན་མིན་དང་། མ་ཕམ་མ་དྲོས་ཡིན་མིན། ཤམ་བྷ་ལ་གང་དུ་ཡོད་མེད་བརྩད་པ་དང་གཅིག་མཚུངས་ཡིན། ལར་ནས་དག་སྣང་མེད་པ་དག་ལ་བརྒྱ་སྟོང་བཤད་ཀྱང་གོ་བའི་གནས་མེད་པས། ཀླུ་སྨྱོན་ལགས་ཨོ་བརྒྱལ་དགོས་པ་འདྲ།
རྒྱ་གར་ནང་པ་རྣམས་ཀྱིས་བཤད་ན། ཤྲྰི་ལངྐའི་ཡུལ་ནི་སྔོན་དུས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བའི་ཡུལ་ཞིག་དང་། ཡུལ་དེའི་རྒྱལ་པོའི་མིང་ལ་་ར་ཧོང་ཟེར་ཞིང་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་དང་། སྟོབས་འབྱོར་ཡང་ཧ་ཅང་ཆེ་བའི་ཆོས་རྒྱལ་ཞིག་ཡིན་ངོས་འཛིན་བྱེད་ཀྱིན་འདུག གཡོ་ཅན་བྲམ་ཟེ་ཚོས་རྒྱལ་པོ་དེ་སྲིན་པོ་ཞིག་དང་མགོ་བཅུ་ཅན་གདུག་རྩུབ་ཧ་ཅང་ཆེ་རབས་སོགས་དང་། མཐར་ཧིན་ངྷིའི་ཆོས་པ་ཚོས་ལྷ་བཀུར་བའི་རྒྱལ་པོ་རཱམ་གྱིས་མཐུ་སྟོབས་ཀྱིས་བསད་པ་ཡིན་ཚུལ་རྫུན་བཟོ་མང་དག་ཅིག་བྱས་ནས་བཤད་པ་ཡིན་ཚུལ་ཤོད་ཀྱིན་འདུག
ཀླུ་སྨྱོན་གྱིས་གསུངས་པའི་གནས་རི་དེར་སྟོན་པའི་སྟོན་པའི་ཞབས་རྗེས་ཡིན་ཟེར་བའི་ཞབས་རྗེས་དེ་ཡོད་པ་རེད། སྟོན་པ་དངོས་སུ་ཡུལ་དེར་ཞབས་ཀྱིས་བཅགས་ཡོད་མེད་གཉིས་ལས་མེད་པ་ཤུགས་ཆེ་བ་འདྲ། བདུད་འཇོམས་རིན་པོ་ཆེས་གསུངས་པ་དེ་ཡང་དེ་ལ་དགོངས་ནས་གསུངས་པ་འདྲ།
གེ་འདུན་རྒྱ་མཚོ་ལགས། རི་བོ་དེ་ལ་སྤྲིན་མང་པོ་འཁོར་བ་དང་ཆར་ཞོད་ཆེ་བས་ཟླ་བ་མང་པོའི་རིང་ལ་གནས་སྐོར་ལ་འགྲོ་སྲོལ་ཡང་ཆེར་མེད་པ་འདྲ། པར་འདི་སྤྲིན་མེད་དུས་ཤིག་ལ་བླངས་པ་རེད། རི་འདི་ཆོས་ལུགས་མང་པོས་ཧ་ལས་པའི་གནས་རི་ཆེན་པོར་བརྩི་བ་དང་། གནས་སྐོར་བ་མང་པོ་འགྲོ་ས་ཞིག་རེད། ང་ཡང་མི་འགྱངས་པར་འགྲོ་གྲབས་ཡོད། ཟངས་མདོག་དཔལ་རི་ཡང་ཡིན་ཆོག་པ་འདུག སྤྱིར་ན་ཤྲི་ལང་ཁའི་གླིང་ལ་ཡང་ཟངས་མདོག་གི་གླིང་ཕྲན་འབོད་སྲོལ་ཡོད་འདུག ཟངས་མདོག་གླིང་གི་དཔལ་གྱི་རི་བོ་ཞེས་པ་ཚིག་སྡུད་བྱས་ནས་ཟངས་མདོག་དཔལ་རི་བྱུང་བ་འདྲ།
པར་འདི་ཡང་རང་གཟུགས་དངོས་ནས་པ་དེ་མ་རེད། བཟོ་བཅོས་བརྒྱབ་འདུག པར་སྒང་ལ་ཐེངས་གཉིས་གཏགས་ན་པར་དེའི་རང་གཟུགས་མངོན་ཡོང་།
བདུད་འཇོམས་ཆོས་བྱུང་ངས་ཀྱང་ཐེངས་མང་པོ་བཀླགས་མྱོང་མོད། དགེ་འདུན་རྒྱ་མཚོས་བཤད་པའི་སྐད་ཆ་དེ་འདྲ་བདུད་འཇོམས་ཆོས་བྱུང་ནང་ནས་གཅིག་ཀྱང་མཐོང་མ་སོང་བར་མ་ཟད། བདུད་འཇོམས་ཆོས་འབྱུང་ནང་ཐ་ན་ཟངས་མདོག་དཔལ་རིའི་སྐོར་ཞིག་དག་རྩ་བ་ནས་གླེང་ཡོད་པ་མ་རེད་ལ་འབྲེལ་བ་ཡང་ཡོད་པ་མ་རེད། བདུད་འཇོམས་ཆོས་བྱུང་ནང་ཡོད་པ་ནི་རི་བོ་མ་ལ་ཡའི་སྐོར་རེད། དེ་ནི་སངས་སྔགས་ཀྱི་བསྟན་པ་ཐོག་མར་བྱུང་སའི་གནས་ཡིན་པས་དེ་ལས་འཕྲོས་ཏེ་ཕྲན་བུ་ཡོད་ཀྱང་། དགེ་འདུན་རྒྱ་མཚོས་བཤད་པའི་སྐད་ཆ་དེ་འདྲ་ནི་རྩ་བ་ནས་བཤད་ཡོད་པ་མ་རེད། ཁོའི་སྐད་ཆ་དེ་དག་ནི་སེར་རྟ་ཚུལ་ཁྲིམས་ཀྱིས་རི་བོ་མ་ལ་ཡའི་སྐོར་གྱི་དཔྱད་རྩོམ་ཞིག་སྔ་འགྱུར་རིག་འཛིན་ཞེས་པའི་དུས་དེབ་ནང་སྤེལ་འདུག་པ་དེའི་ནང་གི་སྐད་ཆ་རེད་འདུག མི་འདི་ཚོས་སྐྱག་རྫུན་དགའ་རབ་བཤད་ཡོང་གི་འདུག
SRIPADA – SriLanka – Buddhist’s Most Sacred Mountain
ཚིག་འགའ་ནང་འགལ་འདུག སྟོན་པ་ཤཀྱྰ་ཐུབ་པས་གནས་དེར་ལངྒེར་གཤེགས་པའི་མདོ་གསུངས་ཟེར་བ་དང་། གུ་རུ་རིན་པོ་ཆེ་གནས་དེར་སྲིན་པོ་འདུལ་བར་མ་ཕྱིན་པའི་སྔོན་སྲིན་པོ་དང་སྲིན་མོ་རྐྱང་ཡིན་ཚུལ་གཉིས་འགལ་བ་རེད། གལ་སྲིད་གསང་བདག་ཕྱག་ན་རྡོ་རྗེ་ཡིས་གནས་དེ་ནས་སྟོན་པ་ལ་གསང་བསྔགས་ཞུས་ཡོད་ཚེ། གསང་བདག་ཕྱག་རྡོ་རྗེ་ཡིས་འདུལ་མ་ཐུབ་པའི་བདུད་སྲིན་དག་གུ་རུ་རིན་པོ་ཆེ་ཡིས་འདུལ་ཐུབ་པ་ཞིག་ཡིན་ནམ། ཡིན་ཡང་འདུལ་སྐལ་ཡོད་མེད་ལ་ཁྱད་པར་ཡོད་སྲིད་ཀྱི་རེད། གང་ལྟར་བདག་ཅག་གི་སྟོན་པ་གནས་དེར་བྱོན་ཡོད་མེད་ལ་བཤད་ཚུལ་མང་པོ་འདུག གཉིས་པ་སྔོན་མ་ཟངས་མདོག་དཔལ་རིའི་འདྲ་པར་ཞིག་དང་རྩོམ་ཐུང་ཞིག་གཉིས་ཁ་བརྡ་ཐོག་བཀོད་བསམ་སོང་།ཕལ་ཆེར་དེ་མཁན་པོ་ཚུལ་བློ་ཡིན་ནམ་བསོད་དར་ཡིན་ནམ་ཁོ་གཉིས་གང་རུང་བསམ།དེ་དུས་པར་དང་དེ་རིང་ཀླུ་སྨྱོན་གྱི་པར་མི་འདྲ་བར་ཁ་ཁ་རེད།
Green Paradise Sri Lanka – Full Travel Documentary BBC
འདིའི་ནང་ལ་པར་ཤིང་ནགས་ཅན་གསལ་བ་འདུག
ཕྱག་རྡོར་དང་སྟོན་པས་བཏུལ་བའི་སྲིན་པོ་སྲིན་མོར་ཚེ་ཟད་དེ་འཆི་རྒྱུ་ཡོད་པ་ཙམ་ཡང་བློ་ངོར་མ་དྲན་ནམ། གུ་རུ་རིན་པོ་ཆེས་བཏུལ་བ་ནི་དེ་དག་གི་བུ་རབས་ཚ་བརྒྱུད་རེད་ཡ། ནམ་མཁའ་ལགས།
ཨ་ལགས་ཀླུ་སྨྱོན་ལགས། དེ་ལྟར་ཡིན་ན་གུ་རུ་རིན་པོ་ཆེ་ཡིས་བཏུལ་བའི་སྲིན་པོ་སྲིན་མོ་ཚོའི་བུ་རབས་ཚ་རྒྱུད་ཡང་ད་རུང་ཡོད་སྲིད་པས་དེ་དག་གི་འདུལ་བའི་སྐལ་ཁྱེད་ཁྲག་འཐུང་ཚང་ལ་བབ་ཡོད་ངེས་རེད།
ལོ་རྗེས་མ་ཁྲག་འཐུང་ཚང་གིས་བཏུལ་བའི་ལོ་རེད།ཧཧཧཧའ་ལ་ཀུ་རེ་ཡིན།
བདུད་འཇོན་ཆོས་འབྱུང་ཤོག་གྲངས་༦༡ནང་ལ།
་་་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་བྱ་བས་འདུས་ཏེ། ་་་་་ ཞེས་པ་དང་།
ཤོག་གྲངས་༡༣༥འི་ནང་ ་་་་བོད་ནས་་་་་་ རྔ་ཡབ་གླིང་དུ་ཕེབས། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་ཞུགས། ་་་ཞེས་པའི་སྔ་ཕྱི་གཉིས་གནས་ཡིན་ཟེར་ན་སྐྱོན་ཅི་ཡོད་དམ།
ཞོར་དུ་མཐོང་བ་ཅིག་ནི། དེའི་ནང་ལ། སློབ་དཔོན་ཁྲི་སྲོང་སྐབས་བོད་ལ་མ་ཕེབས་གོང་ལ། ཤོག་གྲངས་༨༥ལས། སློབ་དཔོན་པདྨས། ་་་་། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་འབྱུང་གི་ཁྱིའུར་སྤྲུལ་ནསརྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱེལ་མཚོན་་་་་་ སོགས་ཀྱང་གསུངས་འདུག
ནམ་མཁའི་སྐད་ཆ་དེ་རིག་པ་དང་མཐུན། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་མི་ལོ་བརྒྱ་འདས་པའི་རྗེས་སུ་མདོ་ནས་ལུང་བསྟན་པ་བཞིན་ཨ་ཤྭ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་བྱོན་པ་རེད། ཁོང་གི་སྲས་དང་སྲས་མོ་གཉིས་རབ་ཏུ་བྱུང་ནས་ཤྲཱི་ལངྐ་ལ་ཆོས་སྤེལ་དུ་བཏང་བ་རེད། སློབ་དཔོན་པདྨ་བྱོན་པའི་དུས་ནི་ཁྲི་སྲོང་གི་སྐབས་རེད། སྐབས་དེར་སྲིན་པོ་གང་དུ་ཡོད་པ་ཡིན་ནམ།
ཞང་ཞུང་ཆོས་དབང་གྲགས་པས།
འཛམ་གླིང་ངང་མོའི་རྗེས་སོང་བ།།
ངང་བའི་སྡེ་དཔོན་རྔ་ཡབ་སྟེ།།
འདི་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ནང་ཚན་རྔ་ཡབ་གླིང་ཡིན་པར་ངོས་འཛིན་བྱས་ཡོད།
ཤྲི་ལངྐར་བགྲོད་པའི་མཚོ་འགྲམ་ཞིག་ན་རྡོ་ལ་རྩོམ་ཡིག་ཅིག་བྲིས་འདུག་ཟེར། སྔོན་ཆད་གནས་དེ་ལ་རྒྱ་གར་བས་མིང་གཞན་ཀ་ལེན་ཏ་ག་ཡང་ཟེར་གྱི་ཡོད་པ་འདྲ།
དེ་ཕྱིར་ཀ་ལེན་ཏ་ག་ནི།།
སེངྒེ་གནམ་དུ་མཆོངས་འདྲའི་རྒྱན།།
སྐལ་བཟང་རྣམས་ཀྱིས་བགྲོད་བྱ་ཡི།།
སྐལ་དམན་རྣམས་ནི་ཡོངས་མི་ཐར།།
འདི་འདྲ་ཞིག་ཀྱང་དྲིས་ཡོད་པ་འདྲ།
དགུ་རོང་དོན་འགྲུབ་རྒྱལ་གྱིས་རཱ་མ་ནའི་རྟོགས་བརྗོད་ཁྲིད་སྐབས་དེ་འདྲ་ཅིག་བཤད་པ་ད་དུང་དྲན་ཡུལ་ན་འདུག དེའི་དོན་ནི་ཤྲི་ལངྐར་འགྲོ་བར་མཚོ་ལམ་རྒྱུ་དགོས་པས་ཉེན་ཁ་ཡོད་ཚུལ་བཤད་པ་ཡིན་ཚོད་རེད། སྲིན་པོ་ཡོད་པས་དང། གནས་རྩ་ཆེན་པོ་ཡིན་པས་བགྲོད་དཀའ་བའི་སྐད་ཆ་ཡིན་ས་མ་རེད་སྙམ།
སྔོན་ཆད་ཤེས་རིགས་ལས་ཁུང་ཀྱིས་བདུད་འཇོམས་ཀྱི་དཔེ་ཆ་དེ་ང་ལ་སྤྲད་སོང་ཡང་ད་ཆ་མེད། རྗེས་སུ་རེག་ན་ངས་ཁྱེད་ལ་བྲིས་ནས་བསྟན་ཆོག བདུད་འཛོམས་ཀྱི་ལུགས་ལ་ཟངས་མདོག་དཔལ་རི་དང་མ་ལ་ཡ་གཉིས་དོན་གཅིག་མིང་གི་རྣམ་གྲངས་རེད།
སུས་སྐྱག་རྫུན་བྱེད་ཀྱིན་ཡོད་པ་ཇེ་གསལ་དུ་འགྲོ་ངེས་རེད།
བཀྲ་ཤིས་དོན་འགྲུབ་མིང་ཅན་ལགས།
སྔོན་ཆད་ཤེས་རིགས་ལས་ཁུང་ཀྱིས་བདུད་འཇོམས་ཀྱི་དཔེ་ཆ་ཞིག་ང་ལ་སྤྲད་སོང་ཡང་ད་ཆ་མེད། རྗེས་སུ་རེག་ན་ངས་ཁྱེད་ལ་བྲིས་ནས་བསྟན་ཆོག བདུད་འཛོམས་ཀྱི་ལུགས་ལ་ཟངས་མདོག་དཔལ་རི་དང་མ་ལ་ཡ་གཉིས་དོན་གཅིག་མིང་གི་རྣམ་གྲངས་རེད།
སུས་སྐྱག་རྫུན་བྱེད་ཀྱིན་ཡོད་པ་ཇེ་གསལ་དུ་འགྲོ་ངེས་རེད།
འདི་ལ་གསལ་བཤད་གཅིག་ངེས་པར་དགོས།
ཀླུ་སྨྱོན་ན་རེད། “ཨོ་ཌི་ཡ་ནའམ་ཨུ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པའི་སློབ་དཔོན་པདྨ་སམྦྷ་ཝའམ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཞེས་མཚན་སྙན་པར་གྲགས་པ་མཆོག་གིས།”
འོ་ན། སྙིང་མའི་རྩ་སྔགས་ལྟ་བུ། པད་མ་གེ་སར་སྡོང་པོ་ལ་ཞེས། རྒྱ་གར་བྱང་ཕྱོགས་ལ་མཚོ་པད་མར་གྲགས་པའི་ཡུལ་དེའི་ཨུ་རྒྱན་གྱི་ཡུལ་ལ་རྩིས་བ་རེད་དམ། རྙིང་མའི་དགོན་པ་མང་པོ་ཞིག་དེ་གར་བརྒྱབ་ནས། དེ་ལ་ཨཽ་རྒྱན་རིན་པོ་ཆེ་འཁྲུངས་པར་ངོས་འཛིན་བྱེད་ཀྱི་འདུག
གུ་རུ་རིན་པོ་ཆེ་མཚོ་པད་མར་འཁྲུངས་པ་མ་རེད། མཚོ་པད་མར་ཟ་ཧོར་རྒྱལ་པོས་ཁོང་དང་ལྷ་ལྕམ་མནྡ་ར་བ་གཉིས་གསོན་བསྲེགས་བྱས་པ་རེད། ཁོང་དེ་གར་འཁྲུངས་པར་ངོས་འཛིན་བྱེད་མཁན་གྱི་རྙིང་མ་པ་ཞིག་ཕལ་ཆེར་མེད་ཚོད་རེད།
ལགས་སོ་རྒན་ཀླུ་སྨྱོན། གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ཟ་ཧོར་རྒྱལ་པོས་གསོན་སྲེག་མཛད་པའི་ཚེ།།
འབྱུང་བ་མེ་ཡིས་མ་འཚིག་གྲུབ་རྟགས་བསྟན།།
དགེ་འདུན་རྒྱ་མཚོ་ཟེར་བ་འདི་རང་གི་སྐད་ཆར་ཁུང་རྡོལ་བ་ཚོར་དུས་ལྷན་པ་རྒྱག་རྒྱུར་དགའ་བ་ཞིག་རེད། དང་པོ་བདུད་འཇོམས་ཆོས་འབྱུང་ནང་ཡོད་རབས་ཟེར། ཡང་ད་ལྟ་ནི་ཤེས་རིག་ལས་ཁུངས་ནས་སྤྲད་པའི་བདུད་འཇོམས་ཀྱི་དཔེ་ཆ་ཞིག་ཟེར། ངས་བདུད་འཇོམས་རིན་པོ་ཆེས་བཟང་མདོག་དཔལ་རིའི་སྐོར་རྩ་བ་ནས་བཤད་མེད་ཅེས་ལབ་རྒྱུ་མ་བྱུང་། ངས་ནི་བདུད་འཇོམས་ཆོས་འབྱུང་ནང་དེ་འདྲ་མེད་ལུགས་བཤད་པ་ཡིན་པཱ་་་་་་་་། བདུད་འཇོམས་ཆོས་འབྱུང་དེ་ལ་ལེའུ་དྲུག་ཡོད། དང་པོ་དེར་སྤྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་དང་ནང་བསྟན་བྱུང་ཚུལ་མདོ་ཙམ་བསྟན་ཡོད། གཉིས་པ་དེར་གསང་སྔགས་ཀྱི་བསྟན་པ་བྱུང་ཚུལ་དང། གསུམ་པ་དེར་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ། བཞི་པར་ཉེ་བརྒྱུད་གཏེར་མ་དང་ཟབ་མོ་དག་སྣང་གི་སྐོར། ལྔ་པར་བསྟན་པའི་གནས་ཚད་དང་བྱུང་འདས་ལོ་ཚིགས་ཀྱི་རྣམ་གཞག དྲུག་པར་སྔ་འགྱུར་བའི་བསྟན་པ་ལ་ལོག་པར་རྟོག་པ་འགའ་བྱུང་བར་ལན་བསྟན་པ་རྣམས་རེད། དེ་དག་ལས་མང་ཆེ་བར་ཆོས་ཀྱི་བརྒྱུད་པ་གཙོ་བོར་རྩལ་འདོན་བྱས་ནས་བཤད་ཡོད་པ་ལས། གང་ཟག་དང་གནས་ཀྱི་སྐོར་དེ་མིང་ཙམ་དང་རགས་བཤད་ཙམ་ལས་ཞིབ་ཆ་ཅི་ཡང་བཤད་མེད་ལ། ཟངས་མདོག་དཔལ་རི་ཟེར་བ་ཞིག་ནི་མིང་ཙམ་ཡང་མེད།
དེ་ལས་ཀླུ་སྨྱོན་གྱིས་ཟངས་མདོག་དཔལ་རིར་དབུ་ཚུགས་ཀྱིས་སྒྲུབ་ཀྱིན་འདུག་པའི་རི་འདི་ནི་རི་བོ་མ་ལ་ཡ་ཡིན་པའི་ཁུངས་མང་པོ་འདུག་སྟེ། ལེགས་ལྡན་གྱི་གསོལ་ཁ་ལས། ལངྒའི་ཡུལ་གྱི་གྲོལ་རྡལ་ནས།། དབུས་ཀྱི་རི་བོ་མ་ལ་ཡ།། ཀོ་ཀ་ཐང་དམར་རྒྱ་མཚོ་དོ།། དྲག་ཤུལ་ཡོད་པའི་རྩེ་མོ་ནས།། གནམ་ལྕགས་འབར་བའི་ཕོ་བྲང་སོགས་ལངྒའི་ཡུལ་གྱི་གྲོང་རྡལ་གྱི་དབུས། མཐའ་རྒྱ་མཚོའི་བསྐོར་བ། དབྱར་ཁར་ཐོག་ཤུགས་ཆེར་འབབ་ཀྱི་ཡོད་པ་སོགས་སྒྲུབ་བྱེད་མང་པོ་འདུག་ལ། ལེའུ་བདུན་མ་ནས་ཀྱང་། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར།། བདུད་ཕོ་མ་ཏྲམ་རུདྲ་དྲག་པོ་བཏུལ།། ཞེས་རི་མ་ལ་ཡར་ཐོག་ཤིན་ཏུ་མོད་པོ་འབབ་ཀྱི་ཡོད་པ་དེ་གསལ་པོ་རེད་ལ་ལུང་ཚིག་དེ་དག་རི་འདི་དང་ཐོད་ཐུག་ཡོད། གལ་སྲིད་གོང་གི་དེ་རི་མ་ལ་ཡ་མིན་ན། ལངྒའི་དབུས་རྒྱ་མཚོས་བསྐོར་བའི་རི་ཆེན་ཐོག་ཤིན་ཏུ་མོད་པོ་འབབ་སའི་རི་མ་ལ་ཡ་དེ་ལངྒའི་ཡུལ་གང་ན་ཡོད་སྟོན་དགོས། ད་དུང་དགེ་ཆོས་ཀྱིས་ཀྱང་རི་མ་ལ་ཡ་སིངྒ་ལར་ཡོད་ཅིང་དེ་འདི་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བའི་གསུང་མང་པོ་ཞིག་ཀྱང་གཏམ་རྒྱུད་གསེར་ཐང་ནང་ཡོད་པར་མཐོང་མྱོང་ཡང་ད་ལྟ་ཚིག་དེ་དག་དངོས་སུ་དྲན་གྱི་མི་འདུག དེ་ལས་གཞན་རི་མ་ལ་ཡ་དང་ཟངས་མདོག་དཔལ་རི་གཉིས་གཅིག་ཏུ་འདོད་ན་ནི། རི་མ་ལ་ཡ་དེ་སྔར་ནས་མདོ་རྒྱུད་བསྟན་བཅོས་རྣམས་ན་གྲགས་ཤིང་གྲུབ་པ་ཞིག་ཡིན་པས། སློབ་དཔོན་ཆེན་པོས་ཐད་ཀར་རི་མ་ལ་ཡར་ཕེབས་རྒྱུ་ཡིན་རབས་མ་གསུངས་པར། དོན་མེད་ལྷོ་ནུབ་སྲིན་པོའི་ཡུལ་ཡིན་ན་གཅིག་ལ་འགྲོ་རྒྱུ་ལབ་ནས་མི་རྣམས་མགོ་བོ་རྨོངས་སུ་འཇུག་པར་དགོས་པ་ཅི་ཡོད་ཤོད་དགོས་སོ།།