ཁང་སྨིན་གྲོལ་རྒྱ་མཚོ།
དང་པོ། དཔའ་པོའི་ཆོད་སེམས།
ང་ཚོས་འདས་ཟིན་པའི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ག་ལེར་ཕྱིར་མིག་ཅིག་བལྟས་ཚེ། རྒྱ་གཞུང་གིས་ཇི་ལྟར་ཆབ་སྲིད་ཀྱི་ལྟ་བ་མཁྲེག་འཛིན་བྱས་པ་དེ་བས་ཀྱང་བོད་མི་ཚོའི་རང་གི་ཆོས་དང་རིག་གཞུང་ལ་བཅངས་པའི་རྣམ་པ་ཇེ་ཆེ་དང་ངོ་བོ་ཇེ་བརྟན་དུ་སོང་ཡོད་དེ། རྒྱ་ནག་གི་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་གཞི་རིམ་མང་ཚོགས་དཀྱུས་མ་ནས་མཐོ་རིམ་ལས་བྱེད་པ་ཚུན་ཆད་ཀྱིས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་ཐད་རང་གི་གཅེས་པའི་ཚེ་སྲོག་ཀྱང་སྣང་མེད་དུ་བཏང་སྟེ་ཡིག་ངག་གཉིས་ཐད་ནས་རྩོད་གླེང་བྱས་ཡོད་ལ། དེའི་ཁྲོད་ནས་ཆེས་གལ་ཆེ་བའི་དཔེ་མཚོན་ཞིག་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རེད།
ཁོང་གིས་ཐུགས་རེ་ཆེན་པོས་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>>་ལྗགས་རྩོམ་མཛད་ནའང་། ཐ་མར་ཁོང་ལ་རྒྱ་གཞུང་གིས་ངོ་ལོག་པའི་ཉེས་མིང་བཏགས་ཏེ་བཙོན་ཁང་དུ་བཞུགས་དགོས་བྱུང་བ་རེད། ཤེས་རབ་ཀྱིས་བདེན་པ་བཀུར་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་དེ་འདྲ་ཞིག་གི་འོག་ནས། ཕྱིས་བྱུང་བོད་རིགས་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་གིས་ཀྱང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བླ་ན་མེད་པའི་རྣམ་དཔྱོད་དང་། བོད་རིགས་མི་མང་ལ་བཟུང་བའི་དྲི་མེད་ཀྱི་ལྷག་བསམ་དཀར་པོ་དེ་ཉིད་མིག་དཔེར་བཟུང་སྟེ། རང་གི་སྨྱུག་རྩེས་བོད་མི་དམངས་ཀྱི་ཕུག་རེ་རྣལ་མ་དེ་མཚོན་དགོས་པའི་གནས་ལུགས་ལ་བརྩི་བཀུར་གྱིས་རྒྱ་ནག་གི་སྲིད་བྱུས་ལ་རྒོལ་བའི་རྩོམ་ཡིག་སྔ་ཕྱིར་མང་དུ་བྱུང་ཡོད་དེ། དཔེར་ན་རྩོམ་པ་པོ་སྐུ་ཞབས་སྒྲོན་མ་སྐྱབས་ལགས་ཀྱིས་བརྩམས་པའི་<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>་ལྟ་བུ་རེད། རྩོམ་ཡིག་འདི་བོད་ནང་དུ་ཁྱབ་བསྒྲགས་ཅི་ཙམ་སོང་ཡོད་མེད་བཤད་དཀའ་ནའང་། རྩོམ་ཡིག་འདི་བྲིས་རྗེས་ཀྱི་ངོ་གདོང་གི་གྲུབ་འབྲས་ནི་རང་ཉིད་ཀྱི་ཚེ་སྲོག་གཤིན་རྗེའི་ཨ་ལོང་དུ་ཚུད་པའི་སྣང་བ་ཞིག་དབང་མེད་དུ་ཤར་ངེས་ཡིན།
མཚམས་འདིར་ངས་སྐུ་ཞབས་སྒྲོན་མ་སྐྱབས་ཀྱིས་བྲིས་པའི་ཚིག་ཅིག་བློ་ལ་འཆར་ཡོང་སྟེ། ཁོང་གིས་བཤད་རྒྱུར། “གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། “ཞེས་བྲིས་འདུག་པ་དེ་རེད། གྲོགས་པོ་ཚོ་ཁྱོད་ཚོས་མཐོང་སོང་ངམ། འདི་དང་འདི་ལྟ་བུའི་སྙིང་སྟོབས་ཅན་གྱི་མི་བུ་ཚོས་དྲང་བདེན་ཆེད་དུ་རང་སྲོག་ཀྱང་ཐལ་ཕུང་བཞིན་དོར་ནས་སྔར་ཡང་མང་པོ་སོང་ཡོད་ལ། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་ཡང་སྐུ་ཞབས་ཞོགས་དུང་ཀྱིས་བརྩམས་པའི་<<གནམ་ས་གོ་འབྱེད་>>དང་། སྐུ་ཞབས་ཐེ་རང་ལགས་ཀྱིས་བརྩམས་པའི་<<ཁྲག་ཡིག>>་སོགས་ཀྱི་ལས་དབང་ཕྱོགས་གང་ནས་བལྟས་ཀྱང་གཅིག་པ་རེད།
མདོར་བསྡུས་ནས་བཤད་ན། ཁོང་ཚོས་བཤད་པའི་གནས་ལུགས་རེ་རེ་རྒྱ་ནག་གི་སྙིང་ལ་གྲི་བསྣུན་པ་བཞིན་ཏུ་གྱུར་ཡོད་ནའང་། ད་དུང་དེ་ལ་བློ་སྟོབས་ཆེན་པོས་འཇུག་པའི་ཕུགས་རེ་ངོ་མ་དེ་ཅི་ཡིན་ནམ། དེང་སང་སྐྱིད་ལང་ལ་ཤོར་བའི་བོད་མི་མང་པོ་ཞིག་གིས་བཤད་ན། མི་འདི་ཚོ་གླེན་པ་རེད་ཟེར། ཡང་ཁྲི་སྟེང་ན་བཞུགས་པའི་བླ་མ་འགའ་རེས་བཤད་ན། མི་འདི་ཚོ་ཆོས་དད་ཆེ་དྲགས་པས་རེད་ཟེར། ཡང་ཆབ་སྲིད་པ་མགོ་མཁྲེག་འགའ་རེས་བཤད་ན། མི་དེ་ཚོར་རང་ཉིད་ལ་སྐད་གྲགས་དགོས་པས་རེད་ཟེར། ད་དུང་ཉུང་ཤས་ཤིག་གིས་ངུ་ངག་དང་སྤྲགས་ནས་བཤད་རྒྱུར། མི་དེ་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་། གཞིས་ལུས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་རྣལ་མ་ཞིག་རག་ཕྱིར་རེད་ཟེར། གང་ལྟར་ཆ་མི་སྙོམས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ན། རླབས་ཆེན་གྱི་སྐྱེས་བུ་དེ་ཚོར་དམིགས་ཡུལ་མཐོ་དམན་དང་། རེ་བའི་ཁ་དོག་མ་འདྲ་རེ་འདོགས་བཞིན་ཡོད་པ་དེ་རེད།
གཉིས་པ། ང་ཚོའི་ངོས་འཛིན།
ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་དང་ཐོངས་དང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ཁ་སང་རང་ལུས་མཆོད་མེར་སྒྲོན་པའི་བཙུན་མ་བསྟན་འཛིན་དབང་མོའི་བར་གྱི་དཔའ་པོ་དཔའ་མོ་དེ་ཚོས་ཅིའི་ཕྱིར་རང་གི་མི་ཚེ་ལྷག་མ་དེ་མི་ཡུལ་ནས་སྐྱེལ་མ་འདོད་པར་མཆོད་མེ་རྐང་གཅིག་གིས་ཟོལ་གྱིས་བསྒྲོན་པ་རེད། ངས་དྲི་བ་འདི་གཏོང་སྐབས། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་ལ་ལས་ཆོས་དད་ཆེ་མདོག་གིས་སྙིང་རྗེ་རང་སྲོག་བཅད་ན་སྐྱེ་བ་ལྔ་བརྒྱར་མི་ལུས་ལེན་མི་ཐུབ་ཅེས་ལུང་ལྕི་མོ་རེ་འདྲེན་ཁུལ་བྱེད་བཞིན་དེ་འདྲ་ནམ་ཡང་ཉན་གྱི་མ་རེད། ཡང་འགའ་རེས་ཨ་ཁ་དེ་འདྲ་བྱེད་ཉན་གྱི་མ་རེད། དེས་བོད་ཁྱོན་ཡོངས་ལ་ཕན་པ་ལས་གནོད་ཚབ་ཆེ་བ་ཡོད་རེད། ད་ལྟར་བྱས་ན་བོད་མི་ཚོ་ཡར་འགྲོ་མར་འོང་བྱེད་འཇུག་གི་མ་རེད་ལ། ངའི་སྤུན་ཟླ་ཚོ་ཡང་རྒྱ་གར་དུ་དུས་དབང་ཞུ་བར་འོང་ཐུབ་ཁག་པོ་རེད་ཟེར། ད་ཡིན་ན་མ་བཟང་ཐལ་ཟེར།
ཡང་འགའ་རེས་བཤད་ན། བུ་རྒོད་པོ་ཡོད་ན་མེ་ལ་མཆོངས་ནས་ཅི་ཕན། དེ་བས་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེ་ལྟ་བུའི་ཚོགས་ཁང་ནང་འབར་རྫས་ཁུར་ནས་འགྲོ་དགོས་རེད་ཟེར། ཡང་རེ་འགས་མེ་བསྲེག་ཡུལ་རྔ་བའི་ཁྲོམ་ར་ལྟ་བུའི་ཆུང་ཆུང་ཞིག་འདེམས་པ་ལས་རྒྱ་ནག་གི་རྒྱལ་ས་ལྟ་བུ་ཞིག་འདེམས་དགོས་རེད་ཟེར། གང་ལྟར་ཡང་ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་སྟངས་དེས་དཔའ་བོ་དཔའ་མོ་ཚོའི་རེ་བ་དྲོན་མོ་ཆུ་ལ་བསྐུར་བཞིན་འདུག་པས། ད་ནས་བཟུང་བོད་མི་སུ་ཞིག་ཡིན་རུང་དེའི་སྐོར་ལ་གདུང་སེམས་མཉམ་སྐྱེད་བྱེད་མ་ཐུབ་རུང་། དེས་མ་འགྲིག་པ་དང་མ་བྱུང་བའི་སྐོར་ནས་བཤད་ན་རང་གི་དེ་ཉིད་སྟོན་པ་ལས་གཞན་དུ་ཅི་བྱར་ཡོད་དེ་མེད་དོ། །
མདོར་ན་ཁྱོད་ཚོས་མཁས་པའི་དབང་བོ་ཐེ་ཀོར་གྱིས། “མི་བུའི་རྟག་གཏན་གྱི་བདེ་སྐྱིད་ནི་དངོས་བོ་ཅི་ཙམ་ཐོབ་པ་དེ་མ་ཡིན་པར་རང་གི་ཚེ་སྲོག་ལས་རླབས་ཆེ་བའི་ལྟ་བའི་ཕྱིར་དུ་རང་ཉིད་བསྔོ་བ་གནང་རྒྱུ་དེ་ཡིན་པ་རེད” ཅེས་གསུངས་པའི་སྐད་ཆ་ཐུང་ངུ་དེར་རོལ་མྱོང་ཡག་པོ་ཞིག་བྱོས་དང་ད་གཟོད་ཁོང་ཚོའི་བླ་ན་མེད་པའི་མི་གཞི་དང་། འཚེ་མེད་ཀྱི་རིག་གཞུང་ལ་བཅངས་པའི་ཉམས་ལེན་རྣལ་མ་དེའི་རིན་ཐང་རྟོགས་པར་འགྱུར་རོ། །ཤ་རུས་གཅིག་པའི་ཕུ་ནུ་མིང་སྲིང་ཚོ། ཁྱོད་ཚོས་རང་གི་སེམས་པ་རྣལ་དུ་ཕོབས་ལ་བསམ་བློ་ཞིབ་མོ་ཐོངས་དང་། ངས་ཁྱོད་ཚོར་གནས་ལུགས་འགའི་སྐོར་བགྲོ་གླེང་ཞིག་བྱེད་པར་འདོད།
མི་ཚེ་ཕྱེད་ཀ་ས་མཐའ་ནས་རྫོགས་པའི་ང་ཚོར་མཚོན་ན། འཛམ་གླིང་འདིར་སྐྱེས་ཉིན་ནས་བཟུང་རང་ལ་དབང་བའི་རྒྱལ་ཁབ་ཅིག་ཡོད་མ་མྱོང་ལ། རང་ལ་དབང་པའི་ས་ཆ་ལག་མཐིལ་ཙམ་ཡང་ཡོད་མ་མྱོང་།
དེ་བས་ཀྱང་ཆེས་ཡིད་སྐྱོ་དགོས་པ་ཞིག་ལ། གཞིས་ལུས་རྒྱ་ཆེའི་མིང་ལ་མཚོན་ནས་བཤད་ན། རང་ས་རང་ཡུལ་ནས་ཀྱང་འཆི་དབང་མེད་ལ། རྒྱལ་ཁའི་ངང་གསོན་དབང་ནི་དེ་བས་ཀྱང་མེད་པ་དེ་རེད། ངས་སྐད་ཆ་དེ་འདྲ་ཞིག་བཤད་པའི་དམིགས་ཡུལ་གཙོ་བོ་ནི། ཉེ་ལམ་བསྟུན་མར་ཨ་མདོ་རྔ་བ་དང་རྟ་བོ་སོགས་ནས་འཇིགས་པ་མེད་པའི་སེང་ཕྲུག་འགས་རང་ལུས་མཆོད་མེར་བསྒྲོན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ན། རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་ཀྱིས་རྒྱལ་སྤྱིའི་སྟེང་ལས་འགུལ་དེ་དག་ནི་བཙན་བྱོལ་བོད་གཞུང་གིས་བསྐུལ་མ་གནང་བ་ཡིན་ཚུལ་བཤད་ཀྱི་ཡོད་ནའང་། དོན་དངོས་ཐོག་དེ་ནི་ཁོ་ཚོས་ཤེས་བཞིན་དུ་སྐྱག་རྫུན་བཤད་པ་ཞིག་ཡིན་པ་རྒྱལ་སྤྱིའི་སྟེང་གི་སྲིད་གཞུང་ཁག་གིས་ངོས་འཛིན་གསལ་པོར་ཐོབ་ཡོད་ངེས་རེད།
ཆེས་ཡ་མཚན་པ་ཞིག་ལ་ང་ཚོར་ནང་བསྟན་གཞུང་ལུགས་ཀྱི་ལྟ་གྲུབ་ཟབ་མོ་ཞིག་དང་། མི་རིགས་རིག་གཞུང་དང་བཅས་པ་འཆི་གསོན་གྱི་མཚམས་ལ་སླེབས་པའི་དུས་སྐབས་འདི་ལྟ་བུར་ཡང་༸གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡོད་པའི་བཀའ་དྲིན་རེད་མ་གཏོགས། འཇིག་རྟེན་རྐྱང་བའི་ཕྱོགས་ནས་བཤད་ན་དགྲ་བོར་གནོད་པ་སྐྱེལ་ཐབས་མང་པོ་ཞིག་ང་ཚོས་ལས་སླ་བོའི་ཐོག་ནས་བྱེད་ཐུབ་པ་ཧ་ཅང་གསལ་པོ་རེད། དེ་ཡང་ཁ་ཆེའི་དྲག་སྤྱོད་པ་ཚོས་འབར་རྫས་རྒྱབ་ལ་ཁུར་ནས་མི་ཚོགས་ཁྲོད་ལྕེབས་པ་ལྟ་བུ་ནི་ཕྱོགས་ནས་བལྟས་ཀྱང་རྣམ་དཔྱོད་དང་ལྡན་པའི་ལས་སུ་བྱ་བར་མ་མཐོང་བས་ཡིན་གྱི། ང་ཚོའི་མི་རིགས་འདིར་དེ་ལྟ་བུའི་བློ་སྤོབས་མེད་སོང་བ་ག་ལ་ཡིན།
འདིའི་ཕྱོགས་ནས་༸གོང་ས་མཆོག་གིས་མཚོན་པའི་བོད་ཀྱི་དབུ་ཁྲིད་ཚོས་ནམ་ཡང་དགག་བྱ་གནང་གི་ཡོད་པར་སོང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སུ་ཞིག་གིས་ཀྱང་ང་དགུ་ལོ་ཕུད་ད་ཕན་རྒྱ་ནག་པ་དགྲ་པོར་བརྩིས་ཏེ་དྲག་པོའི་བྱེད་སྒོ་སྤེལ་བའི་མཚན་གཞི་ཞིག་གཏན་ནས་འཇོག་རྒྱུ་མེད་པ་དེ་རེད། དེར་བརྟེན་བོད་ཀྱི་དེང་རབས་བསམ་བློ་བའམ་མི་རིགས་རིང་ལུགས་པ་སྐུ་ཞབས་ཞོགས་དུང་གིས་ཀྱང་ཉིས་སྟོང་བརྒྱད་ལོའི་གྱེན་ལངས་ཆེན་མོར་ས་བྱི་ལོའི་ཞི་རྒོལ་ལམ་གསར་བརྗེའི་ལས་འགུལ་ཞེས་བཏགས་པ་མ་ཡིན་ནམ།
མཐའ་དོན་ངས་བཤད་འདོད་པ་ནི། བོད་ཕྱི་ནང་གཉིས་ཀྱི་ན་ཆུང་གཞོན་ནུ་ཚོས་རང་གི་ཕ་མེས་ཚོ་ཡུལ་ལུང་གང་ཞིག་ནས་ཡིན་པ་དང་། མི་རིགས་འདིའི་ད་ལྟའི་གནས་བབ་ཅི་འདྲ་ཡིན་པ། མ་འོངས་པར་རང་ངོས་ནས་མི་རིགས་འདིར་ཕན་པའི་ལས་འགན་གང་ཞིག་བསྒྲུབ་དགོས་མིན་ཐད་མནོ་བསམ་ཞིབ་གཏོང་བྱེད་དགོས་པའི་སྐུལ་མ་གཏོང་འདོད་པ་དེ་ཡིན། དེ་ལས་ལྡོག་སྟེ། ནམ་ཡང་མཚང་འབྲུ་དང་། གཅར་རྡུང་རྐྱང་རྐྱང་གི་ཁྲོད་ན་ལྷག་པའི་ང་ཚོར་ད་ནི་མི་ཞིག་གི་རྩིས་ཐང་མེད་སོང་ལ། ཐ་ན་ཁྱི་གྲལ་ནས་ཀྱང་། ཨ་ཁ། སྤུན་གྲོགས་ཚོ། དེང་སྐབས་ཀྱི་བོད་ནང་གི་སྤུན་ཟླ་ཚོར་མཚོན་ན། ངོ་མ་གསོན་པ་ལ་དོན་སྙིང་ཅི་ཞིག་ཡོད་དམ། དཀོན་མཆོག་མཁྱེན།
དཔར་འདི་ལ་དངོས་ཡོད་ཀྱི་སྒྱུ་རྩལ་ལྡན་པར་མ་ཟད། དངོས་འབྲེལ་གྱི་འཚོ་བའི་སྣང་བརྙན་ངོ་མ་ཞིག་ཀྱང་སྤྲད་འདུག