གཉན་ཆེན།
བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཨུཏྤལ་རང་སེམས་སྐྱེད་མོའི་ཚལ་དུ་བཞད།།
ཐར་བའི་འཇུག་སྒོ་ངེས་འབྱུང་དྲི་བསུང་དགེ་སེམས་འདབ་མའི་སྤུབས་སུ་འཐུལ།།
བསླབ་སྡོམ་ཁྲིམས་གཙང་ཚུལ་བཞིན་སྲུང་བའི་སེའུ་འབྲུའི་བཅུད་ཀྱིས་ཡོངས་སུ་གཏམས།།
སེམས་ཀྱི་བུང་བ་དགའ་བའི་སྤྲོ་བཞིན་དེ་རིང་མགྲིན་པའི་བསྟོད་གླུ་ལེན།།
རིག་པ་སྟོང་གི་སྒོ་གླགས་འབྱེད་པའི་བསྡུས་གྲྭའི་རིགས་ལམ་ཐོག་མར་སྦྱངས།།
ཡོད་མེད་རྩོད་པའི་དགག་སྒྲུབ་པར་ནས་བློ་སེམས་དོག་མོའི་ར་བ་གཏོར།།
ཡིན་ལོག་མིན་ལོག་བསྐྱར་ཟློས་སྟོང་གིས་ཡིད་ཀྱི་སོམ་ཉི་ཐལ་བར་བརླག །
ཁྱབ་པ་སྒོ་བརྒྱད་བློ་སྒོ་འབྱེད་པའི་གསེར་གྱི་ལྡེ་མིག་སྐེ་ལ་བཏགས། །
སེམས་དང་སེམས་བྱུང་ཕྲ་རགས་སྐྱེས་ཚུལ་སེམས་ཀྱི་ཚན་རིག་བློ་ལ་ངེས། །
བློ་ལ་རབ་འབྲིང་ཐ་གསུམ་ཕྱེ་བའི་བློ་ཁ་བསྒྱར་བའི་གྲུབ་མཐའ་སྦྱངས། །
གྲུབ་པའི་གོ་འཕང་ཇི་ལྟར་འཐོབ་པའི་ས་ལམ་རྣམ་གཞག་སེམས་ངོར་སྦྱར། །
ཐོས་བསམ་རྒྱུད་ལ་ཇི་ལྟར་སྦྱོར་བའི་སྒོམ་སྒྲུབ་ཉམས་ལེན་ཞོར་ནས་སྦྱངས། །
མངོན་སུམ་ཚད་མས་དངོས་པོ་ཇི་ལྟར་རྟོགས་ཚུལ་རིག་པའི་གློག་ཞགས་འཁྱུག །
ལྟར་སྣང་འཁྲུལ་ཤེས་སེམས་ཀྱི་མུན་ནག་སྐད་ཅིག་ཉིད་ལ་འཇོམས་པར་བྱེད། །
རྗེས་དཔག་ཚད་མས་གཞལ་བྱར་གྱུར་བའི་ལྐོག་གྱུར་ཤེས་བྱའི་ཆུ་གཏེར་ཆེར། །
ཚད་མས་གཞལ་བའི་རང་བྱུང་རིག་པ་རིན་ཆེན་ནོར་བུའི་མཛོད་དུ་གཏམས། །
གཏན་ཚིགས་རིག་པའི་དེད་དཔོན་དེ་ཡིས་རྒྱུ་མཚན་ནོར་བུ་འཚོལ་དུ་ཕྱིན། །
ཡང་དག་རྟགས་ཀྱི་གྲུ་གཟིངས་ནང་ལ་མངོན་ལྐོག་ཤེས་བྱའི་ནོར་གྱི་བཀང་། །
རང་གི་དཔྱོད་ཤེས་ལུང་རིགས་ཚད་མས་གཞལ་བྱ་རྟོགས་པའི་རྣམ་དཔྱོད་རྒྱས། །
འབྲས་རྟགས་དུ་བས་མེ་དཔུང་འབར་བའི་རྒྱུ་མཚན་རིགས་པ་བརྒྱ་ཕྲག་སྦྱངས། །
ཕ་རོལ་ཕྱིན་པའི་ལམ་བཅུའི་སྟེང་ལ་གོག་མ་ནུར་གྱིས་ངལ་བའི་བགྲོད། །
བགྲང་བྱ་མང་བོ་ཅི་ཙམ་འགོར་རུང་ད་དུང་ཕ་རོལ་མཐའ་མི་དཔོག །
ལག་ལེན་དཀའ་བའི་ས་ལམ་འདི་ལ་ལག་ཞིག་ཞོག་རྒྱུའི་རེ་བ་ཡོད། །
བག་ཆགས་བཟང་བོའི་ས་བོན་ཙམ་ཞིག་འཇོག་པའི་སྐལ་བ་རྨད་དུ་བྱུང། །
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་བའི་རྟེན་འབྲེལ་རིག་པའི་དེ་ཉིད་རྟོགས། །
སྣང་ངོར་གྲུབ་ཚད་སྣང་སྟོང་ཡིན་པས་དབུ་མའི་ལྟ་བའི་མཐར་ཐུག་བཙལ། །
ཐམས་ཅད་རྟོག་པས་བཏགས་ཙམ་ཡིན་པས་སྣང་ངོར་གྲུབ་པ་འཇའ་ཚོན་བཞིན། །
ཡང་དག་ལྟ་བའི་དབུ་མའི་ལུགས་སུ་འཛིན་མེད་སྣང་བ་སྟོང་བའི་ཆོས། །
མཐའ་གཉིས་བྲལ་བའི་དབུ་མའི་ལུགས་བཟང་ལམ་ཆེན་བདེ་བའི་ཞིང་ལ་འཐེན། །
ཐབས་ཤེས་ཟུང་གི་འཇུག་པར་སྤྲོ་བའི་རིགས་ཀྱི་བུ་ཡིས་ཐར་ལམ་བཙལ། །
མངོན་པ་མཛོད་ཀྱི་ལུགས་བཞིན་ཡིན་ན་གོ་ལ་ནར་མོའི་དབྱིབས་སུ་འདོད། །
དེང་སང་དུས་ཀྱི་ཚན་རིག་པ་ཡིས་གོ་ལ་ཟླུམ་པོ་ཡིན་པར་མཐོང་། །
དཔྱོད་རིག་མི་འདྲའི་ལྟ་བ་གཉིས་ཀྱིས་མཐོང་ཚུལ་བར་ན་འགལ་འདུ་རེ། །
འགལ་འདུའི་ཕུང་བོ་རི་རབ་བརྩེགས་པ་རྣམ་མཁྱེན་བསྐལ་བའི་མེ་དཔུང་གིས། །
སྐད་ཅིག་ཉིད་ལ་ཐལ་བར་བརླག་བྱེད་ཤཱཀྱའི་རིགས་པའི་རྗེས་སུ་འབྲང་། །
ས་དང་ལམ་གྱི་བགྲོད་ཚུལ་རིམ་པ་མ་ནོར་སྟོན་པའི་གསུང་དང་མཇལ། །
སྲུང་ན་ཚུལ་ཁྲིམས་དམ་པའི་གཞི་མ་འདུལ་བའི་སྡེ་སྣོད་ཕྲ་ཞིང་ཞིབ། །
ལུང་དང་ལོ་རྒྱུས་བརྒྱ་ཕྲག་དྲངས་ཏེ་རུང་མིན་ཁྲིམས་ལ་འགྲེལ་བཤད་མང་། །
དེང་རབས་དུས་དང་བསྟུན་ནས་སྡོམ་ཁྲིམས་ཕམ་པ་མི་འབྱུང་གཙོར་བཟུང་གིས། །
འདུལ་བའི་བཅའ་ཁྲིམས་གཡག་རྔ་བཞིན་དུ་སྲུང་བར་མཛོད་ཅིག་རིགས་ཀྱི་གྲོགས། །
ལོ་ངོ་ཉི་ཤུར་འཆད་ཉན་ཆོས་ཀྱི་གཞུང་ལུགས་མང་བོར་ཐོས་བསམ་མཛད། །
བརྩོན་པ་དྲག་པོའི་རླུང་གིས་དེད་དེ་གཞུང་ལྔའི་རྒྱ་མཚོའི་ཕ་མཐར་ཕྱིན། །
གཞལ་མཐའ་མེད་པའི་དགེ་རྒན་རྣམ་པའི་བཀའ་དྲིན་ཉི་མའི་དྲོད་ཀྱིས་བསྐྱངས། །
མི་ཚེ་གཅིག་གི་དོན་ཆེན་འགྲུབ་པའི་དགའ་བའི་རྟེན་འབྲེལ་སྙིང་ནས་ཞུ། །
ངུར་སྨྲིག་སྡེ་ཚོགས་ཁྲི་ཡི་དབུས་སུ་ལྷ་རམས་དམ་བཅའི་སྐལ་བ་འཐོབ། །
སྨྲ་མཁས་དབང་བོ་སྟོང་གི་གྲལ་ནས་རྩོད་སྤོང་རིགས་པའི་གད་རྒྱངས་སྒྲོགས། །
འགྱུར་མེད་སེམས་ཀྱི་དམ་བཅའ་བརྟན་པོ་ལུང་རིགས་རི་བོར་རྒྱབ་རྟེན་བཅོལ། །
དེ་རིང་མཁས་པའི་ཁྲི་ལ་འགྱིང་བའི་ལྷ་རམས་དགེ་བའི་བཀྲ་ཤིས་ཤོག །
སྤྱི་ལོ་༢༠༡༣ ཟླ་བ་༡༡ ཚེས་༢༧ཉིན། སྙན་ངག་སྨྲ་བ་གཉན་ཆེན་གྱིས་དྲ་གྲོགས་ད་ལོའི་དགེ་བཤེས་ལྷ་རམས་པ་ཞིག་གིས་སྐུལ་ངོར་བྲིས། །
རང་ང་རང་འུར་བརྒྱབ་ནས། ཟག་པ་ཟད་ཚུལ། ཆུ་བོར་བརྒལ་ཚུལ། འབྲི་བགྱིད་མེད་པར། གོ་རབ་ཐོས་རབ། ཁ་བདེ་རབ་རྐྱང་བྲིས་ནས་འུར་སྒྲོགས་པ་ནི་རང་བསྒྲགས་པ་རང་རེད།
ད་རང་བསྒྲག་པ་བྱིངས་མངས་སོང་།
སྐྱེས་མོས་ཚལ་ལ་སྐྱེད་མོའི་ཚལ་ཡིན་ན་ཅིག
སྒོ་གླེགས་ལ་སྒོ་གླགས་ཡིན་ན་ཅིག
ཉམས་ཞོག
དུས་གསུམ་ཟེར་བའི་གྲགས་ཅན་དེ་ཚོར་གང་ལ་ཕྱིན་སོང་ང་།
ཝེ་རང་ང་རང་འུར་བརྒྱབ་ནའོ།
དྲན་དཀར་དཔལ་ཡོན་ལགས་ཕྲག་དོག་དང་དམའ་འབེབས་ཀྱི་སྐད་ཆ་ཆོག་དེ་འདྲ་མ་གསུང་རོགས་གཉན་ཆེན་གྱིས་རྩོམ་བྲིས་ན་ཁྱོད་རང་ལ་གནོད་དགོས་པ་ཅི་ཞིག་འདུག གཉན་ཅན་གྱི་སྙན་རྩོམ་ནང་ན་དུས་གསུམ་ག་རེ་ནོར་འདུག ནོར་ཡོད་ན་རེ་རེ་གསལ་བཤད་བྱོས་དང་། མ་ཤེས་ཤེས་མདོག་གི་༼སྐྱེད་མོའི་ཚལ་༽ལ་སྐྱེས་མོའི་ཚལ་ཟེར་ནས་བཅོས་ཁུད་བྱས་དག་པ་མི་དག་པར་བསྒྱུར། སྒོ་གླེགས་ཟེར་བའི་གླེགས་ཀྱི་འགྲེང་བུ་གཅིག་པོ་ཆད་པ་བདེན་པ་རེད། གཞན་ཅི་ཞིག་འགྲིག་མི་འདུག