དོལ་སྨྱོན།
སྟེང་དུ་བཀུར་བའི་ལྷ་ཞིག་ང་ལ་མེད།།
འོག་ཏུ་གནོན་པའི་འདྲེ་ཞིག་ང་ལ་མེད།།
བར་དུ་མཆོད་པའི་བཙན་ཞིག་ང་ལ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
སྡོམ་པ་དམ་ཚིག་ཟེར་བའི་ལྕགས་ཐག་མེད།།
ལས་དང་རྒྱུ་འབྲས་ཟེར་བའི་དོགས་ཟོན་མེད།།
སྐྱེ་བ་སྔ་ཕྱི་ཟེར་བའི་འདང་རྒྱག་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
སྤྱི་ཚོགས་རྙིང་པའི་བག་ཆགས་བདག་ལ་མེད།།
སྤྱི་ཚོགས་གསར་བའི་འགྲན་རྩོད་བདག་ལ་མེད།།
ཡོད་ཚད་འཐོབ་བྱར་འདོད་པའི་སྟོང་བསམ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
བླ་སྤྲུལ་མཁན་པོ་དག་ལ་དད་པ་མེད།།
སྤྲང་པོ་སློང་མོ་དག་ལ་སྙིང་རྙིང་རྗེ་མེད།།
ཤེས་བྱ་ཡོན་ཏན་ཞེས་པར་དོ་སྣང་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
སྒོར་མོ་འཁྲི་འབུམ་མང་པོའི་འཛིན་བྱང་མེད།།
འཕྲུལ་ཆས་འདྲ་མིན་མང་པོའི་ཡོ་བྱད་མེད།།
ཕྱི་ནང་གསང་བའི་མཐུན་རྐྱེན་སྣ་དགུ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
ཕྱི་ནས་གཞན་སེམས་འཕྲོག་པའི་ཕོ་སྒོ་མེད།།
ནང་ནས་གཞན་ཡིད་འགུག་པའི་ཡོན་ཏན་མེད།།
གསང་བར་རང་གཞན་ཕན་པའི་བྱ་བ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
འཁྲེལ་དང་ངོ་ཚ་ཞེས་པའི་ཕྱི་ཤུན་མེད།།
སྒམ་པོ་རླིང་པོ་ཞེས་པའི་སྤྱོད་ཚུལ་མེད།།
གཏམ་དང་མི་ཁ་ཞེས་པར་འཛེམ་ཟོན་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
མི་རུ་སྐྱེས་པའི་སྤོབས་པ་བདག་ལ་མེད།།
དོན་ཞིག་བསྒྲུབས་པའི་ཚོར་བ་བདག་ལ་མེད།།
ལས་ཞིག་འཇོན་པའི་འདུ་ཤེས་བདག་ལ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།
17.12.2013
སྙན་པོ་ཞེ་དྲག་འདུག་ལག
རྩོམ་བྲིས་མོང་པོ་བྲིས་རོག་གནང་
ཡོད་པ་ལ་ཡོད་པར་ཤེས་པ་དང་།
མེད་པ་ལ་མེད་པར་ཤེས་པ་དང་།
བར་པ་ལ་བར་པར་ཤེས་པ་དེ།
སྤྲང་པོ་ཡིན་ཀྱང་དཔའ་བོ་ལགས།།
སྡུག་སྐད་མ་རྒྱོབས། བཟང་ཕྱོགས་ནས་ལྟོས།
དོལ་སྨྱོན་སྤྲང་ལྟ་བདག་ལ་གསོན། །
ཆོག་ཤེས་ཡོད་ན་ཕྱུག་པོ་རེད། །
ཤེས་ནས་འདུལ་ན་མཁས་པ་རེད། །
ངོ་ཚས་བག་ཡོད་བཙུན་པ་རེད། །
བརྩེ་སེམས་བྱམས་ཡོད་བཟང་པོ་རེད། །
ཕྱུག་པོ་མཁས་བཙུན་བཟང་གསུམ་ལགས། །