ཁང་སྨིན་གྲོལ་རྒྱ་མཚོ།
སྔར་ལོ་སྟེ་༢༠༡༢ གནས་མཆོག་རྡོ་རྗེ་གདན་ལ་མཇལ་སྐོར་དང་སྦྲགས་༸གོང་ས་མཆོག་གི་བཀའ་ཆོས་ཞུ་བར་བཅར་བ་ཡིན། སྐབས་དེའི་གནམ་གཤིས་ནི་དགུན་དུས་རྒྱ་གར་བྱང་ཤར་གྱི་རྒྱུན་ལྡན་གནམ་གཤིས་ཏེ་ཉིན་གང་འཐིབ་ནས་ཡོད་པ་ཞིག་རེད། མགྲོན་ཁང་དུ་འབྱོར་རྗེས། གཟུགས་པོ་འཁྲུད་པ་སོགས་གཙང་སྦྲ་ལེགས་པར་གྲུབ་རྗེས་སློབ་གྲོགས་ཤིག་ཡོད་པ་སྒུག་ཞོར་སྡོད་གནས་མགྲོན་ཁང་གི་བར་ཁྱམས་ནས་མདུན་ཕྱོགས་ཀྱི་ལམ་ཆུང་དེ་ནས་ཡར་མར་སྡོད་གནས་འཚོལ་ཕྱིར་བྲེལ་ནས་ཡོད་པའི་མི་ཚོགས་ལ་མིག་ཅེར་ནས་བསྡད། མགྲོན་ཁང་གི་གཡས་ཕྱོགས་སུ་ཟ་ཁང་སྟབས་བདེ་ཞིག་ཡོད་ལ། དེའི་ནང་དུ་མགྲོན་པོ་དབྱིན་ཇི་བ་གཅིག་མ་གཏོགས་གཞན་མཐོང་རྒྱུ་མི་འདུག ངས་མུ་མཐུད་སྒོ་འགྲམ་ནས་འགྲུལ་བ་ཚོའི་གནས་བབ་ལ་མིག་གིས་འཚོས་ནས་ཡོད་དུས། གློ་བུར་དུ་རྒྱབ་ཕྱོགས་ནས། ཧ་ལོ། ཞེས་པའི་འབོད་སྒྲ་ཞིག་གོ་བྱུང་།
ཕྱིར་བལྟ་སྐབས་དེ་ནི་དབྱིན་ཇི་བ་གཟུགས་རིང་ཞིང་གདོང་མདོག་སྐྱ་སེང་ངེ་ཡོད་པ་ཞིག་རེད། ཁོང་གི་ལག་ཏུ་ཤོག་ལེབ་ཅིག་ཁྱེར་ནས་འཚམས་འདྲིའི་ཚིག་ཅིག་དང་སྦྲགས། ཁྱེད་རང་གི་ལ་ང་རོགས་པ་ཞིག་བྱས་ན་འགྲིག་གི་རེད་དམ། ཅེས་དྲིས་བྱུང་། ངས་དེ་མ་ཐག་ངས་འཇོན་པ་ཞིག་ཡིན་ན་ལོས་ཡིན་ཞེས་ལན་བཏབ་པ་ཡིན། ཁོང་གིས་ཤོག་དྲིལ་སྟེང་བཀོད་པའི་ནང་ཆོས་ཀྱི་མིང་ཚིག་མང་པོ་ཞིག་བསྟན་བྱུང་། ངས་བལྟས་པས་མགོ་ནས་མཇུག་བར་ཤེས་ཐུབ་པ་གཅིག་ཀྱང་མ་བྱུང་བས། ངས་ཁོང་ལ་དགོངས་དག་ངས་ཁྱེད་ལ་རོགས་པ་བྱེད་ཐུབ་པ་མི་འདུག་ཀྱང་། གཅིག་བྱས་ན་ངའི་སློབ་གྲོགས་ཀྱི་དབྱིན་ཇའི་ཤེས་ཚད་ང་ལས་ལེགས་པ་ཡོད་པས་ཕན་སྲིད་པ་རེད་ཅེས་བཤད་པ་ཡིན།
དེ་ལྟར་ངེད་གཉིས་ཟ་ཁང་གི་ཁང་གི་སྡོད་སའི་མདུན་ཅོག་དེར་བསྡད་དེ་ཕན་ཚུན་མཚམས་སྦྱོར་རགས་ཙམ་རེ་བྱས་པ་ཡིན། ཁོང་ནི་དབྱིན་ལན་ནས་རེད་འདུག ཁོང་གི་གློག་ཀླད་ཀྱི་འཆར་ཡོལ་ངོས་སུ་དབྱིན་ཇི་བ་རྒད་པོ་ཨག་ཚོམ་རིང་པོ་ཅན་ཞིག་དང་། ཕར་བལྟས་ན་ཉི་ཧོང་པ་ཞིག་ལོས་ཡིན་ཨང་སྙམ་པ་དང་། ཡང་དེ་སྔོན་གང་ཞིག་ནས་པར་འདི་མཐོང་མྱོང་བ་ལྟ་བུའི་སྐྱེས་པ་ལོ་བཞི་བཅུ་ཙམ་ཞིག་གི་བརྙན་པར་མདོག་སྐྱ་སེ་སེང་ངེ་བ་ཞིག་བཤམས་འདུག ངས་འདི་སུ་རེད་ཅེས་དྲིས་པར་འདི་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་རེད་ཟེར།
ངས་དྲུང་པ་རིན་པོ་ཆེ་ཟེར་བ་ཞིག་གཏན་ནས་གོ་མ་མྱོང་མི་འདུག་ཅེས་པར། ཁོང་གིས་བཤད་རྒྱུར། རང་ཉིད་ཆོས་རྒྱམ་དྲུང་པའི་སློབ་མ་ཞིག་གི་སློབ་མ་ཡིན་ཚུལ་དང་། ཆོས་རྒྱམ་དྲུང་པ་ནི་ནུབ་ཕྱོགས་སུ་མཚན་སྙན་ཆེན་པོ་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་ཆེས་ཐོག་མ་ཡིན་ཚུལ་སོགས་དེ་སྔོན་ཟུར་ཙམ་ཡང་གོ་མ་མྱོང་བའི་གཏམ་གསར་པ་འགའ་བཤད་པས། དེ་ནས་བཟུང་ཆོས་རྒྱམ་དྲུང་པ་ཟེར་བའི་མི་རླབས་ཆེན་ཞིག་དེ་སྔོན་བྱུང་མྱོང་བའི་གནས་ཚུལ་གྱི་ས་བོན་ཙམ་ངའི་ཡིད་ལ་འབུས་ཐུབ་པ་བྱུང་། ཉིན་འགར་གསུང་ཆོས་སྐབས་དང་བསྟུན་སྡོད་གྲོགས་གྲྭ་བ་རྒན་པ་འགར་དེའི་སྐོར་དྲིས་ཀྱང་གནས་ཚུལ་དེ་ཤེས་མཁན་ཅང་མི་འདུག གསུང་ཆོས་གྲོལ་བ་དང་ས་སྐྱ་མཐོ་སློབ་ཏུ་ཆོས་སྟོན་གྱི་མཛད་སྒོ་ཞིག་ཡོད་པས་དེ་གར་སོང་།
ཉིན་ཞིག་གསོལ་ཇའི་བར་གསེང་གི་གོ་སྐབས་བཟུང་སྟེ་མཐོ་སློབ་ཀྱི་མཁན་རིན་པོར་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་དྲུང་པ་རྩ་བའི་རྣམ་དཔྱོད་ཆེ་ཚུལ་དང་། དབྱིན་ཇི་སོགས་སུ་སློབ་སྦྱོང་གི་བྱས་ཚུལ། ཨ་རི་ནས་སྐྱིད་ཉལ་བྱས་ཚུལ། རྗེས་སུ་<<ན་རོ་པ་སློབ་གཉེར་ཁང་>> གིས་གཙོས་པའི་ནང་ཆོས་འཆད་སྤེལ་གྱི་ཆོས་ཚོགས་མང་པོ་ནུབ་ཕྱོགས་སུ་བཙུགས་ཚུལ་སོགས་བླ་མ་ཞིག་གི་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་བྱས་པའི་སྐོར་ནས་བཀའ་ལན་ལྷུག་པོར་གསུངས་བྱུང་། ཉེ་ལམ་ནུབ་གླིང་དུ་སྡོད་པའི་སྐབས་དུས་ཚོད་གང་ཡོད་ལ་ཡུ་ཌོབ་དང་། གོ་གུལ་དྲ་ནང་དུ་ཆོས་རྒྱམ་ཆོས་དྲུང་པའི་མཛད་སྤྱོད་སྣ་ཚོགས་ཀྱི་པར་རིས་དང་། གློག་བརྙན་མང་པོ་ཞིག་མཇལ་རྒྱུ་བྱུང་བས། ངས་པར་རིས་འགའ་དྲ་ལམ་དུ་བཤམས་ཏེ་བླ་མ་འདིའི་སྐོར་གྱི་ལོ་རྒྱུས་སྔར་བས་ཀྱང་རྒྱས་པ་ཤེས་འདོད་ཀྱིས་དྲ་གྲོགས་ཚོའི་དགོངས་ཚུལ་བསྡུས་པས། རིང་ནས་འབྲེལ་འདྲིས་ཟབ་པའི་གྲོགས་རྫ་ཆུ་བ་མཁན་ཚེ་རིང་བཀྲ་ཤིས་སོགས་དྲ་གྲོགས་འགས་འབྲེལ་ཡོད་དྲ་ཚིག་འགའ་རེ་ངོ་སྤྲོད་མཛད་པ་ནི། ཁོ་བོར་མཚོན་ན་ཆོས་རྒྱམ་དྲུང་པའི་ལོ་རྒྱུས་སྔར་བས་ཀྱང་གཏིང་ཟབ་ཏུ་མཐོང་བའི་བརྒྱུད་རིམ་ཁྲོད་ཕན་ཐོག་ཆེན་པོ་བྱུང་།
མཐའ་དོན་ང་ཚོས་ཆོས་རྒྱམ་དྲུང་པ་དང་། ཆོས་རྒྱམ་དྲུང་པའི་ཕྱིའི་མཛད་སྤྱོད་ཀྱི་བརྙན་ཙམ་ལ་འཐམས་ནས་ཡོད་པའི་བོད་ཀྱི་ཆོས་ལུགས་མི་སྣའི་མིང་ཅན་སྐྱིད་སྣང་རིང་ལུགས་པ་ཚོར་ཤན་འབྱེད་ལེགས་པོ་ཞིག་དང་། རང་གི་ཁེ་གྲགས་ཀྱི་དོན་དུ་ཡ་མ་བརླར་གྱུར་པའི་སྤྲུལ་གཟུགས་འཛིན་པ་ཚོར་སྐད་གསེང་མཐོན་པོས་ཐ་ཚིག་ཅིག་མི་བསྒྲགས་ག་མེད་བྱུང་། རྒྱུ་མཚན་ནི། ཁྱེད་ཚོས་ནང་བསྟན་གཙང་མ་ཞིག་དར་སྤེལ་བྱེད་འདོད་ན། དྲུང་པའི་དྲང་ཚུགས་ཀྱི་མི་གཤིས་དང་། སྤ་གསང་མེད་པའི་གྲུབ་སྤྱོད། རྩལ་མྱུར་ཞིང་གཏིང་ཟབ་པའི་ཤེས་རབ་བཅས་ལ་མིག་དཔེ་གཟིགས་ཤིག མདོར་ན། དྲུང་པའི་ལོ་རྒྱུས་ནང་རང་གི་ཆུང་མར་འཆད་མྱོང་ཞིང་དེ་ལྟར་ཕྱག་བསྟར་མཛད་མྱོང་བའི་རླབས་ཆེན་གྱི་སྐད་ཆ་ཞིག་སྟེ། གལ་སྲིད། ནང་ཆོས་འཇིག་རྟེན་འདིར་སྤེལ་མ་ཐུབ་ན། ང་འཇིག་རྟེན་འདིར་བསྡད་ནས་དོན་ཡོད་མ་རེད་ཅེས་པའི་ཚིག་དེར་དྲུང་པ་རང་ངོས་ནས་ཤེས་རྟོགས་དང་། ལག་ལེན་ཅི་འདྲ་ཞིག་མཛད་ཡོད་མེད་ཤེས་དགོས་པ་རེད། དེ་མིན་ཁ་ནས་ནང་ཆོས་བཤད། ལག་ལེན་ཐད་ནས་རང་དོན་སྒྲུབ་མཁན་ཚོས་ཤེས་རབ་ཀྱིས་མི་བསྙོབ་ནའང་དྲུང་པའི་བྱ་སྤྱོད་ཙམ་གཡར་ནས་ནང་བསྟན་གྱི་ངོ་གདོང་ལ་བསུབ་དཀའ་བའི་ནག་ཐིག་མ་བྱུགས་རོགས་ཞུ་རྒྱུ་ཡིན།
མདོར་ན། ཆོས་རྒྱམ་དྲུང་པ་ནི། ཆོས་ལུགས་པ་ཤེས་རབ་ཅན་ཞིག་ཡིན་པར་མ་ཟད། སྙན་ངག་པ་གྲུབ་སྤྱོད་ཅན་ཞིག་ཀྱང་ཡིན། སྒྱུ་རྩལ་བ་བློ་སྟོབས་ཅན་ཞིག་ཡིན་ལ། ར་བཟི་བའི་བསམ་གཏན་པ་ཞིག་ཀྱང་ཡིན། སྦ་གསང་བྲལ་བའི་མི་བུ་གཤིས་འཇམ་ཞིག་ཡིན་ལ། སེམས་ངོ་འཕྲོད་པའི་སྙིང་རྗེའི་རིང་ལུགས་པ་ཞིག་ཀྱང་ཡིན་སྐད་འདུག་པས། ད་གཟོད་དྲུང་པ་ཞེས་བརྗོད་དུས་ནུབ་ཕྱོགས་ཀྱི་ནང་བསྟན་པ་ཚོའི་སེམས་ན་སྐྱོ་ངལ་གྱི་གྲིབ་མ་གསོད་པའི་ཟླ་འོད་ལྟར་བསིལ་འཇམ་གྱི་འོད་དུ་གྲུབ་ཡོད་པ་ཞིག་གོ །
19 12 2013
དུས་ཚོད་ཀྱི་དབང་གིས་ཆ་ཚང་ཀློག་ཐུབ་མ་སོང་ཡང་ནང་བསྟན་ནུབ་ཕྱོགས་སུ་དར་སྤེལ་གཏོང་མཁན་ཐོག་མ་དེ་ཡིན་ན་ཐུགས་རྗེ་ཆེ་ཞུ་བ་ཡིན། གང་ཡིན་ཟེར་ན་།
སློབ་དཔོན་དབྱིག་གཉེན་གྱིས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
ལུང་དང་རྟོགས་པའི་བདག་ཉིད་དོ།།
དེ་འཛིན་བྱེད་པ་སྨྲ་བྱེད་དང་།།
སྒྲུབ་པར་བྱེད་པ་ཁོ་ན་ཡིན།།
ཏག་ཏག་རེད། དེའི་གང་ལ་གངས་ཅན་བླ་མ་དང། བླ་མ་བསོད་རྒྱལ་སོགས་བརྒྱབ་དང་ནང་བསྟན་ལ་ཕན་ཐོག་ཆེ་རུ་འགྲོ་རྒྱུར་ངེས།
སྙེག་མའི་དུས་འདིར་ཧམ་པ་སུ་ཆེ་ཡིན་ཞེས་པ་འདི་བདེན་པ་ལ། རེས་སུ་མ་ཆད་པའི་དགོན་སྡེ་ཁག་ནང་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་དུལ་དང། ནང་་དུ་རིམ་གཉིས་རྣལ་འབྱོར་སོགས་གདེང་དང་ལྡན་པ་འི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལྟ་བུའི་མཁས་པ་ལ་དག་གནང་མ་སྦྱང་བར་། གསང་སྔགས་སོགས་ལ་མིང་བཏག་ནས་འཇིགས་རྟེན་རང་འགའ་བའི་འཁྲིག་སྤྱོད་སོགས་ཡིད་རང་བའི་ཆོས་རྒྱལ་སོགས་ཀྱི་མིང་བཏག་་ནས་བསྟན་པའི་ཞབས་འདྲེན་བླ་ན་མེད་པའོ།
སྡོམ་པ་བཞག་དུས། གྲྭ་ཆས་ཀྱང་བཞག་ཐུབ་པ་དེ་ཡང་བསྟན་པའི་མཛེས་རྒྱན་ཅིག་རེད།
ཁང་སྨིན་དེ་ཡང་ལོག་ལམ་དུ་འགྲོ་མཁན་ཞིག་ཡིན་པ་འདྲ། དང་པོ་ཁོ་པའི་ལོ་རྒྱུས་དང་བྱས་རྗེས་དེ་ཚོར་ཏོག་ཙམ་ལྟོས་དང་དེ་ནས་གཞི་ནས་གནད་དོན་ངོ་མ་ཤེས་ཀྱི་རེད། དེ་མིན་ཅི་གང་མི་ཤེས་པར་བསྟོད་པ་ནི་ངོ་ཚ་རེད། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་བུད་མོ་ན་ཚོད་མ་ལོན་པ་ཞིག་དང་འགྲོགས་ནས་ཞབས་འདྲེན་ཞུ་མཁན་གྱི་བོད་པའི་བླ་མིང་འཛིན་པ་ཐོག་མ་དེ་དྲུང་པ་རེད། མ་གཞི་ནས་ཁྱེད་རང་གིས་དྲུང་པའི་སློབ་མ་ཡིན་ཟེར་མཁན་དེ་ཚོར་ལྟོས་དང་། ཕལ་མོ་ཆེ་སྨྱོ་རྫས་ཀྱི་མྱོས་པ་ཤ་སྟག་རེད། གཉིས་ནས།་དྲུང་པའི་སློབ་མ་དེ་རིགས་ལ་བོད་ལ་ཤ་ཞེན་སོགས་གང་ཡང་མེད་པ་དེ་ཡང་གསལ་པོ་རེད། ན་རོ་པ་མཐོ་སློབ་ཡོད་པ་བདེན་པ་རེད། ཤམ་བྷ་ལ་ཆོས་ཚོགས་ཡོད་པ་བདེན་པ་རེད། འོན་ཀྱང་། ཤམ་བྷ་ལ་ཆོས་ཚོགས་དེའི་གྲུབ་མཐའ་ཁྱོད་ཀྱིས་ཨེ་ཤེས། ཁོ་ཚོས་ནང་པ་ཡིན་ལུགས་བརྗོད་ཀྱི་མེད། དེ་བས་ཤམ་བྷ་ལ་ནི་ནང་པ་ལས་ལོགས་སུ་འགར་བའི་གྲུབ་མཐའ་ཞིག་ལ་ངོས་བསྒྱུར་ཐབས་བྱེད་ཀྱི་ཡོད།
བོད་ལ་ཤ་ཞེན་མེད་ན་སྡུག་རྒྱུར་རྩིས་པ་ནི་གད་མོའི་གནས་རང་རེད་་་མི་གཅིག་གི་རྣ་བར་སངས་རྒྱས་ཀྱི་མཚན་ཐོས་པར་བྱེད་པོ་དེར་བྱས་རྗེས་ཀྱི་བསྟོད་བསྔགས་མེད་རུང་མི་སྙན་པའི་ཚིག་རྡོས་བརྡུང་པར་བོད་ལ་དགའ་ཞེན་ཡོད་ཀྱང་བོད་པའི་བྱས་རྗེས་ལ་སྐྱུག་མོ་སློང་རྒྱུ་ལས་ཅི་ཡོད།
བོད་ལ་དགའ་མི་དགའ་དེས་ཀྱང་མི་དེའི་རང་གཤིས་ཤིག་སྟོན་གྱི་ཡོད། རང་ཉིད་གསོ་མཁན་གྱི་ཕ་མར་དགའ་ཞེན་མ་བྱས་ན་མི་དེ་ནི་རྒྱུ་དག་མེད་པའི་རྟགས་རེད།
ཆོས་རྒྱམ་ཆོས་དྲུང་པ་རིནཔོ་ཆེ་བོད་ཀྱི་བླ་སྤྲུལ་གྲགས་ཆེ་བ་ཞིག་ཡིན་འདུག དོན་ལ་ཇི་ལྟར་ཡིན་ངེས་དགའ། ངས་ཁོང་ལན་ཁ་ཤས་མཇལ་མྱང་བའི་ལོ་རྒྱུས་ནི། དང་པོ་རྒྱ་གར་ཌཀ་ཧོ་ཟིར་ཨིན་ཇིའི་དགེ་ཚུལ་ཞེས་པ་སྨན་ཁང་དུ་མི་ཚེ་འཕེན་པ་རྫོགས་དུས་ང་དང་། ཁམས་པ་རྒྱལ་མཚན་གཉིས་ནད་གཡོག་ལ་ཡོད། ཁ་མཆེམས་ང་ལ་ཨིན་ཡིག་ལ་འབྲི་རུ་བཅུག ཨིན་ཁུངས་ཇི་ལྟར་བྲིས་སུས་ཤེས། སོ་སོར་སྟེར་ཚར་བའི་ལྷག་མ་ཇི་ཙམ་ཡོད་མི་ཤེས། དགེ་ཚུལ་གྲོངས་པའི་རྗེས་ཁ་མཆེམས་ཀྱི་ཡི་གེ་དེ་ཨིན་ཇིའི་བཙུན་མ་ཕེར་ད་བེ་དི་ཞེས་པ་ལ་སྤྲད། དེ་དུས་དྲུང་རྒྱམ་མཆོག་དང་མཇལ་བཀའ་མོལ་བྱུང་། རྗེས་སུ་ཨིན་ཡུལ་ནས་ཝཱ་རཱ་ཎ་སཱིར་ཕེབས། པཎ་ཆེན་འོས་སྤྲུལ་ལུང་པ་གཅིག་པས་མཇལ་བར་ཕེབས། ལ་དྭགས་འཇམ་དཔལ་ཞེས་དྲི་བར་མཛད་འདུག་ཅེས་གསུངས། དེ་བཞིན་མཇལ་བར་ཕྱིན། ནུབ་གླིང་སོགས་སུ་ཕེབས་རྩིས་ཡོད་དམ་གསུངས། དེའི་རྗེས་༡༩༧༦ཙམ་ལ་འབྲས་སྤུངས་སྒོ་མངས་མཁན་རིན་པོ་ཆེ་དང་། གནས་ཆུང་རིན་པོ་ཆེ་གཉིས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་རྒྱབ་པར་འབུལ་སྡུད་མཛད་པར་ཨ་རིར་ཕེབས་པ་ན། བདག་གིས་ཨིན་སྐད་དག་ལ་མ་དག་པ་ཤེས་པས་ཨུ་ཐུག་སྟེ། ཁོང་ལྷན་རྒྱས་ཀྱི་གསུང་སྐད་རེ་བསྒྱུར། ཕི་ལིཔ་ཧེམ་ལི་ཞེས་པ་ཀོ་ལམ་བི་ཡ་ཡི་སློབ་གྲྭ་པ་ཡིན་པས། བདག་ཅག་དྲུང་པ་མཇལ་བར་རླངས་འཁོར་དུ་ཐག་རིང་པོར་ཁྲིད། ཝར་མན་སྟག་གི་རྔ་མ་ཞེས་པར་དྲུང་པའི་ཆོས་ཚོགས་སུ་དགོངས་མོར་བསྡད། ཕྱི་ཉིན་ཡུན་རིང་སྒུགས་པའི་རྗེས་མཇལ་ཁ་བྱུང་། རིན་པོ་ཆེ་ལྷན་རྒྱས་གཉིས་དང་ཕན་ཚུལ་དགྱེས་ཚུལ་བཀའ་མོལ་ཕརྣ་བུ་བྱུང་། བདག་ལ་སྔོན་མར་རང་རེ་སྤྲད་ཡོད་དམ་གསུངས། དངོས་གནས་བརྗེད་པ་ཡིན་ན། ཁོང་ལ་མི་བརྗེད་པའི་གཟུངས་ནི་མེད་པར་བསྟན། དེ་མིན་རང་རེའི་སྐྱབས་མགོན་རིན་པོ་ཆེ་ལ་མཇལ་མཁན་སྟོང་ཕྲག་མང་པོ་ཡོད་ཀྱང་། བདག་ནམ་གཟིགས་ན་ཡང་ལ་དྭགས་འཇམ་དཔལ་ཞེས་གསུང་གི་བྱིན་རླབས་སྩོལ་བར་མཛད་དོ།
གོང་གི་མཆན་བུ་དེར་ནོར་བ་དང་མི་གསལ་བ་དག་སླར་ཞུས་དག་བྱས་ཡོད་པ་སླར་ཡང་འདིར་བཀོད་དགོས་པ་ལ་དགོངས་འགལ་མེད་པ་ཞུའོ།
་
ཆོས་རྒྱམ་ཆོས་དྲུང་པ་རིནཔོ་ཆེ་བོད་ཀྱི་བླ་སྤྲུལ་གྲགས་ཆེ་བ་ཞིག་ཡིན་འདུག དོན་ལ་ཇི་ལྟར་ཡིན་ངེས་དཀའ། ངས་ཁོང་ལན་ཁ་ཤས་མཇལ་མྱང་བའི་ལོ་རྒྱུས་ནི། དང་པོ་རྒྱ་གར་ཌཀ་ཧོ་ཟིར་ཨིན་ཇིའི་དགེ་ཚུལ་ཞེས་པ་སྨན་ཁང་དུ་མི་ཚེ་འཕེན་པ་རྫོགས་དུས་ང་དང་། ཁམས་པ་རྒྱལ་མཚན་གཉིས་ནད་གཡོག་ལ་ཡོད། ཁ་མཆེམས་ང་ལ་ཨིན་ཡིག་ལ་འབྲི་རུ་བཅུག ཨིན་ཁུངས་དག་མིན་ཇི་ལྟར་བྲིས་པ་སུས་ཤེས། གཞན་སོ་སོར་སྟེར་ཚར་བའི་ལྷག་མ་ཇི་ཙམ་ཡོད་པ་ཚང་མ་དྲུང་པ་ལ་ཡིན་ཞེས་སྨྲས་པ་དེ་བྲིས། དགེ་ཚུལ་གྲོངས་པའི་རྗེས་ཁ་མཆེམས་ཀྱི་ཡི་གེ་དེ་ཨིན་ཇིའི་བཙུན་མ་ཕེར་བ་བེ་དི་ཞེས་པ་ལ་སྤྲད། དེ་དུས་དྲུང་རྒྱམ་མཆོག་དང་མཇལ་བཀའ་མོལ་བྱུང་། རྗེས་སུ་ཨིན་ཡུལ་ནས་ཝཱ་རཱ་ཎ་སཱིར་ཕེབས། པཎ་ཆེན་འོས་སྤྲུལ་ལུང་པ་གཅིག་པས་མཇལ་བར་ཕེབས། ལ་དྭགས་འཇམ་དཔལ་ཞེས་དྲི་བར་མཛད་འདུག་ཅེས་གསུངས། དེ་བཞིན་མཇལ་བར་ཕྱིན། ནུབ་གླིང་སོགས་སུ་འགྲོ་རྩིས་ཡོད་དམ་གསུངས། ཅང་མེད་ཅེས་སྨྲས།
དེའི་རྗེས་བདག་རང་༡༩༧༤་ལོར་ཨ་རིར་སླེབས། ༡༩༧༥ ལོར་ཙམ་ལ་འབྲས་སྤུངས་སྒོ་མངས་མཁན་རིན་པོ་ཆེ་དང་། གནས་ཆུང་རིན་པོ་ཆེ་གཉིས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་རྒྱབ་པར་འབུལ་སྡུད་མཛད་པར་ཨ་རིར་ཕེབས་པ་ན། བདག་གིས་ཨིན་སྐད་དག་ལ་མ་དག་པ་ཤེས་པས་ཨུ་ཐུག་སྟེ། ཁོང་ལྷན་རྒྱས་ཀྱི་གསུང་སྐད་རེ་བསྒྱུར། ཕི་ལིཔ་ཧེམ་ལི་ཞེས་པ་ཀོ་ལམ་བི་ཡ་ཡི་སློབ་གྲྭ་པ་ཡིན་པས། བདག་ཅག་དྲུང་པ་མཇལ་བར་རླངས་འཁོར་དུ་ཐག་རིང་པོར་ཁྲིད། ཝར་མན་སྟག་གི་རྔ་མ་ཞེས་པར་དྲུང་པའི་ཆོས་ཚོགས་སུ་དགོངས་མོར་བསྡད། ཕྱི་ཉིན་ཡུན་རིང་སྒུགས་པའི་རྗེས་མཇལ་ཁ་བྱུང་། རིན་པོ་ཆེ་ལྷན་རྒྱས་གཉིས་དང་ཕན་ཚུལ་དགྱེས་ཚུལ་བཀའ་མོལ་ཕྲན་བུ་མཛད། བདག་ལ་སྔོན་མར་རང་རེ་སྤྲད་ཡོད་དམ་གསུངས། དངོས་གནས་བརྗེད་པ་ཡིན་ན། ཁོང་ལ་མི་བརྗེད་པའི་གཟུངས་ནི་མེད་པར་བསྟན། དེ་མིན་རང་རེའི་སྐྱབས་མགོན་རིན་པོ་ཆེ་ལ་མཇལ་མཁན་སྟོང་ཕྲག་མང་པོ་ཡོད་ཀྱང་། བདག་ནམ་གཟིགས་ན་ཡང་ལ་དྭགས་འཇམ་དཔལ་ཞེས་གསུང་གི་བྱིན་རླབས་སྩོལ་བར་མཛད་དོ།
ཁང་སྨིན་གྲོལ་གྱིས་་་་གླེང་བརྗོད་ལ་་་་་ངས་ཆོསནརྒྱམ་་དྲུང་པ་ངོ་ཤེས་པའི་བརྒྱུད་རིམ་་་་ཅེས་གསུངས་མོད་་་་འོན་ཀྱང་གཤམ་གྱི་སྐད་ཆར་གཟིགས་ན་ཁོང་གིས་ཆོས་རྒྱམ་དྲུང་པ་ཐུག་འཕྲད་ཙམ་ཀྱང་བྱུང་མི་འདུག་པས་་་དེས་ན་ཁྱེད་ཀྱིས་ཁོང་ངོ་ཤེས་པའི
བརྒྱུད་རིམ་ཞིག་ཡོང་བཟོ་མི་འདུག ངོ་ཤེས་ཟེར་བ་ནི་ངོ་དང་ངོ་ཐུག་པའམ་ཞལ་ངོ་མཐོང་བ་ཞིག་གཏན་གཏན་དགོས་པ་རེད། གང་ལྟར་ཁྱེད་ཀྱིས་ཆོས་རྒྱམ་དྲུང་པའི་སློབ་མ་ཞིག་གིས་བརྒྱུད་ནས་་་ཆོས་རྒྱམ་དྲུང་པ་་་ཤེས་རྟོགས་བྱུང་བ་དངོས་བདེན་རེད།
བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕྱི་རྒྱལ་སྤེལ་གྱིས་ཡོད་།སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཚུལ།
དོན་ལ་དེ་འདྲའི་རེད་འདུག་གམ།སངས་རྒྱས་བཅོམ་ལྡན་འདས་ཤྰཀྱ་ཐུབ་པས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང།ད་དེང་སང་ནི་བླ་གྲྭ་མིང་ཆེན་པོ་ཁུར་ནས་ག་བྱུང་མ་བྱང་བྱེད།སྐྱེས་དམན་ལེན།ཕྲུ་གུ་སྐྱེས་སུ་བཅུག
རིན་པོ་ཆེན་མིང་ཁུར།རྒྱུ་ནོར་བསོགས་འཇོག་བྱེད།དངོས་གནས་བྱས་ན་དེ་ང་ཚོས་བོད་མི་རིགས་ལ་དགོས་ཡ་དེ་མ་རེད།
དངོས་གནས་ཡིན་མི་དེ་ཚོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་དེ་བཙོང་བསྡོད་ཡོད་པ་འདྲ་མཐོང་གིས་འདུག
སོ་སོའི་ལྟོས་གོས་མ་འགྲིག་པ་ད་དུང་འགྲོ་་དྲུག་དོན་ཡིན་ཟེར་བ་སོགས་དང་སངས་རྒྱས་བསྟན་པའི་དོན་ཡིན་ཟེར་བ་སོགས་དུ་མ་བཤད།
སངས་རྒྱས་བཅོམ་ལྡན་གསུང་པའི་དྭངས་གཙང་ཆོས་དེར་མི་དེ་ཚོས་ཡང་ན་སྤྲུལ་ལོག་དེ་ཚོས་རིན་པོ་ཆེན་མིང་ཁུང་ནས་གང་བྱུང་མ་བྱུང་བྱེད་བཞིན་འདུག
དེ་ཚོས་ང་ཚོ་ལ་དགོས་ཡ་ཞིག་མཐོང་གི་མི་འདུག