མི་རྐང་གླིང་བུ
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
ཡུལ་གངས་ལྗོངས་འབྲོག་ཕྱོགས་ན་འཁྲུངས་པའི་བཅོམ་ལྡན་འདས་དེ་ཉིད་རིགས་དྲུག་གི་སེམས་ཅན་མཐའ་ཡས་པ་རྣམས་ཀྱིས་གཟུགས་དང༌། བོང་ཚོད། ཁམས་དང༌། མོས་པ་ཐམས་ཅད་ཅིག་ཅར་དུ་གཟིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་སོ།།
དེའི་ཚེ་དེའི་དུས་ན་དོམ་དང་དྲེད་མོང་སོ་སོར་མ་ཕྱེད་པའི་འཁོར་འགའ་ཞིག་ལྷགས་སོ།།
དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་ཐུགས་ཀྱིས་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།།
དེ་ལ་ཚེ་དང་ལྡན་པ་དག་དྲེད་མོང་ནི་ཤ་གཟན་གྱི་སྲོག་ཆགས་སྟོབས་ཆེན་ཞིག་ཡིན་ནོ།། མིང་གི་རྣམ་གྲངས་ལ་ས་སློག་དང༌། སྦར་ཁོ། རྔ་ཡུ་མ་སོགས་སོ།། འདི་ནི་བྱང་རོང་གཉིས་ཀ་དང་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་ཡོད་པའི་གཅན་གཟན་དཀོན་གྲས་ཀྱི་རིགས་སུ་གཏོགས། ཁེར་རྐྱང་དང༌། ཡང་ན་མ་བུ་རེ་ཟུང་དང་ལྷན་དུ་ཡོད་དོ།། སྤུ་མདོག་ཕལ་མོ་ཆེར་རག་པ་དང༌། ཁམས་ནག རག་པ་སོག་དཀར་ཅན། རག་དཀར། ཁྲ་བོ་སོགས་ཅི་རིགས་སུ་ཡོད་དོ།། ཁ་ཟས་ཀྱི་གཙོ་བོ་སེམས་ཅན་ཆུང་ཚགས་ཀྱི་རིགས་དང༌། སྒོ་ཟོག་ར་ལུག་སོགས་ཀྱི་སྟེང་དུ་ཡང་ལྷས་ར་ནང་དུ་མཆོངས་ཡོང་བ་ཡིན། རྒྱུན་དུ་རི་ལ་གནས་ཤིང་བྱི་བ་དང༌། འབུ་སྲིན་སོགས་ཀྱི་ཚང་སོགས་སློགས་ནས་དེ་དག་ཟ་བ་ཡིན་ཅིང་དེ་དག་ཚང་སློགས་སྐབས་སྲོག་ཆགས་དེ་དག་གཟུགས་པོ་ཆུང་བས་གང་སར་བྲོས་ཤོར་ནས་མང་པོ་ཟ་ཐུབ་གི་མེད་དོ།། གནས་ཚུལ་དེ་ཝྭ་སྦྲེ་སོགས་ཀྱིས་ཤེས་ནས་རྒྱུན་དུ་ཝྭ་སྦྲེ་སོགས་དྲེད་མོང་གི་རྗེས་སུ་འབྲངས་ཤིང་དྲེད་མོང་གི་ཚང་སློགས་སྐབས་ཁོང་ཚོས་བྱི་བ་སོགས་སྲོག་ཆག་ཆུང་ཚགས་མང་པོ་ཟ་རྒྱུ་རྙེད་གི་ཡོད་དོ།། དེ་ཡི་དབང་གིས་ཝྭ་སྦྲེ་མཐོང་སྐབས་ཡུལ་མི་རྣམས་ཀྱིས་དེའི་ཕྱོགས་དེར་དྲེད་མོང་ཡོད་པའི་ཚོད་དཔག་བྱེད་པ་ཡིན་ནོ།།
མི་རྣམས་དྲེད་མོང་ལ་སྐྲག་གི་ཡོད་ལ་དེའི་རྒྱུ་མཚན་ནི་དྲེད་མོང་འཁྲིས་སུ་སླེབས་སྐབས་ཁོ་རང་སྔངས་སྐྲག་གིས་མི་ཡི་སྟེང་དུ་མཆོངས་ཡོང་བ་དང༌། ཁོ་རང་ནི་མི་ལས་སྟོབས་ཤུགས་ཆེ་བས་རྒྱུན་དུ་མི་དང་དྲེད་མོང་གཉིས་དྲེད་མོང་ལ་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དོ།། འོན་ཀྱང་ཁོས་མི་མཐོང་ཚད་ཁ་ཟས་སུ་མཐོང་ནས་རྗེས་སྙེགས་བྱེད་གི་མེད་པས་རྒྱང་རིང་ནས་དྲེད་མོང་མཐོང་བ་ན་ཀི་ཤར་བྱས་ན་ཕྱི་ལྟས་བྱེད་བཞིན་དུ་བྲོས་འགྲོ་བ་ཡིན་ནོ།། གལ་སྲིད་དྲེད་མོང་གིས་མི་ཞིག་དེད་པ་ཡིན་ན་དེའི་སྐབས་སུ་གྱེན་དུ་མི་བྲོས་པར་ཐུར་དུ་བྲོས་དགོས་པའི་རིགས་པ་རྙེད་ཡོད་དོ།། དེའི་རྒྱུ་མཚན་ནི་དྲེད་མོང་གི་པགས་པ་ལྷུག་པོ་ཡིན་པས་ཐུར་དུ་རྒྱུགས་པའི་ཚེ་ཁོག་སྟོད་ཀྱི་པགས་པ་ཡོངས་རྫོགས་མགོར་ལུད་ནས་འགྲོ་ལམ་མཐོང་གི་མེད། སྐབས་དེ་དང་བསྟུན་ནས་བྲོས་ན་ཐར་འགྲོ་བ་ཡིན། གྱེན་དུ་བྲོས་ན་དེ་ལས་ལྡོག་པས་མྱུར་བ་ཉིད་དུ་རྗེས་ཟིན་ངེས་ཡིན། གལ་སྲིད་རྗེས་ཟིན་པ་ཡིན་ན་སྟོབས་ཤུགས་ཤིན་ཏུ་ཆེ་བས་མི་དང་བསྡུར་རན་མེད་དོ།། འོན་ཀྱང་དཔའ་སྙིང་ཅན་འབྲོག་པའི་ཕོ་སར་འགས་དྲེད་མང་ཞོན་ནས་ལ་ལུང་མང་པོ་རྒྱུགས་སུ་བཅུག་ནས་མཐར་དྲེད་མོང་ཕམ་བཅུག་པའི་བྱུང་རབས་ཡོད་དོ།།
ཡིན་ནའང་འཁྱག་དྲེད་ཞེས་དྲེད་མོང་དམིགས་བསལ་བ་ཞིག་ཡོད་པས་དེ་ནི་མི་ཟོག་སུ་ཐུག་ཀྱི་སྟེང་དུ་ཤོར་ཡོང་བ་ཡིན་ལ་དེ་ནི་སེམས་པ་བདེ་བོ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ།། དེ་ལ་ཡུལ་མིས་དྲེད་སྨྱོན་དང་འཁྱག་དྲེད་ཅེས་མིང་དུ་བཏགས་ཡོད་དོ།། འཁྱག་དྲེད་ཅེས་འབོད་དོན་ནི། དགུན་ཁ་ས་ཆུ་འཁྱག་གིས་སྡོམ་པའི་སྐབས་སུ་ཉལ་མ་ཐུབ་པའི་དྲེད་མོང་ཡིན་པས་དེ་ལྟར་གྲགས། སྤྱིར་ན་དྲེད་མོང་ནི་དགུན་དུས་སུ་ས་ཆུ་འཁྱག་པས་སྡོམ་པའི་སྐབས་སུ་ཁོ་རང་ཡང་མལ་སྟན་དྲོན་པོ་ཞིག་ཏུ་ཉལ་འགྲོ་བ་ཡིན་ལ་སྐབས་དེ་དག་ཏུ་གཉིད་སད་པ་དང་ཁོ་རང་རང་བཞིན་གྱིས་ཉལ་མ་ཐུབ་པར་གང་སར་ཤོར་ཡོང་བའང་འགའ་ཞིག་ཡོད་པ་ཡིན། དོན་དུ་དེ་དག་དྲེད་སྨྱོན་དུ་བཏགས་པས་ཆོག གནའ་དུས་སུ་བོད་ཡུལ་གྱི་ས་ཆ་གྲང་ངར་ཆེ་བའི་ཡུལ་གྱི་མི་རྒན་རྒོན་དང༌། ཡང་ན་ཅུང་ཙམ་འབྱོར་པ་ཅན་རྣམས་ཀྱིས་དྲེད་མོང་གི་པགས་ལ་གདན་དུ་གཏིང་བའི་སྲོལ་ཡོད་པ་ཡིན། དྲེད་མོང་གི་པགས་པ་འདི་ལ་དྲོད་ཚད་ཆེ་བས་གྲང་བའི་ནད་གཞི་དང༌། མཁལ་རྐེད་སོགས་ལ་ཕན་གྱི་ཡོད་པར་ཤེས། ངག་རྒྱུན་དུ། དྲེད་སྔས། གྲུམ་གཏིང༌། ཟེར་བ་ཡང་འབྱུང་བ་ཡིན་ནོ།། དྲེད་ལྤགས་ནི་དྲོད་ཡིན་པས་གདན་དུ་གཏིང་བ་དང༌། གྲུམ་ལྤགས་ནི་བསིལ་བའི་རང་བཞིན་ཡིན་པས་མགོ་དང་མིག་ནད་སོགས་ལ་ཕན་པས་དེ་སྐད་ལག་ལེན་དུ་ཡོད་དོ།། གསར་བུ་ངར་ཤ་ཅན་འགའ་ཞིག་གིས་དྲེད་སྟན་ཞིག་ལེན་དུ་འགྲོ་གི་ཡིན་ཞེས་བསྒྲགས་ཏེ་སྟ་རེ་ཙམ་ཞིག་ཁུར་ནས་དྲེད་མོང་བཙལ་ནས་ལ་ལུང་གང་སར་འགྲོ་ནས་དྲེད་གདན་གཏིང་མཁན་ཡང་ཡོད་པ་བཅས་སོ།། དེ་དང་མཚུངས་པ་བོད་ཡུལ་གྱི་སྲོག་ཆག་གཞན་གྱི་སྐོར་ཡང་ཏིང་ངེ་འཛིན་གཅིག་གིས་ཐམས་ཅད་ཁོངས་སུ་ཆུད་ནས་ཡོད་དོ།། མོས་པ་དང་དོན་གཉེར་ཅན་འདུག་ན་སླད་ནས་འཆད་དོ།། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་འཁྲུལ་བ་ཡོད་ན་དྲི་བ་དྲིས་ལན་གྱིས་སྐབས་སུ་དྲང་ངེས་འབྱེད་པ་འདོད་དོ།།
མི་རྐང་གླིང་བུ་ལགས། ཁྱོད་ཀྱི་དྲེད་མདོ་དེ་ང་ཚོའི་སྤྱི་ཚོགས་ལ་སྦྱར་ན་གོ་རྒྱུ་ཧ་ཅང་མང་པོ་ཞིག་ཡོད་པས་བྲོ་བ་ཆེ། དེའི་ནང་གྲུམ་གདན་དེ་ཧ་ཅང་གྲང་མོ་ཡིན་སྐོར་བཤད་འདུག ང་ཚོའི་ཕ་ཡུལ་དུ་རྒན་རྒོན་རྣམས་ཀྱིས་གྲུམ་ལྤགས་སྐེད་དཀྲིས་བྱེད་པ་དྲོད་ཀྱི་ཆེད་དུ་ཡིན་རབས་གོ་བས་དེ་ལྟར་མ་ཡིན་ནམ།
ཀྱེེ། གངས་རིའི་བུ་ཕྲུག་ལགས། ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།
གྲུམ་ལྤགས་དེ་ནི་ཤིན་ཏུ་ནས་ཀྱང་བསིལ་བའི་རང་བཞིན་ཅན་ཏེ། སྨན་པ་རྣམས་ཀྱི་སྨན་ཁུག་གི་ཁ་ཁེབས་བྱེད་ནས་ཁྲོག་སྨན་གྱི་ནུས་པ་མི་ཉམ་པའི་ཆེད་དུ་བཀོལ་གྱི་ཡོད་པ་ཡིན།
རྐེད་པར་དཀྲིས་ན་ལྷགས་རླུང་འགོག་ནུས་པས་གྲོ་སོབ་སོབ་ཞིག་ཀྱང་ཡོད་པ་ཡིན།
འོན་ཀྱང་ཁོ་རང་ངོ་བོ་ནི་བསིལ་བའི་རང་བཞིན་ཡིན་པའི་རྒྱུ་མཚན་སྔར་སྨོས་པ་རྣམས་སོ།།
རབ་འབྱོར་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་ཀྱིས་དྲེད་མདོ་གསུང་ཟིན་ན་ཡང་། སྔར་གྱི་དོགས་པ་སྟེ་དྲེད་དང་དོམ་གྱི་དབྱེ་བ་ད་དུང་ཕྱེ་མི་འདུག་ཅིང་། དཔར་གཉིས་བཀོད་པ་ནི་དྲེད་ཀྱི་དཔར་རེད་དམ། དོམ་གྱི་དཔར་རེད།
ད་དུང་ཞར་དུ་བྱུང་བའི་དྲི་བ་ལས་༼ཝྭ་སྦྲེ་༽ འདི་འདྲའི་ཡི་གེ་ཅིག་སློབ་དཔོན་ཐོན་མི་ནས་གསུངས་མི་འདུག་ན་བཅོམ་ལྡན་འདས་ཀྱིས་གསར་དུ་གཏན་ལ་ཕབ་དེ་བོད་ལ་གནང་བ་འེ་ཡིན་ལགས། དེ་སྐད་ཅེས་དྲིས་པ་དང་རབ་འབྱོར་སྟན་ལ་འཁོད་དེ་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟས་ནས་བསྡད་དོ། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དྲི་བ་དེ་ལ་ཡི་རངས་དེ་རབ་འབྱོར་གྱི་གསུངས་པ་ལ་མངོན་པར་བསྟོད་དོ།།
འ་རོགས་ཟླ་མེད། ངེད་གཉིས་ལ་དུས་ཚོད་མང་བས་ཡང་དགེ་ལུགས་ཀྱི་དོན་ལ་རྒྱག་རེས་གཅིག་རྒྱག་ཨེ་རེད།
མྱིག་རྫོབ། ཁྱོད་རང་རིག་འཚོ་མ་ཟིན་པ་མིན་ན་ངས་ཁ་སྔོན་ནས་ལྷག་བཅས་ལྷག་མེད་སྐོར་ལ་རྒྱ་གཞུང་འཐད་ལྡན་དང་བོད་གཞུང་འགྲེལ་བཤད་ཟབ་མོ་གནང་ཟིན་པ་ཡིན། ཁྱོད་རང་གིས་ཀྱང་ང་ལ་ཞོགས་པ་ལས་ཀ་ཡོད་པས་དགོངས་མོ་ལན་རྒྱག་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད། ཁྱོད་འདི་འདི་འདྲའི་ནད་པ་ཅིག་རེད། སྨན་ཁང་ལ་སྟོན་དགོས་པ་ལས་འདིར་རྩད་རྒྱབ་ནས་ཕན་ས་མ་རེད་དོ།
གཞོན་ནུ་ཟླ་མེད། ཁ་སྔོན་ཁྱོད་ཀྱིས་ལྷག་བཅས་ལྷག་མེད་ཀྱི་སྐོར་ལ་རྒྱ་གཞུང་དང་བོད་གཞུང་གི་འགྲེལ་བཤད་མང་པོ་བྱས་པ་བདེན། འོན་ཀྱང་དེ་ངའི་དྲི་བ་མ་རེད། ངས་ཐེངས་གཉིས་ལ་གསལ་བཤད་བྱས་པ་ཡིན། འོན་ཀྱང་ཁྱོད་ང་ནི་ཚངས་པའོ།། ཚངས་པ་ཆེན་པོའོ།། སྐྱེ་དགུའི་བདག་པོའོ།། ཟེར་ནས་ལན་རྒྱག་མཁན་ཞིག་རེད་འདུག་པས་ང་ལ་ཐབས་ཤེས་མི་འདུག གང་ཡིན་ཟེར་ན་རྒྱ་གཞུང་དང་བོད་གཞུང་དེ་ཚོ་སུས་ཡིན་ན་མཐོང་མྱོང་ནི་རེད། ད་དུང་དེའི་སྐོར་ལ་དམིགས་བསལ་ཞིབ་འཇུག་བྱེད་བསམ་ན་དེ་ལས་མང་བའི་ཡིག་ཆ་བརྒྱ་ཕྲག་ལག་ཏུ་ཡོང་གི་རེད་ལ། ཡིག་ཆ་དེ་ཚོས་ག་རེ་ཤོད་ཀྱི་ཡོད་མེད་དཔེ་ཆ་ཅུང་བལྟ་མྱོང་མཁན་ཞིག་ཡིན་ཕྱིན་སུས་ཀྱང་མགོ་ཚོས་ཀྱི་རེད།
འོན་ཀྱང་ངས་སྔར་གོ་བ་ཞིག་དགེ་ལུགས་པའི་ཡིག་ཆ་ཞིག་ཏུ་ལྷག་མེད་ཟེར་བ་གདོས་བཅས་ཀྱི་ཕུང་པོ་མི་ལྷག་པ་ཡིན་པས། གདོས་བཅས་ཀྱི་ཕུང་པོ་འཇའ་ལྟར་ཡལ་འགྲོ་བའི་འཇའ་ལུས་དང་གཅིག་པ་རེད་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་རེད་ཟེར་བ་ཞིག་གོ་མྱོང་། ངས་ཞིབ་འཇུག་བྱས་ཀྱང་ཡིག་ཆ་དེ་འདྲ་ཞིག་རྙེད་མ་སོང་བས་ཁྱོད་དགེ་ལུགས་པའི་ཡིག་ཆ་མང་པོར་བལྟ་མྱོང་མཁན་ཞིག་ལ་དྲིས་པ་ཡིན། མདོར་བསྡུ་ན་ངའི་དྲི་བ་ལྷག་མེད་མྱང་འདས་ཀྱི་གོ་དོན་ཐོག་གི་དྲི་བ་མ་རེད། ཡིག་ཆ་ཞིག་ཡོད་མེད་ཀྱི་དྲི་བ་རེད། ཁྱོད་དཔེ་ཆ་ཡག་པོ་ཤེས་མཁན་ཞིག་ཡིན་པ་ངས་ཤེས། འོན་ཀྱང་ངའི་དྲི་བ་ལ་ད་དུང་ལན་བརྒྱབ་ཡོད་པ་མ་རེད། གལ་ཏེ་ཡིག་ཆ་དེ་འདྲ་ཞིག་མཐོང་མྱོང་ཡོད་ན། ཡིག་ཆ་དེ་བླ་མ་འདིའི་གསུང་རེད་ཟེར་བ་དང་། མེད་ན་དེ་འདྲ་ཞིག་མཐོང་མ་མྱོང་ཟེར་བའི་ལན་དེ་རེད། འོན་ཀྱང་ཁྱོད་མི་ཤེས་མ་གོ་ཟེར་རྒྱུ་ལ་ཞེད་ནས་མི་དགོས་པའི་སྔ་རྒོལ་ཕྱི་རྒོལ་གང་མང་ཞིག་གི་འདོད་པ་འདྲ་ཞིག་བཀོད་འདུག དེར་བརྟེན་ངས་ལན་ཅི་ཞིག་རྒྱག་དགོས་པ་རེད།
མ་གཞི་ཡིག་ཆ་རེ་འཚོལ་རྒྱུ་དང་། མི་མ་རབས་ཐ་ཤལ་བ་ཚོ་ལ་རྐང་བཙུགས་ནས་ཁོང་ཁྲོ་རེ་སློང་རྒྱུ་དང་། སྣ་རུས་རེ་གཅོག་རྒྱུ་མ་གཏོགས། དྲ་ཐོག་ནས་དཔེ་ཆའི་བགྲོ་གླེང་ཚིག་གཅིག་བྱེད་འདོད་མེད། གང་ཡིན་ཟེར་ན་རྒྱལ་ཕམ་ཐག་ཆོད་རྒྱུ་མེད་པའི་རྩོད་པ་ཞིག་གི་ཐོག་ཏུ་སྔ་དགོངས་ཀྱི་དུས་ཚོད་ཡོངས་རྫོགས་འགྲོ་གི་འདུག གོང་གི་མི་མ་རབ་ཐ་ཤལ་བ་ཚོ་ཟེར་བའི་ནང་དུ་ཁྱོད་ཐེ་བའི་ཞེས་གོ་བ་ལེན་དགོས།
དྲེད་མོང་ནི་བོད་ཀྱི་དོམ་དུ་གྲགས་པའི་དོམ་ནག་དེ་མིན་ཀྱང་། དོམ་གྱི་རིགས་ཤིག་ཏུ་ཁས་འཆེ་ཆོག་གམ་སྙམ། ཁྱེད་ཀྱི་གསུངས་པ་ལྟར་དགུན་ས་བུག་ཏུ་ཉལ་བ་དང་ཉ་སོགས་སྲོག་ཆགས་ཅི་རིགས་ཟས་པ་དང་། རྐང་ལག་གི་བཟོ་བལྟ་སོགས་གང་ཅིའི་ཐད་ནས་དོམ་དང་འདྲ་པོ་འདུག དོམ་ནག་དེས་སེམས་ཅན་མི་ཟ་ཡང་། དོམ་དཀར་དང་grizzly bear ཨ་རིའི་དོམ་གྱིས་སེམས་ཅན་རྔོན་རྒྱག་གི་ཡོད་པ་ཡིན།
གཞོན་ནུ་ཟླ་མེད་པ་རབ་འབྱོར་ལགས། དྲི་བ་གནང་བ་ཤིན་ཏུ་ལེགས་སོ།། དོམ་དང་དྲེད་གཉིས་ནི་གཅན་གཟན་རིགས་ཐ་དད་པ་གཉིས་ཡིན་ནོ།
ཁྱད་པར་ནི་གནས་ཡུལ་དང་། གོམས་གཤིས། བྱད་གཟུགས་སོགས་ཀྱིས་འབྱེད་དུ་ཡོད་དོ།།
འདྲ་པར་འདི་གཉིས་ནི་དྲེད་མོང་ཡིན་པ་ལས་དོམ་གྱི་འདྲ་པར་འོང་དོན་མེད་དོ།།
ཝྭ་སྦྲེ་ཟེར་བའི་ཡིག་འབྲུ་འདི་དག་སློབ་དཔོན་གྱིས་གཏན་ལ་མ་ཕབ་ཟེར་བ་ནི་སློབ་དཔོན་དང་བཅོམ་ལྡན་འདས་གཉིས་ཀ་ལ་བསྐུར་བ་བཏབ་པའོ། ། དེ་ཡང་ཝྭ་མོ་དང་སྦྲེ་གཉིས་ཀྱི་བསྡུས་མིང་ཡིན་པ་སོགས་ཞེས་པའི་ཚིག་གྲོགས་ཀྱིས་ཀྱང་ཤེས་ངེས་ཡིན་ནོ།། སྲོག་ཆགས་འདི་དག་གི་སྐོར་སླད་ནས་འོང་ངོ་།།
འདི་དག་དྲི་བ་ཙམ་ལ་མཁས་པའི་རབ་འབྱོར་གྱིས་ཁོང་དུ་ཆུད་པ་མ་ཡིན་ནོ།། འབྲོག་ཕྲུག་རྣལ་མ་ཤཱ་རིའི་བུ་ལྟར་བུ་ཞིག་དང་། བོད་ཡིག་ལ་བྱང་བའི་མོའུ་འགལ་གྱི་བུ་ལྟར་བུ་ཞིག་བྱུང་ན་བཅོམ་ལྡན་འདས་ལ་འདི་འདྲ་བའི་བསྐུར་བ་འདེབས་མི་སྲིད་དོ།།
གཡ་ཏི་(yeti)དང་་༼སྒྲུང་ནང་གི་་དྲེད་མོང་ངམ༽དྲེད་མོང་ནི། ས་མཐོར་་སླེབས་པའི་་མི་རྒོད་་གཅིག་ཉིད་་གསུམ་དུ་་འཕྲུལ་བ་་མ་ཡིན་ནམ། དོམ་དང་་མི་འདྲ་བར་་དྲེད་མོང་གི་་ལག་པ་ནི་་མི་རྒོད་དང་། མིའི་་ལག་པ་དང་་ཆ་འདྲ་བ་་དགོས་པ་ནི་སྒྲུང་གི་་སྙིང་དོན་ལ་་ཡོད། དྲེད་མོང་་དོམ་རིགས་་གཅིག་ཙམ་་ཡིན་ན། སྟག་གཟིག་་དོམ་དྲེད་ཝ་མོ་་ལྔར་་བགྲངས་པ་་ནོར་བ་་ཡིན་ནམ། འོན་ཀྱང་། དྲེད་མོང་གིས་་འཕྱི་བ་་འཛིན་པའི་་དྲན་པ་་ལྟ་བུ་་ཞེས་པའི་་གཏམ་དཔེ་ལ་་དཔྱད་དགོས་པའང་འདུག
དྲེད་མོང་ལ་ཟོག་དྲེད་དང་མི་དྲེད་གཉིས་ཡོད་པ་ལས་ཟོག་དྲེད་ནི་དབྱིན་ཡིག་ནང་ brown bear ཟེར་བའི་དོམ་རིགས་དེ་དང་མི་དྲེད་ནི་མི་རྒོད་དམ་ yeti བྱང་ཨ་རིའི་ནང་ཡོད་པའི་ bigfoot ཟེར་བ་དེ་ཚོའི་རིགས་མིན་ནམ་སྙམ་མོ།
ཀར་རྡོ་དང་མགོན་ཕྱག་གཉིས་ལ་ཞུ་གསོལ། ཁྱོད་ཅག་བདེན། དྲེད་ཀྱི་ལག་པ་དེ་མི་ལག་པ་དང་འདྲ།
མི་མིན་མི་འདྲ་སྤུན་གསུམ་གྱི་གྲས་སུ་བགྲངས་དགོས་དོན་ཡང་གདོང་པ་དང་། ལག་པ། རྐང་པ། ལངས་ཏེ་འགྲོ་བ་སོགས་ཀྱིས་མི་འདྲ་བར་སྨྲ། སྤུན་གསུམ་ནི། སྤྲ་སྤྲེའུ་རིགས་དང་། དོམ་དྲེད་ཀྱི་རིགས། འཕྱི་བའི་རིགས་བཅས་ཡིན་ནོ།
yeti དང་། bigfoot ཟེར་བ་མི་རྒོད་ཀྱི་རིགས་ཤིག་ལས་དྲེད་མོང་གི་ཁོངས་སུ་གཏན་ནས་མི་འགྲོ། དབྱིན་ཡིག་ནང་དུ་དྲེད་མོང་ནི་དོམ་གྱི་ཁོངས་སུ་བཏང་ཡོད་པ་འདྲ། དྲེད་མོང་ལ་བོད་ཀྱི་དོམ་tibetan bear ཟེར་བ་མ་གཏོགས་དྲེད་མོང་གི་ཐ་སྙད་མེད། རྒྱ་གར་ནག་དང་མགོ་སེར་སུ་ཡི་ལུགས་ལའང་དྲེད་མོང་ཞེས་པའི་ཐ་སྙད་མེད་པས་འདི་བོད་ཀྱི་ཐུན་མོང་མ་ཡིན་པའོ། དོམ་དྲེད་གཉིས་ཀྱི་དབྱེ་བ་ནི་དོམ་གྱི་བསྟན་བཅོས་སྐབས་སུ་བཤད་ཟིན་ཏོ།