ནམ་མཁའ།
དེ་རིང་འདིར་ཕྲན་གྱིས་མངོན་པའི་ལུགས་ཀྱིས་དམྱལ་བའི་གནས་ངོས་འཛིན་ཚུལ་དང་། གྲུབ་མཐའ་གོང་མའི་ལུགས་ཀྱིས་སེམས་ངོར་སྣང་ཚུལ་གྱི་ཁྱད་པར་སྐོར་ལ་དོགས་སློང་ཞིག་བྱུང་འདིར་འབྲི་འདོད་སྐྱེས།
དམྱལ་བ་ཟེར་བའི་ཚིག་འདི་ཐོས་མ་ཐག་ཆོས་ལ་དད་པ་ཡོད་མེད་དང་། མི་རིགས་ལ་དབྱེ་འབྱེད་མེད་པར་སེམས་ནང་འཇིགས་སྣང་སྐྱེ་ཡོང་བ་ཞིག་ཡིན་སྲིད། དམྱལ་བ་ཟེར་བའི་ཚིག་འདི་དབྱིན་ཡིག་སོགས་ཀྱི་སྐད་ཡིག་མང་པོའི་ནང་དུ་ཐ་སྙད་འདི་ཡོད་པ་མ་ཟད། ང་ཚོ་བོད་པ་བཞིན་དམྱལ་བའི་རི་མོ་འབྲི་ལུགས་ཀྱང་གཅིག་མཚུངས་ལྟ་བུ་ཞིག་རེད། ཡིན་ཡང་ཆེས་ཤིན་ཏུ་འཇིགས་སྐྲག་ཆེ་བའི་མིང་འདི་ལ་ཡིད་ཆེས་ཡོད་མེད་ཀྱི་མིའི་གྲངས་ཀ་དང་བསྡུར་ན། ཕལ་ཆེར་ཡིད་ཆེས་མེད་མཁན་མང་པོ་རེད་ཅེས་ལབ་ན་མི་འགྲིག་པ་མི་འདུག་སྙམ།
ལྷག་པར་དུ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཚོའི་རྣ་ལམ་དུ་མིང་ཚིག་འདི་འཇིགས་བསྐྱེད་བྱེད་ཞིག་ཏུ་བརྩི་ངེས་ཡིན་པ་ལས། དོན་དངོས་སུ་ཡོད་པར་མི་འདོད་པས་དགེ་སྡིག་གི་དབྱེ་འབྱེད་མེད་པར་འཕྲད་སེལ་གྱི་ཁེ་ཕན་ཁོ་ནའི་ཆེད། སྲིད་གཞུང་གི་ཁྲིམས་དང་མ་འགལ་ཚེ་གཉའ་གནོན་དང་མགོ་སྐོར་སོགས་བྱེད་ཀྱི་ཡོད། མ་ཟད་ནང་པའི་སྤྲུལ་སྐུ་མང་པོ་ཞིག་གིས་ཀྱང་ཁ་ནས་དམྱལ་བའི་སྡུག་བསྔལ་གཞན་ལ་བཤད་ཞོར་དུ། དོན་དངོས་སུ་ལས་འབྲས་དང་མི་མཐུན་པའི་ལོག་འཚོ་དང་མི་ཆོས་བླ་མའི་རྫུན་གྱིས་གནས་སྐབས་ཀྱི་འཚོ་བ་ཁོ་ནའི་ཆེད་འདྲ་མིན་བཅོ་བརྒྱད་ལས་ཀྱི་ཡོད། འདི་ནི་ཁ་ནས་ལས་འབྲས་དང་དགེ་སྡིག་གི་འབྲས་བུ་ལས་བདེ་སྡུག་འབྱུང་ཚུལ་གླེང་མོད། འོན་ཀྱང་སེམས་གཏིང་ནས་རྒྱུ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་མྱོང་བར་ཡིད་ཆེས་མེད་པའི་རྟགས་ཞིག་རེད་སྙམ། གང་ལྟར་འབྲས་བུ་བདེ་སྡུག་གང་མྱོང་བ་དེ་རྒྱུ་ཞིག་མེད་པར་གློ་བུར་དུ་འབྱུང་མི་སྲིད་པ་ང་ཚོས་ཁས་ལེན་བྱེད་ཐུབ། དེས་རྐྱེན་དམྱལ་བའི་ཡུལ་ཞིག་ངོས་འཛིན་བྱེད་ཐུབ་མིན་དང་སེམས་ཀྱི་སྣང་ངོར་སྣང་ཚུལ་གྱི་སྐོར་ལ་ཐེག་པ་ཆེ་ཆུང་གི་བཞད་ཚུལ་མི་འདྲ་བས་འདིར་དཔྱད་འདོད་སྐྱེས།
དང་པོ།
ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ལས།༼དེ་དག་གི་གནས་ནི་མཛོད་འགྲེལ་ལས།ཡི་དྭགས་རྣམས་ཀྱི་རྒྱལ་བོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ།། དེ་དག་གི་གནས་ཀྱི་རྩ་བ་རྒྱལ་བའི་ཁབ་ནི། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ།།ཞེས་གསུངས་པ་ལྟར་རོ།།༽ཞེས་ལུང་འདྲེན་གནང་འདུག་ལ། འདི་ལ་ང་ཚོས་དོགས་སློང་ཅུང་ཟད་བྱས་ཚེ།དཔག་ཚད་ལྔ་བརྒྱ་ནི་དེ་ཙམ་གྱི་གཏིང་རིང་པོ་མ་རེད་སྙམ། རྒྱུ་མཚན་ནི། ཁྲུ་བཞི་ནི་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་རེད། དཔག་ཚད་ཀྱི་བརྩི་ལུགས་འདི་བཞིན་བཤད་དུས། དེང་སང་འཕྲུལ་ཆས་ཀྱི་ལམ་ནས་མཐོང་ཐུབ་ན་ཆོག་མོད། འོན་ཀྱང་འདི་འདྲའི་གནས་དམིགས་བསལ་ཅན་དག་གང་ཟག་ཕལ་བའི་སྣང་ངོར་མཐོང་ཐུབ་མིན་ལ་ཁྱད་པར་ཡོད་སྲིད་པ་ཞིག་རེད། དཔེར་ན། དེང་སང་ང་ཚོས་མངོན་སུམ་དུ་མཐོང་ཐུབ་པའི་མེ་རི་འཕྱུར་བ་དེ་ཚོའི་ནང་སྲིན་འབུ་ཕྲ་མོ་ཡོད་མེད་ང་ཚོས་མཐོང་མི་ཐུབ་པ་བཞིན་རེད། གལ་སྲིད་མེ་རི་འཕྱུར་བ་དེ་འདྲའི་ནང་སྲིན་འབུ་ཕྲ་མོ་ཡོད་ཚེ། དེ་དག་ལ་ཚ་བའི་སྡུག་བསྔལ་ཡོད་མེད་ལ་ཡང་དོགས་པ་ཅུང་ཟད་མཆིས།
དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། འཁྱགས་རོམ་ནང་དུ་ཡོད་པའི་སྲོག་ཆགས་དེ་དག་གྲང་བའི་སྡུག་བསྔལ་ཡོད་མེད་བཤད་དཀའ་བ་བཞིན་རེད། རྒྱུ་མཚན་ནི། འཁྱགས་རོམ་ནང་གི་སྲོག་ཆགས་དེ་ཚུར་བླངས་ཏེ་དྲོད་ཁོལ་ཡོད་ས་ཞིག་ལ་བཞག་ཚེ། སྲོག་ཆགས་དེ་སྡུག་བསྔལ་ཡོད་པ་མ་ཟད་དུས་ཡུན་ཐུང་ངུ་ནང་འཆི་སྲིད། ཐེག་པ་ཆུང་ངུའི་ལུགས་ལྟར་བཤད་ཚེ། མེ་རི་དང་འཁྱགས་རོམ་ནང་གི་སྲོག་ཆགས་དེ་དག་འཆི་བའི་ཚེ། དེ་དག་གི་ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་མྱོངས་བའི་ལས་རྫོགས་པར་འཇོག་པ་ཡིན་ནམ། དེ་མིན་བསྐྱར་དུ་གནས་དེ་གར་སྐྱེ་བ་ལེན་པར་འཇོག་པ་ཞིག་རེད། དེ་དག་དམྱལ་བ་བྱོལ་སོང་བ་ཡིན་ཟེར་ཆོག་མོད། འོན་ཀྱང་ཁོང་ཚོ་ཚ་གྲང་གང་དུ་སྐྱེས་བའི་གནས་དེ་དང་དེའི་ལྡོག་ཕྱོགས་གཉིས་ལས་སྡུག་བསྔལ་གང་ཆེ་བ་དཔྱད་གཞིའི་གནས་ཞིག་རེད་སྙམ།
གཉིས་པ།
ཐེག་ཆེན་པའི་ལུགས་སུ་དམྱལ་བའི་སྡུག་བསྔལ་དག་སོ་སོའི་སེམས་ངོར་སྣང་བར་གསུངས་ཡོད། དེ་ཡང་སྤྱོད་འཇུག་ཆེན་མོའི་ཤེས་བཞིན་སྲུང་བའི་ལེའུ་ལྔ་བ་ལས།
སེམས་ཅན་དམྱལ་བའི་མཚོན་ཆ་རྣམས།།
སུ་ཞིག་གིས་ནི་ཆེད་དུ་བྱས།།
ལྕགས་བསྲེགས་ས་གཞི་སུ་ཡིས་བྱས།།
མོ་ཚོགས་དེ་དག་ཅི་ལས་བྱུང་།།
དེ་འདྲ་དེ་དག་ཐམས་ཅད་ཀྱང་།།
སྡིག་སེམས་འབྱུང་བར་ཐུབ་པས་གསུངས།།
དེ་ལྟར་འཇིག་རྟེན་གསུམ་པོ་ན།།
སེམས་ལས་འཇིགས་པ་གཞན་འགའ་མེད།།
ཞེས་དགེ་སྡིག་གི་འབྲས་བུའི་ཁྱད་པར་གྱིས་སོ་སོའི་སེམས་ངོར་སྣང་ཚུལ་གསལ་བོར་གསུངས་འདུག་པས། འདི་ནི་སེམས་ངོར་འབབ་བདེ་བར་སྙམ། རྒྱུ་མཚན་ནི། དབུ་མ་འཇུག་པའི་སེམས་བསྐྱེད་དྲུག་པའི་སྐབས། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།།ཞེས་བརླན་ཞིང་གཤེར་བ་ཕོར་བ་གང་བོ་དེ་ལྷ་མི་ཡི་དྭགས་གསུམ་གྱིས་མཐོང་སྣང་མི་འདྲ་བ་གསུངས་པ་དེ་ཡང་སོ་སོའི་དགེ་མི་དགེ་ཡི་ལས་ཀྱི་དབང་གིས་སེམས་ངོར་སྣང་ཚུལ་མི་འདྲ་བ་གསུངས་པ་ལྟར། དབུ་མའི་ཆུ་འབབ་སྐབས་ཀྱི་རིག་པ་འདིས་དམྱལ་བའི་སྡུག་བསྔལ་དེ་ཡང་གཟུགས་ཅན་གྱི་གནས་དང་བཅས་བ་ཞིག་མ་ཡིན་པར། སྡུག་བསྔལ་མྱོང་མཁན་གྱི་སེམས་ངོར་སྣང་བའི་སེམས་ཀྱི་སྡུག་བསྔལ་ཞིག་ལ་འཇོག་པར་སྙམ།
དེ་ཡང་སེམས་ཀྱི་སྣང་ངོར་མྱོང་ཚུལ་ལྟར་འཇོག་པ་ཡིན་ཚེ། ངས་ལྷོ་ཀོ་རེ་ཡ་ཡི་དངོས་བཤུས་གློག་བརྙན་ཟས་རིགས་སྤྱོད་སྟངས་ཞིག་ལ་ལྟས་པ་ཡིན། ལྷོ་ཀོ་རེ་ཡ་ཡི་བཟའ་མི་གཉིས་ཀྱིས་ཟ་ཁང་ཞིག་གི་ནང་དུ་། རྒྱ་མཚོའི་ནང་གི་ཉ་རིགས་ཆུ་སྤྲུལ་ལྟ་བུ་ཆེ་ཆུང་མི་འདྲ་བ་གཉིས་གསོན་པོ་གློག་ཐབ་ཀྱི་སླ་ང་ཚ་བོའི་ནང་བཞག་སྟེ། ཐུར་མས་མར་མནན་ཙམ་བྱེད་ཀྱི་འདུག གློག་ཐབ་སླ་ང་ཚ་བོ་དེའི་ནང་གི་ཆུ་སྤྲུལ་ལྟ་བུ་ཆུང་བ་དེ་ཚ་བསྲེགས་ཀྱི་སྡུག་བསྔལ་གྱིས་སླ་ངའི་ཕྱི་ལོགས་སུ་འབུད་ཐབས་བྱེད་ཀྱི་འདུག་མོད། ཡིན་ཡང་བུ་མོ་དེའི་ཐུར་མས་མར་མནན་ཞོར། ཁོང་གཉིས་ད་རུང་གད་མོ་བགད་ཀྱི་འདུག་པས། དེས་རྐྱེན་སྤྱོད་འཇུག་ནས་གསུངས་པ་ལྟར། ཆུ་སྤྲུལ་ལྟ་བུ་ཆེ་ཆུང་དེ་གཉིས་ཀྱི་སེམས་ཀྱི་སྣང་ངོར་། ཟས་རིགས་སུ་ལོངས་སྤྱོད་མཁན་དེ་གཉིས་གཤིན་རྗེ་ལས་མཁན་ལྟ་བུ་ཞིག་གི་སྣང་སྲིད་དམ།
གལ་སྲིད་སླ་ང་ཚ་བོའི་ནང་གི་ཆུ་སྤྲུལ་གསོན་པོ་དེའི་སྣང་ངོར་ཟས་རིགས་ལོངས་སྤྱོད་མཁན་གྱི་མི་དེ་གཉིས་གཤིན་རྗེ་ལས་མཁན་ལྟ་བུ་ཞིག་གི་སྣང་ཚེ། གོང་གི་མངོན་པ་འོག་མའི་ལུགས་ཀྱི་དམྱལ་བའི་གནས་ཞིག་ངོས་འཛིན་བྱས་པ་བཞིན། གནས་ལ་དཔག་ཚད་ལྔ་བརྒྱའི་འོག་ན་ཡོད་པར་འདོད་པ་འདི་ཚད་མར་འཛིན་དཀའ་བ་ཞིག་རེད་སྙམ། མ་ཟད་དེ་འདྲའི་རིགས་ཀྱི་དཔེར་མཚོན་མང་པོ་ཡོད་པས་འདིར་ཡིག་ཚོགས་ཀྱིས་དོགས་ནས་བྲིས་མེད།
གསུམ་པ།
གལ་སྲིད་དམྱལ་བ་ཟེར་བའི་གནས་འདི་ངོས་འཛིན་གྱི་གནས་ངེས་གཏན་མེད་པའི་དབང་དུ་བཏང་སྟེ། དེའི་ལྡོག་ཕྱོགས་ཀྱི་བསམ་བློ་བཏང་ནས་བཤད་ན། ང་ཚོ་ནང་པ་བ་ཚོའི་ཡིད་སྨོན་དང་རེ་སྨོན་བྱེད་སའི་དག་པའི་ཞིང་ཁམས་དེ་ཡང་སེམས་ངོར་སྣང་ཚུལ་ཞིག་ཡིན་ནམ། ཡང་ན་འཇིག་རྟེན་གྱི་ཁམས་ཞིག་དངོས་སུ་ཡོད་པ་རེད། དྲི་བ་འདི་ནི་རིག་པ་སྨྲ་བ་ཚོའི་བློ་ངོར་གད་མོ་ཤོར་བ་ཞིག་ཡིན་སྲིད།
ཡིན་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་བའི་བླ་མ་མཆོད་པའི་མོས་སྒོམ་སྐབས་སུ། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཏུ་གྱུར་ཅིག་ཅེས་གསུངས་ཡོད། འདི་ནི་མོས་སྒོམ་གྱི་དབང་དུ་བཏང་སྟེ་སྨོན་ལམ་བཏབས་པ་ཙམ་ཞིག་ཡིན་ནམ།
ཡང་ན་རང་ཉིད་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་དང་ལྷ་མའི་སྣང་ཐུབ་པའི་གང་ཟག་ཞིག་ཏུ་འགྱུར་བའི་སྨོན་ལམ་བཏབ་པ་ཡིན། གལ་སྲིད་གང་ཟག་དམིགས་བསལ་ཅན་གྱི་བློ་ངོར་དེ་ལྟར་སྣང་བ་ཡོད་དམ།གལ་སྲིད་དེ་ལྟར་ཡོད་ཚེ་ལྷ་མ་ཡིན་པ་ལྷ་རུ་སྣང་བ་དང་གཞལ་ཡས་ཁང་མ་ཡིན་པ་གཞལ་ཡས་ཁང་རུ་སྣང་ཚེ། བློ་དེ་ལོག་ཤེས་སུ་མི་འགྱུར་རམ། དཔེར་ན་བློ་ལོག་ཤེས་ལ་མ་ཡིན་པ་ཡིན་པར་སྣང་བ་དེ་བློ་ལོག་ཤེས་སུ་ཅི་ལྟར་འཇོག་རྒྱུ་ཡིན་ནམ། འདི་འདྲའི་བླུན་པོའི་དྲི་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་འོང་བས་གདན་ས་ཁག་གི་རིག་པ་སྨྲ་བ་ཚོས་འགྲེལ་བཤད་རེ་གནང་བར་ཤིན་ཏུ་ནས་རེ།
གཞན་མཁས་གྲུབ་རག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་ལས།
ཨེ་མ་ཧོ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།།
གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན།།
ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།
རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན།།
ཞེས་ཕྱོགས་བཞིའི་ནང་གི་ནུབ་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་འཇིག་རྟེན་གྱི་ཁམས་ཞིག་ངོས་འཛིན་གནང་བ་དང་སེམས་ངོར་སྣང་ཚུལ་གཉིས་ཁྱད་པར་ཆེན་པོ་ཡོད་སྲིད། འདིའི་སྐབས་ཀྱི་འདི་སྒྲ་འཇུག་ཡུལ་དེ་འཛམ་བུ་གླིང་འདི་ཡིན་པ་ཚིག་གི་སྔ་རྗེས་གང་ལ་ལྟས་ཀྱང་ཤེས་ཐུབ།
གང་ལྟར་མངོན་པ་གོང་མའི་ལུགས་ཀྱི་དམྱལ་བའི་སྡུག་བསྔལ་སེམས་ངོར་སྣང་ཚུལ་དང་། མངོན་པ་འོག་མའི་ལུགས་ཀྱི་གནས་ངོས་འཛིན་བྱེད་པ་གཉིས་ལས་། སེམས་ངོར་སྣང་བ་དེ་དབུ་མའི་ཆུ་འབབ་སྐབས་ཀྱི་རིག་པ་དང་ཤིན་ཏུ་མཚུངས་སོ།
འཇིག་རྟེན་དགེ་སྡིག་ལས་ཀྱི་རི་མོ་ལས།།
འཇིག་རྟེན་ལྐོག་གྱུར་ཁམས་ཀྱི་འབྲས་བུ་འབྱུང་།།
འཇིག་རྟེན་ཐམས་ཅད་སྐྲག་པའི་ཡུལ་ཁམས་དེར།།
འཇིག་རྟེན་ཕ་རོལ་མ་སོང་གོང་དུ་གླེང་།།
༼གོང་གི་པཪ་༡ ནང་པའི་འབྲི་ལུགས། པར་༢ ཁ་ཆེའི་འབྲི་ལུགས། པར་༣ ཆོས་ལུགས་གཞན་གྱི་འབྲི་ལུགས།༽
དཔྱད་པ་ཡག་པོ་གནང་འདུག ནམ་མཁའ་ཟེར་པ་རིག་པ་ཅན་ཞིག་ཡིན་ཐག་ཆོད་རེད། ཀློག་སྤྲོ་བོ་བྱུང།
སེམས་ནི་རི་མོ་མཁན་དང་འདྲ།།
བདེ་སྡུག་ཐམས་ཀྱིས་སེམས་ཀྱིས་བྲིས།།
ཆོས་ལུགས་གཞན་པའི་ནང་ཚིག་འདི་འདྲ་ཡོད་མེད་མི་ཤེས་ཏེ། རང་རེའི་མདོ་ཚིག་འདིས་འཛམ་གླིང་སྒུལ་ཐུབ་ཀི་འདོད། ཉེ་ཆར་གྲོགས་པོ་ཞིག་དང་མཉམ་དུ་གླེང་མོལ་བྱེད་དུས་ཨ་རིའི་ཞིང་ཆེན་ཨ་ལ་སི་ཀ་ཟེར་བ་དེའི་ས་འོག་ཏུ་འཁྱག་རོམ་མཐུག་པོ་ཡོད་པ་རེད་ཟེར་ལ། ཁོས་ད་དུང་ཉེ་ཆར་ལྷོ་ཨ་མེ་རི་ཀའི་རྡོ་སོལ་སྔོགས་མཁན་གྱིས་རྡོ་སོལ་མཐུག་པོའི་འོག་ནས་ཟངས་ཀྱི་བུམ་པ་ཁྱུང་གི་རི་མོ་ཅན་རྙེད་འདུག་པས། ཤིང་སྡོང་གི་རིགས་རྡོ་སོལ་དུ་འགྱུར་བ་ལ་ལོ་ངོ་ས་ཡ་དུ་མ་དགོས་ཤིང་། ལྷོ་ཨ་མེ་རི་ཀར་ཤིང་སྡོང་དེ་རིགས་རྡོ་སོལ་དུ་མ་འགྱུར་བའི་སྔོན་དུ་མིའི་རིགས་གནས་སྡོད་བྱས་ཡོད་པས་མི་ཚད་ཁོ་ཚོའི་ཤེས་རིགས་ཀྱང་ཟངས་ལྕགས་བཞུ་སྦྱོང་གིས་སྣོད་སྤྱད་བཟོས་ཤིང་དེ་དག་གི་ངོས་སུ་རི་མོ་ཡང་འབྲི་ཐུབ་པའི་ཤེས་རིག་དར་འདུག་པས། མིའི་རིགས་ཀྱི་ལོ་རྒྱུས་དེ་ལོ་འབུམ་གཅིག་ལས་བརྒལ་མི་ཐུབ་པར་འདོད་པའི་ཚན་རིག་གི་ལྟ་བ་དེ་རྫུན་དུ་བཏང་འདུག་ཟེར།
རིག་པས་དཔྱད་སྟངས་རྣོ་བོ་རེད།ཡིན་ཡང་འདིའི་རིགས་བཤད་དཀའ་བའི་གནས་ཞིག་རེད། མེ་རི་འཕྱུར་བའི་ནང་སྲིན་འབུ་ཕྲ་མོ་ཡོད་དམ།གལ་སྲིད་ཡོད་ཚེ་ཚ་དམྱལ་ལྟ་བུ་ཞིག་ཏུ་ངོས་འཛིན་ནམ།
མོ་ཚོགས་དེ་དག་ཅི་ལས་བྱུང་།།
ཞེས་པའི་རྩ་ཚིག་འདི་ངས་ཀྱང་མཇལ་མྱོང་ཡང་དེ་མ་དག་པ་ཡིན་ཏེ།
མེ་ཚོགས་དེ་དག་ཅི་ལས་བྱུང་། །ཞེས་པ་འདི་དག་པ་ཡིན་པ་འདྲ།
དེ་རིང་གཅིག་གིས་ཐག་བཅད་ཀྱང་།།
སང་ཉིན་གཅིག་གིས་ཡང་ཅིག་བཤད།།
གཅིག་གིས་གཅིག་ལ་མགོ་སྐོར་བའི།།
ཚན་རིག་འདི་ལ་སུ་ཡིད་ཆེས།།
བན་དེ་བ་རྣམས་ཀྱིས་དམྱལ་གནས་རྒྱ་གར་རྡོ་རྗེ་གདན་གྱི་འོག་དཔག་ཚད་ལྔ་བརྒྱའི་སར་ཡོད་ཟེར་་་་བོན་པོས་མཚོ་མ་པང་གི་འོག་ཏུ་ཡོད་ཟེར་གང་ལྟར་དེ་ཚོ་གདུལ་བྱ་དབང་པོ་ཐ་མ་ཚོ་ཐར་པར་དཀྲི་ཕྱིར་དང་ཚེ་སྔ་ཕྱི་ལས་རྒྱུ་འབྲས་ཡོད་པར
སྟོན་བྱེད་ཙམ་ལས་གནས་དེར་དྲུས་ནས་བརྙེད་རྒྱུ་ཞིག་གང་ན་ཡོད་དེ་ལྟར་ཡོད་ན་དེང་སང་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ཏེ་ལྟད་མོ་བལྟ་ཆོག་གི་རེད་་་་འོན་ཀྱང་ཨ་རི་དང་ཨུ་རུ་སུའི་ཚན་རིག་པ་ཁག་ཅིག་གིས་ཨུ་རུ་སུའི་མངའ་ཁོངས་ས་ཆ་ཞིག་ལ་ས་འོག་གཏིང་རིང་པོ་ཞིག་དྲུས་མཐར་་་ལྕགས་མདོང་བརྒྱུད་ནས་ཉན་དུས་དེའི་འོག་ཏུ་ཧ་ལས་པའི་སེམས་ཅན་གྱི་ངུ་སྐད་གོ་རྒྱུ་འདུག་ཟེར་དེ་རྗེས་ཁོ་ཚོས་ས་འདྲུ་རྒྱུ་མཚམས་འཇོག་བྱས་པ་རེད་་་་ངུ་སྐད་དེའི་སྒྲ་རྣམས་་་གྷུ་གྷལ་ནས་ཉན་ཐུབ་པ་འདུག
ཀརྡོ་ལགས། མཚམས་འདྲི་ཞུ།
མོ་ཚོགས་དེ་དག་ཅི་ལས་བྱུང་།། ཞེས་པ་དག་པ་ཡིན་ཏེ། དམྱལ་བ་པ་ལ་ཤམ་མ་ལིའི་སྡོང་པོའི་རྩེར་སྣང་བའི་བུད་མེད་མཛེས་མ་དེ་དག་རྒྱུ་ལས་བྱུང་། ཞེས་འགྲེལ་བར་འགྲེལ་པ་ཐཾད་མཐུན་པ་ཡིན་པས་ “མོ་” ཞེས་པ་དག་པ་ཡིན་ནོ།།
རྒན་ཀརྡོ་ལགས་དང་དབྱངས་འབངས་གཉིས་ཀྱི་ཞིབ་དག་གནང་བ་བཀའ་དྲིན་ཆེ། ང་རང་་གི་འདི་བོད་ནང་གི་དེབ་པར་སྐྲུན་གནང་བ་ཞིག་ལས་ཞུས་པ་ཡིན།དང་པོ་ང་རང་ཡང་རྒན་ཀར་ཕྱག་བཞིན་དོགས་པ་བྱུང་མོད།ཡིན་ཡང་བཟོ་བཅོས་བྱེད་མ་ནུས་བར་བཞག་པ་ཡིན།སྤྱིར་སྤྱོད་འཇུག་ནང་ཡིག་ནོར་འགའ་རེ་འདུག་ཅེས་དགེ་ཆོས་ལགས་ཀྱིས་ཀྱང་གསུངས་འདུག དེ་མིན་བན་དེ་ལགས། དམྱལ་བའི་གནས་ལ་ངོས་འཛིན་བྱེད་པ་འདི་དབང་པོ་དམན་པ་རིགས་ཀྱི་ཆེད་གསུངས་པ་དེ་བདེན་ཤེས་ཆེ་མོད། ཡིན་ཡང་དམྱལ་བའི་སྡུག་བསྔལ་འདི་མྱོང་བ་སེམས་ངོར་གནང་བ་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་འདོད། མཆོག་ཉིད་ཀྱིས་གསུངས་པ་ལྟར་གྷོ་གྷལ་ནས་ཉན་ཐུབ་པའི་ངུ་སྐད་དེའི་ཁ་བྱང་ལྟ་བུ་འདིར་འགོད་ཐུབ་ན་ཤིན་ཏུ་ལེགས་སྙམ།
འགྲེལ་པ་ལེགས་བཤད་རྒྱ་མཚོའི་ནང་ལ་དངུལ་ཆུ་ཐོགས་མེད་ཀྱིས།
་་་་་ ཤལ་མ་རི་ལ་གནས་པའི་བུད་མེད་འདི་དག་ཅི་ལས་བྱུང་ཞེས་འགྲེལ་ཆེན་དང་རྣམ་སྣང་འཆད་ཅིང་། དགེ་་ལྷས་ཀྱང་བུད་མེད་དུ་འཆད་པས། མེ་ཚོགས་ཞེས་པ་མ་དག་པས་འགྲེལ་ཆེན་དེ་དག་ཏུ་བུད་མེད་ཅེ་བྱུང་བའམ། དཔང་ལོ་ཙྰ་བས་མོ་ཚོགས་ཞེས་གསུངས་པ་ལྟར་ལེགས་སོ། ། ་་་་་་
ཞེས་གསུངས་འདུག་པས་བོད་ཡིག་ནང་ལ་མེ་མོ་གཉིས་ནོར་སླ་ཡང་། ལེགས་སྦྱར་ནང་ལ་གང་ཡོད་དམ། འདིར་སུས་གསུངས་ཐུབ་བམ། ལགས།
ལྕགས་བསྲེགས་ས་གཞི་སུ་ཡིས་བྱས།།
མོ་ཚོགས་དེ་དག་ཅི་ལས་བྱུང་།།
ལྕགས་བསྲེགས་ཞེས་པས་མེ་གསུངས་ཟིནད་པ་དང་། ཚོགས་ཅེས་པས་མོ་དང་ཐག་ཉེ་ཡང་། མོ་ཚོགས་ཡིན་ན། ་་་དེ་དག་སུ་ལས་བྱུང་། །དགོས་པ་ལ། ་་་དེ་དག་བུད་ཤིང་ཅི་ལས་བྱུང་གསུངས་་འདུག་པས་དོགས་སོ།། །།
ནང་ཆོས་ནང་ལ་ལྷ་ཡུལ་དང་། དམྱལ་ཁམས་ལ་རྫུ་འཕྲུལ་ལ་བརྟེན་རང་གི་སློབ་མ། ལས་མ་དག་པ་དག་ལྷ་ཡུལ་དང་དམྱལ་ཁམས་ལ་འཁྲིད་པ་མ་གཏོགས་མེད་པས། དེ་ག་རང་ལ་ས་མཚམས་བཞག་ན་ལེགས།
འོནད་ཀྱང་། དམྱལ་བ་ཉེ་ཚེ་བ་འགའ་ནི། ཉིན་མོར་མི་དང་ལྷའི་ལོངས་སྤྱོད་ཡོད་པ་ལ་མཚན་མོར་དམྱལ་བའི་སྡུག་བསྔལ་མྱོང་བ་ཡོད་པ་གསུངས་པ་དེ་འདྲ་དང་འཕྲད་ན་ཕན་ཐོགས་ཆེ།
ལྷ་ཡུལ་གྱི་ས་ཕྱོགས་ནི། ཕྱོགས་བཅུ་ན་ཡོད་པ་ལྟར། དམྱལ་ཁམས་ཀྱང་ཕྱོགས་བཅུ་ན་ཡོད་དགོས། དེས་ན་རྡོ་རྗེ་གདན་སོགས་ཀྱི་འོག་ལ་ནི། ཡོད་ཀྱང་ཆོག་ལ། ཕྱོགས་གཞན་དུ་ཡང་ཡོད་ཆོག་གོ །
དེ་ལྟར་ཡིན་ན་དམྱལ་བའི་གནས་དེ་ངེས་བར་དུ་ས་འོག་ཞིག་ཏུ་ཡོད་དགོས་བའི་རྒྱུ་མཚན་གང་རེད།
མ་ཟད་སྤྱོད་འཇུག་གི་གསུངས་པ་ལྟར་དམྱལ་བ་པའི་སེམས་ངོར་སྣང་ཚུལ་ལ་གང་ཞིག་གཞི་བྱས་ཏེ་གསུངས་པ་རེད་དམ། དམྱལ་བ་ཉི་ཚེ་བ་དེ་ཚོ་ང་ཚོས་མཐོང་ཆོས་སུ་ཡོད་པ་དག་ཡིན་ནམ། གལ་སྲིད་ས་འོག་ཏུ་དཔག་ཚད་མཚམས་སུ་ཡོད་ན་དེང་སང་གི་འཕྲུལ་ཆས་ཀྱིས་མཐོང་ཐུབ་ན་ཆོག་མོད།མཐོང་བའི་གནས་ཚུལ་ཞིག་ཐོས་མ་སོང་།དེ་མིན་དེང་སང་གི་ཚན་རིག་པ་ཚོར་གསར་བ་རེ་མཐོང་ན་འཛམ་གླིང་སྟེང་མངོན་སུམ་དོད་པོས་སྟོན་པ་ལ་ཐེ་ཚོམ་མེད་པ་ཞིག་རེད་འདོད། ཡིན་ཡང་གོང་གི་བན་དེ་ལགས་ཀྱིས་གསུངས་གསལ་ལ་ཨ་རི་དང་ཨུ་རི་སུའི་ཚན་རིག་པ་སྐོར་ཞིག་གིས་ས་འོག་ནས་ངུ་སྐད་མང་པོ་ཐོས་པ་ཞིག་བཤད་འདུག་མོད།དེ་ལྟར་ཡིན་ཚེ་སློབ་དཔོན་དབྱིག་གཉེན་གྱིས་ངོས་འཛིན་གནང་བའི་དམྱལ་བའི་གནས་ཞིག་ཡོད་པར་སྙམ།
མི་བསྲུན་བརླང་པོར་སྤྱོད་པའི་སྐྱེ་བོ་ལ། །
མགོ་བོ་གཅོད་པའི་ཁྲིམས་ལུགས་མ་མཛད་ནས། །
སྙིང་རྗེའི་ལམ་ནས་ཚུལ་དེ་ལྡོག་པ་ལ། །
དམྱལ་བའི་སྡུག་བསྔལ་བསྟན་ལས་ཐབས་གཞན་ཅི།
དགེ་ཆོས་ཀྱི་གསུང་།
ངས་དྲན་པ་ཅིག་ལ། གཟུགས་མེད་དངོས་གཞི་ཐོབ་པའི་དྲང་སྲོང་ཅིག རྒྱ་གར་ཤིང་སྡོང་གཅིག་གི་འོག་ལ་སྐུ་གྲོངས་པ་ཡིན་ན། སྐུ་གྲོངས་ས་ད་ག་རང་ལ་ལྷ་གནས་དེ་ཉིད་གྲུབ་པ་ལས་རྣམ་ཤེས་ཐག་རིང་དུ་འགྲོ་མི་དགོས་པར་གསུངས་ཡོད་པར་དྲན། དེས་ན་ཤིང་སྡོང་དེའི་འོག་ལ་མི་དང་དུད་འགྲོ་དང་། ལྷ་གསུམ་ག་གནས་ཐུབ་པར་མཚོན།
རྒན་ཀརྡོ་ལགས།དེ་ལྟར་ཡིན་ཚེ།དག་པའི་ཞིང་ཁམས་དང་དམྱལ་བ་གཉིས་གང་ཡིན་ཡང་།བདེ་སྡུག་མྱོང་མཁན་གྱི་གང་ཟག་དེའི་སེམས་ངོར་སྣང་བ་ཞིག་ལས་ཞིང་ཁམས་གཞན་མེད་པ་རེད་དམ། དེ་ལྟར་ཡིན་དུས་ངའི་དོགས་སློང་དེ་འགྲིག་པ་རེད་དམ།སློབ་དཔོན་དབྱིག་གཉེན་གྱིས་དཔག་ཚད་ལྔ་བརྒྱའི་འོག་ཏུ་ཡོད་ཟེར་བའི་གསུངས་དེ་ཐེག་དམན་གྱི་གཏམ་ཁོ་ན་ལས་ཚད་མར་མི་འཛིན་པ་ཤེས་གལ་ཆེ། ཡིན་ཡང་ད་རུང་དོགས་སློང་ཆེན་པོ་ཞིག་ཡོད་པ་ནི། དག་པའི་ཞིང་ཁམས་དེ་ཡང་ལས་སྣང་དག་པའི་མི་ཡི་སེམས་ངོར་སྣང་བ་ཞིག་ཨེ་རེད། དེ་ལྟར་ཡིན་ཚེ།་དོགས་སློང་རིམ་པ་མང་པོ་ཞིག་སླེབས་ཡོང་བས་རིམ་གྱིས་གླེང་ཆོག
ནམ་མཁའ་ལགས།
མདོར་བསྡུས་ནས་བཤད་ན། ངས་བྱས་ན། ཞིང་ཁམས་དང་དམྱལ་ཁམས་ཞེས་པ་ཡངས་ཤིང་རྒྱ་ཆེ་བ་ཡོད་ཆོག་ཀྱང་། དེ་དག་ལ་ང་ཚོ་མི་རང་ག་བ་དང་། ཚན་རིག་པས་རྟག་དཔྱད་སླེབས་ཐུབ་ས་ཅིག་ལ་ངས་མི་འདོད་ལགས།
རྒན་ཀརྡོ་ལགས། ང་ཚོ་མི་ཕལ་བ་ལ་སྣང་མི་ཐུབ་པ་གསལ་བོར་རེད།ངས་ཤེས་འདོད་པ་ནི།དམྱལ་བའི་སྡུག་བསྔལ་མྱོང་མཁན་དེའི་་སེམས་ངོར་གཤིན་རྗེ་ལས་མཁན་དག་སྣང་གི་རེད་དམ་ཟེར་བ་དེ་ངའི་དྲི་བ་གཙོ་བོ་དེ་རེད། དེ་བཞིན་དེའི་ལྡོག་ཕྱོགས་ནས་བསམ་བློ་བཏང་ན་དག་པའི་ཞིང་ཁམས་དེ་ཡང་ལས་སྣང་དག་པའི་གང་ཟག་དེའི་སེམས་ངོར་སྣང་བ་ཙམ་ཞིག་ཡིན་ནམ།ཡང་ན་དག་པའི་ཞིང་ཁམས་ཞེས་གཞུང་ལུགས་ཁ་ཤས་སུ་གསུངས་པ་བཞིན་ནུབ་ཀྱི་ཕྱོགས་རོལ་ཞིག་ན་ཡོད་པ་རེད།འདི་གཉིས་ཡིན་ལགས།
སྤྱིར་ཡི་དྭགས་ལ་མགྲིན་པ་ཕྲ་བ་ལྷོ་བ་ཆེ་བ་སོགས་གསུངས་ཡོད་ཀྱང་། ང་ཚོ་ལ་ལྟོས་ནས་གཟུགས་མེད་ཅིག་ཡིན་པས། བཀྲེས་སྐོམ་གྱི་སྡུག་བསྔལ་ག་འདྲ་སེ་འོངམ་ངམ་སྙམ་དགོས་པ་ལྟར།
དམྱལ་བའི་མེ་དང་འཁྱགས་རོམ་ཀྱང་མི་དང་དུད་འགྲོ་གཉིས་ལ་སྣང་དུ་མེད་པས། ང་ཚོའི་མཐོང་ཆོས་སུ་ཡོད་པའི་འཁྱགས་རོམ་དང་མེ་རི་རྣམས་ལ་དམྱལ་བ་བཙལ་བ་ནི། ཅུང་རགས་དྲགས་པ་རེད་སྙམ་ལགས།
གང་ཟག་གཅིག་གི་སྣང་ངོར་གྲུབ་པ་དང་། ཐུན་མོང་དུ་ནུབ་ཕྱོགས་ལྟ་བུ་ལ་ཕྱོགས་གཅིག་ཏུ་ཡོད་ཡོད་པ་གཉིས་ཀ་ཡོད་དགོས་སྙམ། དཔེར་ན་ལྷ་ལ་མཚོན་ན། ལྷ་གནས་དང་པོ་བརྒྱ་བྱིན་རིགས་བཞི། དེ་ནས་ཡར་སུམ་རྩ་གཉིས། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། འཐབ་བྲལ་བཅས་འདོད་ལྷ་རིགས་དྲུག་དང་། དེ་ནས་ཡར་གཟུགས་ཁམས་ཚངས་རིས་སོགས་ཡོད་པར་གསུངས་བཞིན་ནོ།
རྒན་ཀརྡོ་ལགས། ཡི་དྭགས་དང་ཚ་གྲང་གང་མྱོང་མཁན་གྱི་དམྱལ་བ་པ་དག་ངེས་བར་དུ་མེ་དང་འཁྱགས་རོམ་ནང་ཡོད་དགོས་བ་ཞིག་མ་ཡིན་པར་སེམས་ངོར་སྣང་ཚུལ་ལས་གཞན་ཨེ་ཡོད། ཡི་དྭགས་དང་ངན་སོང་གི་སྲོག་ཅན་རྣམས་གཟུགས་མེད་མ་ཡིན་པར་གཟུགས་ཕྲ་མོ་ཡིན་པ་རེད་སྙམ། ངས་བཤད་འདོད་པ་གཙོ་བོ་སློབ་དཔོན་དབྱིག་གཉེན་གྱིས་གསུངས་བའི་དམྱལ་བའི་གནས་དཔག་ཚད་ཀྱི་གྲངས་བཤད་ནས་ངོས་འཛིན་བྱས་བ་དེ་ཐེ་ཚོམ་རེད་སྙམ་པ་ཡིན། དེང་སང་འཕྲུལ་ཆས་ཀྱི་ལམ་ནས་རྡུལ་ཕྲན་ཕྲ་མོ་མཐོང་ཐུབ་ཀྱི་ཡོད་པ་བཞིན་ཡི་དྭགས་ལྟ་བུ་གཟུགས་ཅན་ཕྲ་མོ་དེའི་གཟུགས་ཙམ་མཐོང་ཐུབ་ན་འགྲིག་སྙམ། དེ་མིན་ཁོང་ཚོའི་སེམས་ཀྱི་སྡུག་བསྔལ་ག་རེ་མྱོང་གི་ཡོད་མེད་མཐོང་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ནི་བདེ་སྡུག་གང་མྱོང་བ་ཤེས་བའི་མྱོང་བ་ཞིག་ཡིན་ནོ།
ལགས་རེད། དམྱལ་གཟུགས་ཕྲ་མོ་དེས། མེ་གཟུགས་ཀྱང་ཕྲ་མོ་གཅིག་ལ། ལས་དབང་གིས་སྡུག་བསྔལ་ཤིན་ཏུ་ཆེ་བ་ཅིག་ལ་འདོད་དགོས་འདུག
སློབ་དཔོན་དབྱིག་གཉེན་གྱིས་གསུངས་བའི་དམྱལ་བའི་གནས་དཔག་ཚད་ཀྱི་གྲངས་བཤད་ནས་ངོས་འཛིན་བྱས་པ་་དེ་བདེན་ན་ཡང་། ཚན་རིག་གི་འཕྲུལ་ཆས་དེ་རུ་སླེབས་དུས། གཤེན་རྗེ་ང་ཚོའི་མིག་གིས་མཐོང་དུ་མེད་པ་འདོད་ཟིན་པས་དེ་གས་འཐུས་པ་རེད།
གོང་གི་ལྷ་གནས་འཕྲུལ་དགས་སྤྲུལ་པའི་སྐྱེ་ཚལ། དེའི་གོང་མ་གཞན་འཕྲུལ་དབང་བྱེད་ཀྱིས་བེད་སྤྱད་ཐུབ་ལ། གོང་མའི་སྤྲུལ་པ་དག འོག་མས་བེད་སྤྱད་མི་ཐུབ་པ་དང་། དྲུག་པ་འཐབ་བྲལ་ཡང་། དེར་ལྷ་མ་ཡིན་དམག་འཁྲུགས་ཀྱིས་འཐབ་པ་དང་བྲལ་བས་འཐབ་བྲལ་ཞེས་སྒྲ་བཤད་ཀྱང་གསུངས་ཡོད་པས། ལྷ་ཡུལ་ལ་ཕྱོགས་དང་མཚམས་ཞིག་ཡོད་པ་དེས་ཤེས་ཐུབ་པ་འདུག
ངའི་མ་རྩོམ་ནང་བྲིས་བའི་ལྷོ་ཀོ་རི་ཡ་ཡི་ཟས་རིགས་ལོང་སྤྱོད་ཀྱི་དངོས་བཤུས་གློག་བརྙན་དེའི་ནང་གི་ཆུ་སྤྲུལ་ལྟ་བུ་དེའི་སེམས་ངོར་ཉ་རིགས་དེ་ལོང་སྤྱོད་མཁན་དེ་མི་སྡིག་ཅན་གཤིན་རྗེ་ལྟ་བུ་ཞིག་གི་སྣང་ཐུབ་བམ།སྤྱོད་འཇུག་ལས་གསུངས་པ་ལྟར་ན་དེ་སྣང་ཆོག་པ་ཞིག་རེད་འདོད། གཞན་དགའ་ལྡན་དང་འཕྲུལ་དགའ་ལ་སོགས་ཀྱི་གནས་དེ་འཇིག་རྟེན་འདིར་མེད་པར་འཇིག་རྟེན་ཞིག་ལ་ངོས་འཛིན་བྱེད།
ལག་པས་སྙིང་ཀ་ལ་ག་ལེར་བྱིལ་བྱིལ་ཞིག་བྱོས་དང་། དམྱལ་བ་ཟེར་བ་དེ་དེ་ན་མེད་འགྲོ།
ཤེས་རྒྱམ།ཁྱེད་ཀྱི་སྙིང་ཁ་ན་དམྱལ་བ་དང་དག་ཞིང་གཉིས་ཀ་ཡོད་ཀྱི་རེད།ཁྱོས་ག་ལེར་བྱིལ་བྱིལ་བྱོས་དང་།ཚ་གྲང་གཉིས་འཛོམས་ཡིན་ས་རེད།ཧཧཧརྩེད་མོ་ཡིན་ད། འདིའི་རིགས་ཤེས་འདོད་ཧ་ཅང་ཆེ།དཔྱད་པ་ཞིབ་མོ་བྱས་ན་ཀློག་འདོད་ཡོད།
བན་དེས་གུ་གལ་གྱི་ཁ་བྱང་སྤྲོད་རོགས།
དམྱལ་བ་ཞེས་པ་དེ་ང་སྡོད་སའི་ལ་དྭགས་ཀྱི་ཡུལ་དང་། ཁྱེད་རང་སྡོད་སའི་ཁྱེད་རང་གི་ཡུལ་ལྟ་བུ་ཞིག་ལ་དངོས་འཛིན་རྒྱུ་ཞིག་མེད་པ་ཡིན། དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཞིག་སྟེ། སེམས་ཅན་སོ་སོའི་ལས་ངན་བག་ཆགས་ལྕི་ཡང་ལས་འབྲས་བུ་ཡང་དེ་དང་མཐུན་པ་ཞིག་སེམས་ཁམས་སུ་མྱང་དགོས་པ་ཞིག་ཡིན། དཔེར་ན་མི་ཡི་ནང་དུ་ཡང་དམྱལ་བ་ཅན་གྱི་མི་མང་སྟེ། ཉིན་ཞག་གཟའ་ཟླ་བ་སོགས་དུས་མང་ལྟོ་མ་བརྙེད་པར་ལྟོགས་ཤི་རྒྱག་མཁན་མང་པོ་མཐོང་ཐུབ། དེ་ཚོ་ཡང་ཡི་དྭགས་ཀྱི་རིགས་ཤིག་སྟེ།
དམྱལ་བ་ཡོད་མེད་དང་ ཞིང་ཁམས་ཡོད་མེད་སྐཽར་ལ་ བརྟགས་དཔྱད་བགྱིད་པ་ནི་ཤིན་ཏུ་ནས་ཀྱང་ ཡག་པོ་ཞིག་ཨིན་པར་བསམ། ཅི་ཞེ་ན་ དམྱལ་བ་རང་གིས་མ་མཐོང་ཡང་། རྒྱུ་མཚན་མང་པོ་ཞིག་བཀའ་དང་བསྟན་བཅོས་ལས་ཡོད་པར་གསུངས་པ་ལ་བརྟེན་ནས་ མིའི་བློ་ལ་བཞེད་སྣང་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་ཡོད་པ་དང་། གལ་ཏེ་ ལས་ཚབས་ཆེན་བསགས་ན་ མ་འོངས་པར་དམྱལ་བའི་ནང་དུ་ལྷུང་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ངོ་སྙམ།
དེ་བཞིན་དུ་ མི་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགྲོ་དགོས་བསམ་ནས་ གནས་སྐབས་ཀྱི་བདེ་བ་མྱོང་ཡག་སོགས་དོར་ཏེ་ ཤི་ལ་མ་ཤིའི་ཚོགས་ཆེན་བསགས་པ་ལ་བྲེལ་ནས་ སངས་རྒྱས་ཀྱི་གོ་འཕང་འཐོབ་ན་སྙམ་སྟེ་ཡོད། དེར་བརྟེན་ ཞིང་ཁམས་མིག་གིས་མ་མཐོང་ཡང་ ཞིང་ཁམས་ཞིག་ལ་འགྲོ་དགོས་བསམ་སྟེ་ ཟས་གོས་དང་གནས་མལ་གྱ་ནོམ་པ་སོགས་སྤངས་སྟེ་ དེའི་ཆེད་དུ་ དཀའ་བ་སྤྱད་ནས་ མཐར་སངས་རྒྱས་ཀྱི་གོ་འཕང་ཞིག་ལ་མ་སླེབ་ན་ སྡུག་གྱོང་ཁྱེར་དགོས་རེད་བསམ། །
དེ་ཡང་ཁོ་བོས་ སྤྱིར་བཀའ་དང་བསྟན་བཅོས་སོགས་ལས་ རྡོ་རྗེ་གདན་གྱི་འོག་ལུ་དམྱལ་བ་ཡོད་པར་གསུངས་པ་དང་ དེ་བཞིན་དུ་སྤྱོད་འཇུག་སོགས་སུ་ དམྱལ་བ་སོགས་གནས་མ་ངེས་པ་ལྟར་ གསུངས་པ་སོགས་ འགྲེལ་ཚུལ་མི་འདྲ་བ་ཡོད་པ་དང་། རང་གིས་ཆུ་འབུར་གྱི་མིག་གིས་ཀྱང་མ་མཐོང་། གཞན་གྱིས་གསུངས་པ་ཡང་ལོ་རྒྱུས་ཀྱི་རྗེས་སུ་འཇུག་པ་ལས་མངོན་གསུམ་དུ་མཐོང་མཁན་ཡོད་མེད་ཆ་མེད།
གལ་ཏེ་ཡོད་ན་ སྤྱི་མཐུན་དུ་མཐོང་བ་ཡོད་མེད་མ་ཤེས།
སྤྱོད་འཇུག་ལས།
མོ་ཚོགས་དེ་དག་ཅི་ལས་བྱུང་།།
འདི་རྒྱ་གར་ལེགས་སྦྱར་གྱི་ཁུངས་ཅིག་དང་མཐུན་ཤས་ཆེ་ལ།
མེ་ཚོགས་དེ་དག་ཅི་ལས་བྱུང་། །ཞེས་པ་འདི་བོད་ཀྱི་བླ་མས་འགྲེལ་ཚུལ་ཞིག་ཀྱང་རེད་འདུག་གོ། །།
ཀུན་འབྱུང་གིས་བསྐྱེད་སྡུག་བསྔལ་གསུམ་པོ་ཡིས། །ཡང་ཡང་གདུང་ཞིང་མུ་མེད་འཕྱན་བཞིན་པའི། །ཉམས་ཐག་སེམས་ཅན་ཀུན་གྱི་ལུས་སེམས་གཉིས། །དམྱལ་བ་ཞེས་བྱ་ཐར་ན་ཞིང་ཁམས་སོ། །ཧཧཧ
དམྱལ་བའི་སྡུག་བསྔལ་མཐར་པའི་ཞིང་ཁམས་འཁོར་བའི་ཉེས་དམིགས་དེ་གསུམ་ནམ་ཡང་ཁ་བྲལ་ཐབས་མེད་པའི་འཇིག་རྟེན་མི་གི་མི་ཚེའི་ནང་བཅུད་ལེན་ཐུབ་པའི་ཤེས་བྱ་ཞིག་མ་རེད་དམ་།
མིའི་སེམས་དགེ་བ་ལ་བསྐུལ་བ་དང་། སྡིག་ལས་འགོག་ཐུབ་སོང་ན། སྐྱག་རྫུན་ཡིན་ཡང་ཆོག་ལ། མི་དགེ་བའི་ལས་ལམ་ལ་འཇུག་པའི་ཆེད་ཡིན་བདེན་པ་ཡིན་ན་ཡང་སྤང་དགོས་པ་དེ་དམ་པའི་ཆོས་ཀྱི་ཉིང་དགོས་རེད། དཔེར་ན་སྔོན་བྱོན་དམ་པ་ཚོས་མཛད་པའི་རྟོག་བརྗོད་དང་། སྒྲུང་ནང་བཞིན་རེད། སྒྲུང་དེའི་ནང་གི་མི་སྣ་ཚོའི་ཀུན་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་སུ་ཤུགས་རྐྱེན་ཧ་ཅང་གི་ཆེན་པོ་འཐེབ་ཡོད། དགེ་རྒྱལ་དང་སྡིག་རྒྱལ་གཉིས་ཀྱིས་འབངས་མི་སེར་ལ་ཕན་བདེ་བསྐྲུན་མིན་ལ་ལྟོས་ཏེ་སྤང་བླང་གི་གནས་ལ་ཞུགས་པ་ལྟ་བུའོ། །
ང་ཚོའི་སྒོ་ལྔའི་ཤེས་པའི་ཡུལ་དུ་མ་གྱུར་བ་ཙམ་གྱིས་མེད་པར་ཐག་མི་ཆོད་ལ། ཡོད་པར་སྣང་ན་ཡང་ཡོད་ངེས་སུ་ཅེས་ཀྱང་དཀའ་བར་སྣང་ངོ་། །
ལྷ་ཡུལ་གོམ་པ་སྤོས་འདོད་ང་རྒྱལ་རྟགས། །
དམྱལ་བ་ལྟད་མོ་ལྟ་འདོད་ལས་མེད་རྟགས། །
མངོན་འགྱུར་བདེ་བར་མི་མཐོང་རྣམ་སྨིན་རྟགས། །
ལྐོག་འགྱུར་ཡོད་པར་མི་འདོད་བླུན་པོའི་རྟགས། །
ཁྱེད་རྣམ་པས་དམྱལ་བའི་སྐོར་ལ་དོགས་སློང་ཧ་ཅང་ཡག་པོ་གནང་འདུག་པ་ཐུག་རྗེ་ཆེའོ།།
ལྷན་རྒྱས་ཀྱིས་དམྱལ་བའི་གནས་ངེས་བཟུང་སྐོར་ལ་དོགས་སློང་ཧ་ཅང་ལེགས་པོ་གནང་འདུག་པས་ཐུགས་རྗེ་ཆེའོ།
གོང་གསལ་ཁྱེད་རྣམ་པས་དོགས་དཔྱོད་ཀྱི་གནས་ཤིག་ནི་སྤྱོད་འཇུག་གི་་་་མོ་ཚོགས་དེ་དག་ཅི་ལས་བྱུང་།། ཞེས་པ་འདི་ཡིན་ལ་་་་འདི་ནི་ལེགས་སྦྱར་དང་མཐུན་ཏེ།
शस्त्राणि केन नरके घटितानि प्रयत्नतः।
तपितायःकुट्टिमं केन कुतो जाताश्च ताः स्त्रियः ।।
ཞེས་བྱུང་བའི་་་སྟྲིཡཿ ཞེས་པའི་ཚིག་འདི་བུ་མོ་ཞེས་པའི་མང་ཚིག་གོ
དེས་ན་མོ་ཚོགས་ཤེས་སྦྱར་ན་ལེགས་སམ་སྙམ།
དེ་མིན་མེ་ཚོགས་ཤེས་སྦྱར་ན་དོན་ལ་གོ་རྒྱུ་འདུག་ཀྱང་རྩ་བ་དང་མི་འབྲེལ་བས་རེ་ཞིག་འཇོག་ན་ལེགས་སམ་སྙམ་མོ།། དེ་མིན་་་སྟྲི་་་ཞེས་པའི་སྒྲ་མེ་ལ་འཇུག་པའི་སྐབས་རྩ་བ་ནས་མེད་དོ།།
དམྱལ་བར་རྫུ་འཕྲུལ་གྱིས་ཕེབས་མཁན་ཡོད་པ། མང་པོ་གསུངས་ཡོད་ཀྱང་། དེ་ནི་རྫུ་འཕྲུལ་སྟོན་མཁན་དང་བསྟན་ས་གཉིས་ལས་སུས་ཤེས། ཡང་། སྔར་བོད་ཀྱི་ཁ་རྒྱུན་ཆོས་ལུགས་འགའི་འདས་ལོག་ཅེས་པ་ཞིག་འདུག་ཅིང་། འདས་ལོག་གིས་དམྱལ་ཡུལ་འགྲིམས་ནས་བརྡ་འཕྲིན་ཁྱེར་འོངས་བའི་ལོ་རྒྱུས། དཔེར་ན། མོའི་གོལ་བུས་རྫུ་འཕྲུལ་གྱིས། དམྱལ་བའི་ཡུལ་ནས་ཕེབས་སླར་མི་ཡུལ་དུ་བརྡ་འཕྲིན་བསྣམས་འོངས་པའི་ལོ་རྒྱུས་ཀྱང་ཡོད་རེད། འདིའི་རིགས་ལ་ཞིབ་འཇུག་སླར་ཡང་བྱེད་དགོས་པ་མང་ངོ་།།
རྩོམ་ཨ་མ་ཞིབ་ཀློག་བྱེད་མ་ཐུབ། མཆན་བུ་རྣམས་ལ་ལྟོས་ཏེ་ཅུང་ཟད་འབྲི་ན། རང་རེའི་མིག་གིས་ཐག་ཉེའི་དངོས་པོ་མཐོང་ཐུབ་པ་ལས་དངོས་མེད་མཐོང་མི་ཐུབ། ཐག་ཉེའི་དངོས་པོ་མཐོང་བ་དེ་ཡང་ཉི་མ་སོགས་ཀྱི་འོད་ཀྱི་མཐུན་རྐྱེན་ལ་བརྟེན་ཏེ་མཐོང་ཐུབ་པ་ལས་མུན་པར་རང་གར་མཐོང་མི་ཐུབ་པས་གཞན་དབང་སྟབས་བསྟུན་ཅན་རེད། ང་ཚོས་ངན་འགྲོའི་ནང་ནས་དུད་འགྲོ་མཐོང་ཐུབ་པ་ནི། དུད་འགྲོ་གཟུགས་ཅན་ཡིན་པས་སོ། ང་ཚོའི་མིག་གིས་མཐོང་མི་ཐུབ་པ་ནི་དམྱལ་བ་དང་། ལྷ་དང་ལྷ་མིན་སོགས་ཡིན། འཕགས་པ་རྣམས་ཀྱིས་དམྱལ་པ་སོགས་གཟིགས་པ་ཡང་། ཡིད་ཀྱིས་གཟིགས་པ་ལས་སྤྱན་གྱི་དབང་པོས་གཟིགས་པ་ག་ལ་ཡིན། འཕགས་པ་རྣམས་ལ་ཡེ་ཤེས་ཀྱི་སྤྱན་མངའ་ཟེར་བས་ཀྱང་གོ། རང་རེས་ཀྱང་དེ་སྔ་མིག་གིས་མཐོང་མྱོང་བའི་ཐག་རིང་གི་ཡུལ་སོགས་དངོས་པོ་ཕལ་ཆེ་བ་ད་ལྟ་ཡིད་ཀྱིས་ཁྲ་ལྷམ་མེར་མཐོང་ཐུབ་པ་འདི་དག་ལ་གཞིགས་ན། ཡིད་འདི་ལ་སློབ་སྦྱོང་མང་ཙམ་སྤྲད་ན་དེ་བས་མང་ཙམ་མཐོང་ཐུབ་རྒྱུ་ཡིན་པ་རིགས་པས་གྲུབ། ཁྱེད་རྣམ་པ་དམྱལ་བ་གཟིགས་འདོད་ན་དམྱལ་བ་སྤྱན་གྱིས་གཟིགས་རྒྱུ་མིན་པར་ཡིད་ཀྱིས་གཟིགས་དགོས། ཡིད་ཀྱིས་གཟིགས་པ་ལ་ཡིད་ཀྱི་དྲི་མ་བསལ་དགོས། ཡིད་ཀྱི་དྲི་མ་བསལ་བ་ལ་རྣམ་རྟོག་སྤངས་ཏེ་ཞི་བར་གནས་དགོས། ཞི་གནས་ལ་ཤིན་ཏུ་བྱང་ནས་བརྟན་པ་ཐོབ་ན་དམྱལ་བ་ཙམ་མ་ཟད། གཞན་ཡང་ཁྱད་མཚར་པོ་དེ་འདྲ་མང་པོ་གཟིགས་ཐུབ། ཞི་གནས་མ་ཐོབ་བར་དམྱལ་བ་གཏན་ལ་འབེབས་དགོངས་ན་མ་རིག་པས་རྒྱུ་བྱས། སྡིག་པས་དབང་བྱས། རྣམ་རྟོག་གིས་རྐྱེན་བྱས་འབྲས་བུ་དམྱལ་བ་གཟིམས་ཁྲིའི་འོག་ག་ཤེད་དུ་གཏན་ལ་མི་ཕེབས་པའི་ངེས་པ་ག་ལ་ཡོད། ་་་་་་་འདི་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས།།ཞེས་པར་ཡིད་ཆེས་ན་དམྱལ་བ་འཚོལ་བའི་ངལ་བ་དེ་ཙམ་བྱ་མི་དགོས་སྙམ་མོ།།
་་་་་་་་་་་་་་་་་་ ང་ཚོའི་མིག་གིས་མཐོང་མི་ཐུབ་པ་ནི་དམྱལ་བ་དང་། ལྷ་དང་ལྷ་མིན་སོགས་ཡིན། འཕགས་པ་རྣམས་ཀྱིས་དམྱལ་པ་སོགས་གཟིགས་པ་ཡང་། ཡིད་ཀྱིས་གཟིགས་པ་ལས་སྤྱན་གྱི་དབང་པོས་གཟིགས་པ་ག་ལ་ཡིན། འཕགས་པ་རྣམས་ལ་ཡེ་ཤེས་ཀྱི་སྤྱན་མངའ་ཟེར་བས་ཀྱང་གོ། ་་་་་་་་་་་་་་་་
ཁྱོད་ལ་སུ་ཞིག་གིས་དམྱལ་བ་འཚོལ་བའི་བཀའ་ཆད་ཕོག་སོང་། དོགས་སློང་དགོས་བའི་རྨོངས་འཆར་འཁོར་སོང་།
ཁྱོད་ཀྱི་དོགས་སློངས་དོན་དུ་གནས་ན། ཁྱོད་ཀྱིས་སྦྱིན་བདག་བྱོས་དང་། ངས་དཔག་ཚད་ཇི་ཙམ་དུ་སྐོ་དགོས་ན་ཡང་ཁྱོད་ཀྱི་ནོམ་པའི་འདང་ཚོད་ཀྱིས་སྐོ་དགོས། དེ་ནས་ཁྱོད་གཅིག་པོས་དམྱལ་བ་ཡོད་མེད་རིག་ནི་རེད།
ང་ཡང་ཕྱུག་པོར་ཆགས་ཡོད་ནི། འདོད་དོན་གཉིས་འགྲུབ་རེད།
དེ་མིན་ན། ཁྱོས་ཤི་ཡུལ་ནས་ང་ཚོ་ལ་སྐུར་ཡིག་གིས་གསལ་ཁ་འདོན་རྒྱུ་ལས་གཞན་ང་ཚོ་ནི་དེ་བཞིན་གཤེགས་པ་མིན་པས། དེ་བཞིན་གཤེགས་པ་ལ་ཡིད་གཉིས་ཐེ་ཚོམས་མེད་པར་བསྡད་ཡོད་དོ།
ལས་འབྲས་ལ་ཡིད་ཆེས་མཁན་ཞིག་ཡིན་ན་ནི། རང་ཅག་རྣམས་མིར་སྐྱེ་བའི་ལས་བསགས་པས་འཇིག་རྟེན་འདིར་སྐྱེས་པ་བཞིན་དམྱལ་བར་སྐྱེ་བའི་ལས་བསགས་པ་རྣམས་ལ་དམྱལ་བའི་འཇིག་རྟེན་དང་། ལྷ་དང་ལྷ་མིན་ཀླུ་དང་བཅས་པར་སྐྱེ་བའི་ལས་བསགས་པ་རྣམས་ལ་དེ་དང་དེའི་ལས་སྣང་གི་འཇིག་རྟེན་ཞིག་ལོས་ཡོད་ཆོག མི་ལ་ཡང་གཟུགས་སྟོབས་དང་། དབང་པོའི་ནུས་པ་འདྲ་མིན་ཡོད་པས་རང་རེའི་གཟུགས་སྟོབས་དང་། དབང་པོའི་ནུས་པ་ལས་ལྷག་པའི་མི་རྣམས་ལ་དེ་དང་འཚམས་པའི་འཇིག་རྟེན་ཞིག་ལོས་ཡོད་ཆོག་པས་དེ་དང་དེར་མ་སྐྱེས་བར་དེ་དག་གི་ལས་སྣང་རྣམས་ང་ཚོར་མི་སྣང་བས་གླིང་གཞན་རྣམས་དང་རི་རབ་སོགས་མི་འདུག་མི་གསུངས་པར་ཞུ།