དོལ་སྨྱོན།
རྒན་མོ་ཚོའི་རྨོངས་སྤུ་རབ་ཏུ་འཛིངས་པ་
ལྟ་བུའི་བལ་ཡུལ།
མཛེས་མ་ཚོའི་ཟླ་མཚན་ས་ལ་བྱེར་བ་
ལྟ་བུའི་བལ་ཡུལ།
སྟག་ཤར་ཚོའི་ཁུ་བ་གནམ་ལ་འཐོར་བ་
ལྟ་བུའི་བལ་ཡུལ།
བྱིས་པ་ཚོའི་གཅིན་སྐྱག་འཕོངས་སུ་རུལ་བ་
ལྟ་བུའི་བལ་ཡུལ།
ད་ལྟ་སྙོམས་དུང་བའི་ང་ཡི་རྣམ་ཤེས་
དེ་ཡང་།
དེ་དག་གི་ཀློང་དུ་རུལ་ནས་ཡོད།
3,12,2013
སྐོར་ལམ་ནས།
གནས་ཀྱི་གཟི་བྱིན་དག་མཇལ་དུས།
དད་པ་དབང་མེད་དུ་སྐྱེ་འོང་།
རྒན་པོ་རྒན་མོ་དག་རིག་དུས།
མི་རྟག་པའི་འདུ་ཤེས་རེ་འཆར་འོང་།
སྤྲང་པོ་ལྟོ་སློང་དག་མཐོང་དུས།
སྙིང་རྗེ་བཅོས་མ་རེ་སྐྱེ་འོང་།
མཛེས་མའི་འཕོངས་ཚོས་དག་རིག་དུས། ཁ་ནས་འགྲམ་ཆུ་རེ་ལྡང་འོང་།
3,12,2013 ཉིན་འཕགས་ཤིང་དབུ་རྩེ་ནས།
འབྱོར་ལྡན་ཚོང་པ་མཐོང་དུས་ཡིད་སྨོན་སྐྱེ། །
ཁྲིམས་འཆལ་དགེ་སྦྱོང་ཕྲད་ཚེ་སུན་འབྱིན་སྐྱེ། །
འདོད་ལྡན་བཙུན་མ་མཇལ་ཚེ་ལུང་ཟུངས་ཉམས། །
དབང་པོ་སྐྱོན་ཅན་ཐོགས་ཚེ་སྤུ་སུད་སྐྱེ། །