ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
མཆོག་གསུམ་རྒྱལ་བ་སྲས་དང་བཅས་པར་འདུད། །
མ་རིག་ལས་ཀྱིས་མནར་བའི་འགྲོ་རྣམས་ལ། །
ཐབས་ཤེས་རིག་པའི་སྒྲོན་མེ་ལེགས་སྦར་ནས། །
བཟང་ངན་མཁྱེན་པའི་ཡེ་ཤེས་མྱུར་ཐོབ་ཤོག །
གདོང་དེབ་གྲོགས་པོ་ཕྱི་གསལ་ནང་གསལ་དང་། །
གཟུར་གནས་བློ་ལྡན་དོན་གཉེར་ཚོགས་ཀུན་གསོན། །
མེ་དང་དུ་བས་ཕན་གནོད་མདོར་བསྡུས་ཞིག །
རང་སྣང་གང་ཤར་རིགས་པའི་ལས་ནས་སྤྲོ། །
དུ་བས་མ་རིག་རྒྱས་ཤིང་དབང་རྩ་ལྐུགས།།
འོན་ཀྱང་བསང་གིས་མནོལ་དག་དགོས་པ་ཡོད། །
དངས་འདོད་ཡིད་ཆེས་གཙང་མ་དེ་ཡིན་ན། །
ད་ནས་བཟུང་སྟེ་དུ་ངན་སྤོངས་མཛོད་དང་། །
སྒོ་གསུམ་ཐབས་ཤེས་ཡོན་ཏན་ངང་གིས་འཕེལ། །
བདེན་བཟང་གྲོགས་ཀྱི་ཚིག་འདི་མ་བརྗེད་དང་། །
ལུས་བདེ་སེམས་ཀྱི་བདེ་སྐྱིད་རིང་དུ་འཚོ། །
ཅི་ནུས་གྱིས་ཞིག་ཕྱི་གསལ་ནང་གསལ་ལེགས། །
ཀ་དག་རང་ངོ་ཁྲོད་ན་ཡང་། །
ཁ་སྣ་དུ་བས་ས་ལམ་སྒྲིབ། །
ག་ས་གང་ནས་མི་འདོད་འབྱུང་། །
ང་ཡི་གྲོགས་པོས་མྱུར་སྤོངས་མཛོད། །
ཅ་ཅོའི་གཏམ་ངན་འདི་ཡིས་རྡོལ། །
ཆ་ལུགས་ངན་ཞིང་བསེ་དྲི་བྲོ། །
ཇ་ཆང་ཟས་ལས་སྲེད་ཆེ་བས། །
ཉལ་ཐ་དུ་རིགས་སྤོངས་བར་མཛོད། །
ཏ་ཐྰ་ག་ཏའི་རང་ལུགས་ལས། །
ཐ་མ་ཁ་འདི་ཤིན་ཏུ་སྨད། །
ད་ལྟའི་ཚན་རིག་དངོས་སྨྲ་བས། །
ན་ཚའི་གནོད་པར་དངོས་སུ་བསྟན། །
པ་ལོ་དཀར་པོ་འདི་ཡིས་བཟོ། །
ཕ་རོལ་ནད་ངན་འདི་ཡིས་བསྐྱེད། །
བ་ལུ་ལ་སོགས་དྲི་ཞིམ་རིགས། །
མ་ལུས་ཕན་ནུས་མེད་པར་བྱེད། །
ཙ་ར་མེད་པར་མངོན་འཐེན་ན། །
ཚ་གྲང་ནད་ངན་མི་འདོད་རིགས། །
ཛ་དྲག་གནོད་པ་བསམ་མི་ཁྱབ། །
ཝ་ལེར་རྩ་རྒྱུས་དུ་བས་བརྫེད། །
ཞ་ལོང་འོན་ལྐུགས་འགྱུར་བ་དང་། །
ཟ་མ་ངན་ལས་སྲེད་པ་འཕེལ། །
འ་ཅག་མི་ལུས་ཐོབ་པའི་དྲིན། །
ཡ་རབ་གནས་ལ་འབད་ཅིག་ཨང་། །
རྭ་སྒམ་གཉེར་བའི་སྣ་འཐེན་ཚོས་། །
ལན་ཆགས་བདུད་མོའི་མངལ་ཁྲག་ལ། །
ཤ་ཞེན་མ་ཆེ་སྙིང་གི་གྲོགས། །
ས་ལམ་བར་ཆད་ཡིན་པས་སྤོངས། །
ཧ་ལའི་དུག་རིགས་ལས་ཐུ་བས། །
ཨ་ཏིའི་དགོངས་པ་བརྙེས་ན་ཡང་། །
རྫས་ངན་འདི་ཡིས་ཤིན་ཏུ་གནོད། །
དམ་ཚིག་ཅན་གྱིས་གཏན་སྤོངས་ཤིག །
ཞེས་རབ་རྒྱན་ཆུ་སྦྲུལ་དགའ་ལྡན་ལྔ་མཆོད་སྐབས་སུ་ངོ་གྲོགས་ཀརྨ་ཡེ་ཤེས་ཀྱིས་རྩོམ་བསྐུལ་ལྟར་ཨེ་ཝྃ་ཆོས་སྨན་ཁང་ནས་ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ། །
ཡག་པོ་བྲིས་འདུག་། ཡིན་ན་ཡང་དུག་ལྔ་རང་སེལ་ནི་ཤེས་བྱ་ལ་མི་སྲིད་དོ།
དུ་ངན་ཐ་མག་རིན་སྒོར་དེ། །
དུ་བཟང་བསང་སྤོས་ཉོས་སྤོར་ན། །
རང་ཡིད་ཁོར་ཡུག་དྭངས་གཙང་ལ། །
གཞན་སྣ་རང་ལུས་གཙང་བར་འགྱུར། །