ཨེ་མ་ཧོ།
༧རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་འདས་མཆོད་ཕུལ་བ་གུར་གུམ་སྨན་རི་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་མ་ཏི་བྷ་དྲ་ཀིརྟི་ཡེ།
ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་ཀུན་ཏུ་བཟང་།།
རྣམ་སྣང་ཆོས་ཀྱི་འཁོར་ལོ་རིགས་ལྔའི་རྒྱལ།།
ཞིང་འདིར་སངས་རྒྱས་གཉིས་པ་པདྨ་འབྱུང་།།
ཀུན་འདུས་བློ་བཟང་གྲགས་པས་དགེ་ལེགས་སྩོལ།།
འཕགས་པའི་ཡུལ་དུ་རྒྱལ་སྲས་འཇམ་པའི་དབྱངས།།
གངས་རིའི་ལྗོངས་སུ་བློ་བཟང་གྲགས་པའི་དཔལ།།
གང་འདུལ་མདོ་སྔགས་སྟོན་མཁས་དགེ་བའི་བཤེས།།
རྗེ་བཙུན་ཙོང་ཁ་བླ་མར་རབ་ཏུ་གུས།།
གང་གི་མདོ་སྔགས་ཐེག་པའི་བསྟན་བཅོས་རིགས།།
ཡིད་བཞིན་ནོར་བུ་ལམ་རིམ་ཐེག་པའི་མཛོད།།
ཇི་བཞིན་རྟོགས་པའི་འགྲོ་བའི་བསོད་ནམས་ལས།།
གཙང་ཀློང་རྗེས་སུ་འགྲོ་བས་ཡིད་རེ་སྤྲོ།།
རྒྱལ་ཀུན་དགོངས་པ་ངོ་བོ་གཅིག་འདུས་ཀྱང་།།
རྒྱལ་བའི་བཀའ་ལ་རིས་དུ་བཅད་པ་འགས།།
རྒྱལ་བའི་སྲས་པོའི་དགོངས་པ་བསྲེ་ལྷད་འདིས།།
རྒྱལ་བའི་བསྟན་པ་ནུབ་རིར་ཕྱོགས་འདི་སྐྱོ།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
(ཤྭ་ལོ་ཀ་འདི་ནི་རོང་སྟོན་པས་གསུངས་སོ།)
སྡེ་སྣོད་རྒྱ་མཚོར་རང་བཟོས་མ་ལྷད་ཅིང་།།
ལམ་རིམ་ཆེན་མོ་གཤེད་མར་མ་འདྲིས་བར།།
སྔགས་རིམ་གཉིས་མེད་འདྲེ་ལུགས་མ་གྱུར་ནས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཟབ་མོ་ལྟ་སྲོལ་ཀླུ་སྒྲུབ་ཡབ་སྲས་དང་།།
རྒྱ་ཆེན་སྤྱོད་རྒྱུད་ཐོགས་མེད་སྐུ་མཆེད་ལུགས།།
མན་ངག་བྱིན་རླབས་བརྒྱུད་པའི་ལམ་རིམ་པའི།།
བསྟན་པ་དར་རྒྱས་འཇིག་རྟེན་མཛེས་གྱུར་ཅིག །
སོ་ཐར་ངེས་འབྱུང་རྣལ་མའི་ཐུགས་རྒྱུད་ཕྱུག །
བྱང་སེམས་དེ་ཉིད་སྙིང་རྗེ་ངང་གིས་འཁྲུངས།།
གསང་སྔགས་རྒྱུད་སྡེའི་དགོངས་པ་ཇི་བཞིན་རྟོགས།།
ཆོས་བཞིན་སྤྱོད་པས་ཞིང་འདིར་ཁྱབ་གྱུར་ཅིག །
ཞི་བདེ་ཆེན་པོ་གཡང་གི་རྒྱ་མཚོ་འཁྱིལ།།
དགའ་སྟོན་ཆེན་པོ་བསྟན་སྲིད་རྩི་ཤིང་རྒྱས།།
ཕན་བདེ་ཆེན་པོའི་འཛམ་གླིང་འདྲེན་པ་ཉིད།།
འཕྲིན་ལས་ཀུན་ཁྱབ་གངས་ཅན་དཔལ་དུ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་དགའ་ལྡན་ལྔ་མཆོད་སྐབས་སུ་ངོ་དེབ་ལས་སྤྲུལ་སྐུ་དབང་ཆེན་གྱིས་བསྐུར་བ་ལྟར་གང་དྲན་ཐོལ་བྱུང་དུ་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་ལ་གོ་མྱོང་རྟོགས་པའི་དད་གུས་མི་ཕྱེད་པར་མཐོང་བའི་རིག་འཛིན་ཨེ་མ་ཧོས་སྙིང་དབུས་གེ་སར་བཞད་པར་དགའ་སྐྱོའི་སྨོན་གསོལ་བཅས་ཨེ་ཝྃ་སྨན་ཁང་ནས་གསོལ་བ་འདེབས་པར་དགེའོ། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དེ་རིང་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་འདས་མཆོད་ཉིན། དད་དང་ཚུལ་ཁྲིམས་གཏོང་ལ་གུས་ཤིང་ཐོས་བསམ་ལེགས་པར་རྣམ་པར་སོན།།བྱམས་དང་སྙིང་རྗེའི་ཐུགས་རྒྱུད་འདྲེས་ཏེ་སྟོང་ཉིད་ལྟ་བ་དབྱིངས་སུ་བརྡོལ།།རིག་འཛིན་ཆེན་པོ་ཨོ་རྒྱན་གུ་རུ་ཤེས་རབ་འཇམ་དཔལ་ཟུང་ལས་སྤྲུལ།།དག་མཉམ་རིག་པའི་ཀློང་ནས་འཚོར་བའི་འདུལ་འཛིན་བླ་མ་བློ་བཟང་གྲགས།།མི་ཕྱིད་སྙིང་ནས་གུས་དང་བཅས་ཏེ་གསོལ་འདེབས་འདེབས་དང་བས་ངང་བསྟོད།། ཅེས་ཙོང་ཁ་པ་བསྟིད་ཚིག་རང་ཉིད་བསིད་ནམས་གསིག་ཕྱིར་དུ་ཕུལ།། སྔ་འགྱུར་རྙིང་མའི་ཆོས་ཞུགས་པས།
སྤྱིར་རྗེའི་གསུང་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ཉམས་འདུག་པས་རྗེས་སུ་ཡི་རང་ཞུ། འོན་ཀྱང་།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་པ་རོང་སྟོན་ཆེན་པོའི་གསུང་མ་ཡིན་ཏེ། དེ་ནི་རྗེ་ཙོང་ཁ་པས།
མཚུངས་ས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་རེད་འདའ་བ།།
གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས།།
ཞེས་རྗེ་བཙུན་རེད་འདའ་བ་ལ་བསྟོད་པ་ཕུལ་བ་ན། རྗེ་བཙུན་རེད་འདའ་བས། དེ་ནི་ང་ལས་ཁྱེད་རང་ལ་འོས་པ་འདུག་གསུངས་ནས་འདི་ལྟར།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་ཚིག་བསྒྱུར་གནང་ནས་ཚུར་བསྟོད་པ་ཞིག་ཡིན་ནོ།།
སྙན་རྩོམ་ལེགས་བཤད་སྨྲ་བ་གངས་ལྗོངས་དེར།།
སྙན་རྩོམ་གསེར་གྱི་ཕྲེང་བ་གང་གཱའི་རྒྱུན།།
སྙན་རྩོམ་འགྲན་བྲལ་ཨུ་དུམ་ཝ་རའི་གཞུང༌།།
སྙན་རྩོམ་དབང་སྒྱུར་བློ་བཟང་གྲགས་པར་འདུད།།
དེ་དངོས་གནས་དབྱངས་ཅན་འབངས་ལགས་ཀྱིས་གསུངས་པ་དེ་ག་རང་རེད། རྗེ་རང་ཉིད་ཀྱིས་གསུངས་ཏེ་རེད་མདའ་བ་ལ་ཕུལ་བས་རེད་མདའ་བས་ཚིག་བསྒྱུར་གནང་ནས་ཚུར་ཙོང་ཁ་བ་ལ་ཕུལ་བ་རེད།
དམིགས་བརྩེ་མ་འདི་རོང་སྟོན་གྱི་གསུང་མ་རེད། ཐོག་མར་ཙོང་ཁ་བས་གཞོན་ནུ་རས་འདའ་བར་བསྟོད་པ་ཕུལ་བ་རེད། གཞོན་ནུ་རས་འདའ་བས་འདི་ང་ལས་རང་ལ་འོས་པར་མཐོང་བས་ཕྱིར་ཁོང་ལ་བ་ཞིག་རེད།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ལྔ་མཆོད་དད་པའི་མཆོད་སྤྲིན།
རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ།། མདོ་སྨད་གཡེར་མོ་ཐང་གི་ཡུལ་ལྗོངས་སུ།། སྟོན་པའི་ཐུགས་ཀྱི་བསྟན་པ་སྤེལ་བའི་སླད།། བྱིས་པའི་གཟུགས་སུ་ཁྱོད་ཉིད་བལྟམས་པའི་ཚེ།། འཇིག་རྟེན་ཁམས་འདིར་བཀྲིས་ཉི་མ་ཤར།། དགེ་ལེགས་བྱེ་བས་བརྒྱན་པའི་ཙོང་ཁ་པ།། དགེ་བསྙེན་སྒྲུབ་པའི་སློབ་དཔོན་ཀརྨ་པས།། གཙུག་ཕུད་བཅད་ནས་མཐའ་བྲལ་དབུ་མའི་དོན།། འཁྲུལ་མེད་རྟོགས་པའི་རྟེན་འབྲེལ་མགོ་ནས་འགྲིགས།། ཞིང་འདིར་ཐུབ་བསྟན་འཛིན་པའི་ཐུགས་བསྐྱེད་དང་།། ལས་སྨོན་འབྲེལ་བའི་དོན་གྲུབ་རིན་ཆེན་མདུན།། གསང་བ་སྔགས་ཀྱི་སྨིན་གྲོལ་ནོད་པ་ཡིས།། གསང་ཆེན་བསྟན་པའི་བདག་པོའི་རྟེན་འབྲེལ་འགྲིགས།། ལུས་སྲོག་ཡལ་བར་དོར་ནས་དབུས་སུ་བགྲོད།། དགེ་བའི་བཤེས་གཉེན་གཞོན་ནུ་བློ་གྲོས་སོགས།། ཚུལ་བཞིན་བསྟེན་ནས་ཟབ་མོ་དབུ་མའི་དོན།། ཉིན་མཚན་བར་མེད་ཐོས་བྱུང་ཤེས་རབ་བསྐྱེད།། དེ་ནས་ཐོས་པའི་དོན་རྣམས་བསམ་བྱུང་གིས།། ངེས་པ་རྙེད་པའི་ཐབས་མང་ལ་བརྟེན་ནས།། འཁྲུལ་མེད་ངེས་པ་རྙེད་པའི་རྗེས་དཔག་གི།། ཚད་མ་ཐུགས་ལ་འཁྲུངས་པས་སྒྲོ་འདོགས་ཆོད།། བསམ་བྱུང་དོན་ལ་མཉམ་པར་བཞག་པ་ཡི།། ཏིང་འཛིན་གཡོ་མེད་བརྙེས་པའི་ལྟ་བ་ལ།། ཡང་ཡང་གོམས་པའི་ཚོགས་བསགས་དང་འབྲེལ་བའི།། གནས་ལུགས་རྟོགས་པའི་ཤེས་རབ་ཕྱོགས་མེད་རྒྱས།། རྟག་ཆད་ལྟ་བ་སྟོན་པའི་ཕྱོགས་ལྷུང་ཅན།། རང་ལྟ་མཆོག་འཛིན་གྲུབ་མཐའི་ཆགས་སྡང་གི།། བོད་ཡུལ་ཉམས་ངའི་གཡང་ལས་སྐྱོབ་པ་ཡི།། མཛད་རྗེས་འགྲན་མེད་མངའ་བའི་ཙོང་ཁ་པ།། མགོན་པོ་ཁྱོད་ཀྱིས་མཐའ་བྲལ་དབུ་མའི་དོན།། གསལ་བར་སྟོན་པའི་བསྟན་བཅོས་ཆེན་པོ་ལྔས།། སྟོང་དང་རྟེན་འབྱུང་འབྲལ་མེད་ཟུང་འཇུག་གི།། གནས་ལུགས་གསལ་བའི་ཕྱག་རྗེས་གླིང་འདིར་བཞག། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་འདུས་པའི་དོན།། སྔོན་ཆད་སུས་ཀྱང་གསལ་བར་མ་ནུས་པའི།། མཐའ་དྲུག་ཚུལ་བཞིས་གསལ་བར་མཛད་པ་ཡི།། བཀྲིན་དྲན་ན་དད་པའི་སྤུ་ལོང་གཡོ།། མ་རྒྱུད་འཁོར་ལོ་བདེ་མཆོག་རྒྱུད་ཀྱི་དོན།། གླིང་འདིར་མིང་གི་ལྷག་མ་ཙམ་གྱུར་ཚེ།། སྦས་དོན་ཀུན་གསལ་བསྐྱེད་རྫོགས་རིམ་གཉིས་ཀྱི།། དགོངས་དོན་གསལ་བའི་བསྟན་བཅོས་འདི་དག་རྣམས།། མཇལ་ན་ཡིད་དབང་མི་འཕྲོག་དཔྱོད་ལྡན་སུ།། ལྷོ་བྲག་མར་པའི་དགོངས་པ་གསལ་བྱེད་པའི།། ནཱ་རོ་ཆོས་དྲུག་གནད་རྣམས་མ་ནོར་བར།། དཔྱད་གསུམ་དག་པའི་ཡིད་ཆེས་གསུམ་ལྡན་གྱི།། ཁྲིད་ཀྱི་སྐལ་ལྡན་ཐར་པའི་ལམ་ལ་འཁྲིད།། མགོན་པོ་ཁྱེད་ཀྱིས་བསྟན་པའི་གོ་རིམ་ལ།། ཐོས་བསམ་མཛད་པའི་རྣམ་ཐར་འདུན་ལེགས་མ།། མཇལ་ན་འདུན་མ་ལེགས་པའི་བསླབ་བྱ་ཡིས།། སྐལ་པ་ལྡན་པའི་ཡིད་རབ་དབང་མེད་འཕྲོག །དེ་ལྟར་དང་བའི་ཡིད་ཀྱིས་ཁྱེད་དྲན་ནས།། དད་པའི་གདུང་དབྱངས་ཡི་གེའི་རིས་སུ་སྤེལ།། དགེ་བས་མར་གྱུར་ཁམས་གསུམ་འགྲོ་བ་རྣམས།། མགོན་པོ་ཁྱེད་ཀྱི་རྗེས་སུ་སློབ་པར་ཤོག། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པའི།། ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།། རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།། སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།། ཅེས་ལྔ་མཆོད་ཉིན་རྗེ་བླ་མ་དྲན་ནས་ཡིད་སྐྱོ་བ་ཚད་མེད་པ་ཞིག་སྐྱེས་པས་གང་དྲན་ཐོལ་བྱུང་དུ་ཤར་མར་བྲིས་ནས་ལེགས་བཤད་སྤེལ་བའི་རྩོད་གྲོགས་རྣམས་ལ་རྗེ་བླ་མ་དྲན་པའི་རྟེན་གྱི་ལེགས་སྐྱེས་སུ་རྙིང་རྒན་ཐུབ་བསྟན་ཆོས་ཀྱི་ཉི་མ་ནས་ཕུལ་བའོ།།
ཨོཾ་སྭ་སྟི།།
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་བློ་བཟང་གྲགས། །
རྟེན་འབྲེལ་གནད་ལ་དབང་ཐོབ་དགེ་ལུགས་པ།།
མདོ་སྔགས་བསྟན་པའི་བདག་པོ་དགའ་ལྡན་པའི།།
བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག།
ཨ་ཕྱིས་གུས་ཕུལ།།
དམིགས་བརྩེ་མ་འདི་རེད་འདའ་བས་རྗེ་ཙོང་ཁ་པ་ལ་བསྟོད་པ་ཕུལ་བ་རེད། དེ་ཙམ་ཤེས་མེད་ན་རྗེའི་མདོ་སྔགས་རིག་གནས་ལ་སྦྱོང་བ་ག་ཙམ་གནང་ཡོད་པར་ཤེས་སོང་། ཧ ཧ ཧ མཁན་ཆེན་བླ་མ་སང་གིས་མ་ཤེས་ན་ཤེས་འདོགས་མ་སྟོན་ལོ། །
འདས་མཆོད་ལ་ཞེས་པ་ནི་མི་ཤེས་སྨོང་པས་བྲིས་པ་འདྲའོ།
༄༅། །རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་བཞི་པར་ཕུལ་བའི་གཏམ་བཤད་མདོར་བསྡུས།
ཐོག་མར་འདིར་འདུས་ཀྱི་དགེ་རྒན་དང་སློབ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་བཅུ་བའི་ཚེས་ཉི་ཤུ་ལྔ་སྟེ༼དགའ་ལྡན་ལྔ་མཆོད༽ཅེས་པའི་སྐར་བཟང་ཚེས་བཟང་དུས་བཟང་གསུམ་འཛོམས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དགོང་མོ་འདིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་བཞི་པ་དངོས་སུ་ཚོགས་ཐུབ་པ་ལ་སེམས་གཏིང་ནས་དགའ་སྤྲོ་བྱུང་བ་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ནོ། །
ད་ལྟར་གོང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལོ་རིམ་ཉིས་སྟོང་བརྒྱ་མེད་བཅུ་གཅིག་པའི་བོད་ཀྱི་སྐད་ཡིག་རྩོམ་ཡིག་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱིས་རྗེ་ཙོང་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་ཞེས་པའི་ལེགས་རྩོམ་གཉིས་འདིར་འདུས་ཀྱི་དགེ་སློབ་ལྷན་རྒྱས་རྣམས་ཀྱི་སྙན་དུ་བློ་རྒྱུགས་འབུལ་བའི་ཚུལ་གྱིས་མཆོད་པའི་སྒྲོན་མེ་ཞེས་ཕུལ་བའི་ནང་དོན་དང་རྣམ་པ་གང་གི་ཆ་ནས་ཤིན་ཏུ་ལེགས་པོ་བྱུང་བ་དང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་ལེགས་རྩོམ་འདི་གཉིས་སློབ་གྲོགས་རྣམས་ཀྱིས་བློ་རྒྱུགས་ཕུལ་བའང་རྟེན་འབྲེལ་ལེགས་པོ་འགྲིག་སོང་། ང་རང་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་བོད་ཡིག་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁྱེད་སློབ་གྲོགས་རྣམས་ཀྱིས་བློ་རྒྱུགས་ཕུལ་བ་ལ་ཤིན་ཏུ་ལེགས་པར་བསྟོད་པ་དང་། ཁྱེད་རྣམས་ཀྱིས་བློ་འཛིན་མཛད་པའི་སྤྱོད་པ་ལ་རྗེས་སུ་ཡི་རང་བྱ་བ་དང་འབྲེལ་ནས་ཁྱད་པར་དུ་བཀའ་དྲིན་ཆེ་ཞུ་བ་ཡིན་ནོ། །
འདིར་འདུས་ཀྱི་དགེ་སློབ་ཚང་མས་མཁྱེན་གསལ་ལྟར། རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་ཞེས་པ་གཉིས་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་ལེགས་རྩོམ་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པ་དང་། དུས་ཕྱིས་བོད་ཀྱི་ཆོས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱ་བའི་རྩ་བའམ། ཡང་ན་རྒྱལ་མཚན་ལྟ་བུར་གྱུར་པའི་ལེགས་རྩོམ་གཉིས་ཡིན་ལ། ལེགས་རྩོམ་འདི་གཉིས་ཀྱི་བརྗོད་བྱ་ནི་དགེ་རྒན་རྣམས་ཀྱིས་འཛིན་གྲྭ་སོ་སོའི་སློབ་ཁྲིད་ཀྱི་སྐབས་དང་བསྟུན་ནས་སློབ་གྲོགས་རྣམས་ཀྱི་སྙན་དུ་ཞུས་ཟིན་པས་འདི་ནས་གུས་པས་ཞུ་བར་མི་བྱའོ། །
ད་གོང་དུ་ཉིས་སྟོང་བརྒྱ་མེད་བཅུ་གཅིག་པའི་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་ལེགས་རྩོམ་གཉིས་དེ་ཀུན་སློང་རྣམ་དག་དང་། ཆད་ལྷག་མེད་པ། སྨྲ་ལྕེ་དག་པ། རྣམ་འགྱུར་དགའ་སྤྲོ་སོགས་ཀྱིས་བློ་རྒྱུགས་མཆོད་པའི་སྒྲོན་མེ་ཕུལ་བ་འདིའི་ཐོག་ནས་ང་ཚོས་ཅི་ཞིག་ཤེས་ཐུབ་སྙམ་ན། བོད་མཁས་པ་ཐུགས་ཐོག་ན་ཡོད། །རྒྱ་མཁས་པ་ཡིག་ཐོག་ན་ཡོད། །ཅེས་གྲགས་པ་ལྟར། གངས་ཅན་ཕ་མེས་ཡང་མེས་ནས་ད་ལྟའི་ང་ཚོའི་མི་རབས་འདི་ལ་ཐུག་པའི་བར་དུ་སློབ་གཉེར་བྱ་བ་ལ་སྲོལ་རྒྱུན་ཤིན་ཏུ་ལེགས་པོ་ཞིག་ཡོད་པ་ནི། ཤེས་བྱའི་གནས་སྤྱི་དང་བྱེ་བྲག་གང་འདྲ་ཞིག་ལ་ཐོས་པ་སློབ་གཉེར་བྱ་བ་ལ་བློ་འཛིན་བྱ་བ་ཤིན་ཏུ་གལ་ཆེན་པོར་འཛིན་པ་དེ་རེད། བློ་འཛིན་བྱ་བ་གལ་ཆེར་བཟུང་ནས་སློབ་གཉེར་བྱ་བ་ནི་ང་ཚོ་གངས་ཅན་པ་རྣམས་ཀྱི་སློབ་གཉེར་བྱ་བའི་ཐབས་ལམ་ཁྱད་པར་བ་ཞིག་དང་། ཡང་ན་སློབ་གཉེར་བྱ་སྟངས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་པ་ཞིག་ཡིན་ཚུལ་ནི་འདིར་འདུས་ཀྱི་སློབ་གྲོགས་ལྷན་རྒྱས་རྣམས་ཀྱིས་ཤེས་པར་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །
དེ་ཡང་སློབ་གཉེར་བྱ་བ་ལ་ཕྱི་ནང་གི་རིག་པའི་གནས་ཀྱི་གཞུང་ལུགས་སྤྱི་དང་བྱེ་བྲག་གི་རྩ་ཚིག་རྣམས་བློ་ལ་བཟུང་བ་ཙམ་མ་ཡིན་པར་གོང་གི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་ལེགས་རྩོམ་གཉིས་ཀྱི་ནང་དོན་རྣམས་ཡིད་ལ་ཡང་ཡང་བསམ་ནས་སློབ་གྲོགས་རྣམས་ཀྱི་ལུས་སེམས་གཉིས་ལ་ཕན་ཐོགས་པ་ཞིག་ཏུ་འགྱུར་དགོས་པ་ནི་བློ་འཛིན་བྱ་བ་དང་། ཡང་ན་ཐོས་པ་སློབ་གཉེར་བྱ་བའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ཡིན་ནོ། །
དེ་རིང་གི་དགའ་ལྡན་ལྔ་མཆོད་ཆེན་མོ་ཚོགས་པའི་དུས་བཟང་ལ་འདི་ནས་རེ་སྐུལ་ཞུ་བར་བྱ་བ་ལ། རིག་གནས་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་རང་གི་བློ་ལ་ཡོད་དགོས་པ་དང་། དེ་ནས་དེ་དག་གི་དོན་རང་རྒྱུད་ལ་ཅུང་ཙམ་བསྐོར་ན་ད་གཟོད་རང་གི་ཡོན་ཏན་དུ་འགྱུར་བ་ལས་རིག་གནས་ཟེར་བ་དེ་ཡིག་ཐོག་ཏུ་ཡོད་པ་དང་། ཡང་ན་ཚིག་ཙམ་ལ་བྱང་བའི་རིག་གནས་ཀྱིས་ང་ཚོའི་རྒྱུད་ལ་ཕན་མི་ཐོགས་པ་དང་། ཆོས་དང་འཇིག་རྟེན་གང་གི་སའང་ཆོད་པ་མ་རེད། དེའི་ཕྱིར་ན། དེ་རིང་གི་དགའ་ལྡན་ལྔ་མཆོད་ཆེན་མོར་ཕེབས་པའི་སློབ་གྲོགས་རྣམས་ཀྱིས་ཕྱི་ནང་གི་རིག་གནས་སྤྱི་དང་བྱེ་བྲག་གང་འདྲ་ཞིག་ལ་སློབ་གཉེར་བྱ་བའི་ཐོག་མཐའ་བར་གསུམ་དུ་བློ་འཛིན་གལ་ཆེན་དང་། དེའི་ཕྱོགས་ལ་དམ་འཛིན་བྱ་བའི་རེ་སྐུལ་ཡང་ནས་ཡང་དུ་ཞུའོ། །
མཇུག་མཐར་དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་བཞི་པ་འཚོགས་པ་ལ་རྒྱུ་ཚེགས་གང་གི་ཆ་ནས་རྒྱབ་སྐྱོར་གནང་མཁན་གྱི་འགོ་ཁྲིད་རྣམ་པ་དང་། བློ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པ། ཞབས་ཕྱི་ལེགས་པོ་སྒྲུབ་པའི་སློབ་གྲོགས་རྣམ་པ་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག སྤྱི་ལོ་གསར་ཚེས་ཀྱི་༢༠༡༤ལོའི་ནང་དུ་འདིར་འདུས་ཀྱི་དགེ་སློབ་ལྷན་རྒྱས་རྣམས་ཚེ་རིང་ནད་མེད་གཟུགས་ཁམས་བཟང་བ་དང་། བར་ཆད་ཀུན་ཞི་བསམ་དོན་འགྲུབ་པ། ཁྱད་པར་དུ་དེ་རིང་འདིར་ཕེབས་པའི་སློབ་གྲོགས་ཁྱེད་རྣམས་ཀྱི་རྣམ་དཔྱོད་དང་ཡོན་ཏན་སོགས་བརྒྱ་འགྱུར་དང་འབུམ་འགྱུར་གྱིས་ཡང་ནས་ཡང་དུ་རྒྱས་པའི་སྨོན་འདུན་ཐམས་ཅད་ནི་འདི་ནས་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་བཅོལ་ནས་ཞུའོ། །བཀའ་དྲིན་ཆེའོ། །
སྨྲས་པ།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི། །
སྐུ་གསུང་ཐུགས་ཡོན་འཕྲིན་ལས་འོད་ཟེར་གྱིས། །
འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་གྱི། །
སྣོད་བཅུད་ཡངས་པའི་ཁྱོན་ཀུན་གསལ་གྱུར་ཅིག །
ཅེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་ཙམ་འཛིན་པ་ལ་དྲིན་ཆེན་ཕ་མས་བཏགས་པའི་གཅེས་མིང་དུ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་ཅེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔའམ། སྤྱི་ལོ་༢༠༡༣ལོའི་ཟླ་༡༢པའི་ཚེས་༢༧ཉིན་གྱི་ཕྱི་དྲོའི་ཆ་ལ་རྒྱ་ནག་གི་རྒྱལ་ས་སྟེ་པེ་ཅིན་དུ་ཆགས་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལྔ་རིག་སྨྲ་བའི་དགའ་ཚལ་ནས་རྟེན་འབྲེལ་ཞུ་བའི་ཚུལ་དུ་བྲིས་པ་ཀུན་ནས་དགེའོ། །