ལོག་སྨྲ་ཚར་གཅོད།
ངས་དེ་རིང་རང་གིས་བལྟ་སྟངས་ཀྱི་ཟུར་ཆ་ཞིག་བཤད་ན་འདི་ལྟར། རང་གིས་གུས་བཀུར་བྱེད་སའི་བླ་མ་འགའ་ཡོད་པའི་ནང་ནས་ཡང་སྒོས་གཅིག་ཏུ་དགའ་དད་གུས་གསུམ་གྱིས་སྐྱབས་སུ་འགྲོ་ས་ཆེས་མཆོག་ཏུ་གྱུར་པ་གཅིག་ཡོད་པ་དེ་ནི་༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་ཉིད་ལས་གཞན་སུ་ཡིན། དེ་ཡང་གུས་པས་བོད་མི་སྤྱི་ཡོངས་ཀྱིས་ཆོས་རྨོངས་ཀྱི་བསམ་བློ་རྙིང་པ་ལྟར་ཁོང་སྤྱན་རས་གཟིགས་ཀྱི་རྣམ་སྤུལ་ཞིག་ཡིན་པ་དང་བོད་ཀྱི་ལྷ་སྐལ་ཡིན་པ། སྐུ་ཐོག་སྐྱེ་ཕྲེང་མང་པོ་རིམ་བྱོན་གྱི་ལོ་རྒྱུས་ལྡན་པ་དང་སྐུ་སྐྱེ་སྔ་མོའི་སྐབས་ནས་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་སོགས་རྒྱུ་མཚན་དུ་བྱས་ཏེ་དགའ་དད་གུས་གསུམ་བྱེད་ཀྱིན་མེད།
འོ་ན་ངས་ཁོང་ལ་ལྡོག་ཏུ་མེད་པའི་དད་གུས་ཆེན་པོ་དེ་འདྲ་ཞིག་བྱེད་དགོས་དོན་གང་ཡིན་ཞུས་ན། ཁོང་ལ་དད་གུས་ཆེན་པོ་བྱེད་པར་ཁོང་ཉིད་ལྷ་ཡི་སྤྲུལ་པ་ཡིན་པ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྐྱེས་རབས་མང་པོའི་ཕྲེང་བ་འཛིན་མཁན་ཡིན་པ་སོགས་ལ་བསམ་མི་དགོས་པ་སྐུ་ཚེ་འདི་ཉིད་རང་གི་ཐོག་ཏུ་སྐྱེས་སྟོབས་དང་མདོ་སྔགས་གང་གི་ཐོག་ལ་སྦྱང་པའི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྨང་གཞིའི་ཐོག་གོ་རིགས་ཀྱི་རྣམ་དཔྱོད་ཡངས་པ་མ་ཟད་ཀུན་ལ་གཅིག་ཏུ་བརྩེ་བས་སྙོམས་པའི་འཚེ་མེད་ཀྱི་སློབ་དཔོན་ཆེན་པོའི་བྱམས་བརྩེའི་ནུས་སྟོབས་དང་ལྡན་པ། བོད་མི་རྣམས་ཀྱི་ཆོས་ལུགས་ཕྱོགས་རེས་དང་ཆོས་ཀྱི་རྨོངས་བློ་སེལ་བའི་དེད་དཔོན་དུ་གྱུར་པ། ལྷག་པར་དུ་རྒྱ་བོད་ཀྱི་གསུང་རབ་ཁག་ནས་གང་གསུངས་ཐམས་ཅད་ཡིན་ཤག་གིས་གུས་བཀུར་བྱས་ཏེ་ཁས་ལེན་མ་མཛད་པ་གང་ཞིག་དོན་དངོས་དང་མི་མཐུན་པའི་རིགས་རྣམས་སྟོན་པ་རང་ཉིད་ཀྱི་གསུང་ངམ་པཎ་གྲུབ་རྣམས་ཀྱི་དགོངས་པ་ཡིན་ཡང་དོར་ཤེས་ཐུབ་མཁན་གྱི་དུས་རབས་ཉེར་གཅིག་པའི་བོད་ཀྱི་གཟུར་གནས་མཁས་པའི་གཙུག་རྒྱན་ཞིག་ཡིན་པས་ཆ་ནས་རྗེ་ཙོང་ཁ་པ་ཆེན་པོ་ལས་ཀྱང་ལྷག་པ་ཡིན་ལ། དེང་དུས་ཀྱི་ཚན་རིག་ལ་མཁས་ཤིང་དངོས་ཐོག་བདེན་འཚོལ་གྱི་ལམ་བུར་བསྐྱོད་དེ་གོ་ལའི་ཧྲིལ་པོར་ཉིད་ཀྱི་ལྟ་གྲུབ་མཛད་སྤྱོད་ཁྱབ་ཐུབ་པའི་དོན་དམ་གྱི་དཔའ་བོ་ཞིག་ཡིན་པས་ཆ་ནས་སྟོན་པ་ཤཀྱ་ཐུབ་པ་ཉིད་ལས་ཀྱང་ལྷག་ཅིང་། མདོར་ན་རང་དང་ལྟ་བ་མཐུན་པའི་བླ་མ་ནི་ཁོང་རང་ཉག་གཅིག་ཡིན་ལ་ང་ལ་དགའ་དད་གུས་གསུམ་འདྲེན་ཐུབ་པའི་ཁྱད་ཆོས་ཡོན་ཏན་དེ་འདྲ་ཞིག་ནི་ཁོང་ལ་མ་གཏོགས་མེད་པས་ཡིན།
སྔོན་དུས་ཀྱི་སྟོན་པ་ཤཀྱ་ཐུབ་པ་འོག་མིན་གྱི་ལྷ་ཆེན་ལོངས་སྐུའི་སྤྲུལ་པ་ཡིན་ཟེར་བ་དང་ཉེ་དུས་ཀྱི་རྗེ་ཙོང་ཁ་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ཟེར་བ། དེང་དུས་ཀྱི་རྒྱལ་དབང་ཡིད་བཞིན་ནོར་བུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཟེར་བ་སོགས་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཅིག་དང་མ་སྦྱར་ན་དད་པ་རྣལ་མ་ཞིག་མི་སྐྱེ་བའི་བོད་པ་ཚོ་ནི་བློ་གྲོས་ཀྱི་ནུས་པ་མ་སད་པའི་གདོད་མའི་མི་རིགས་རྣམས་ཀྱིས་ཡོད་ཚད་ལྷ་ལ་བློ་གཏོད་བཅོལ་བའི་རྨོངས་བློའི་ཚུགས་ཀ་ངོ་མ་དེ་དོར་མ་ཐུབ་པ་ཡིན་ལ། གུས་པ་རང་ལ་མཚོན་ན་གཽཏ་མ་མཆོག་དང་རྗེ་ཙོང་ཁ་པ། དེ་བཞིན་༧གོང་ས་མཆོག་གསུམ་པོ་རིམ་བཞིན་ལྷ་གསུམ་པོ་དེ་རྣམས་དང་ཐུགས་རྒྱུད་གཅིག་ཅིང་སྤྲུལ་པ་རེད་ཟེར་དུས་ང་ལ་དད་པ་ཆེ་རུ་འགྲོ་རྒྱུ་མེད་ལ་མི་རང་འགར་བ་རེད་ཟེར་དུས་དད་པ་ཆུང་དུ་འགྲོ་རྒྱུ་ཞིག་དེ་བས་མི་འདུག མ་ཟད་ཁོང་གསུམ་པོ་མི་དཀྱུས་མ་བ་ཞིག་ཡིན་ན་དོན་དངོས་དང་མཐུན་ཚབས་ཆེ་བས་གུས་པའི་བློ་ངོར་དད་གུས་ལྷག་པར་འཕེལ་ཐུབ་པ་ཞིག་ཡིན།
མི་མངོན་ལྷ་སྒྲུང་གཏམ་རྒྱུད་དད་པའི་གྲོགས་སུ་ཁྱེར་བ་གདོད་མའི་ལུགས། །
མངོན་གྱུར་བདེན་པའི་གནས་ལུགས་དད་པའི་གྲོགས་སུ་ཁྱེར་ཤེས་ད་ལྟའི་ལུགས། །
ལྷ་ཡི་སྤྲུལ་པ་མིན་ན་དད་གུས་བཅོས་མིན་མི་སྐྱེ་བོད་པའི་ལུགས། །
དོན་དངོས་དཔྱོད་མཁས་བླ་མར་དད་གུས་ཡང་དག་སྐྱེ་བ་ཁོ་བོའི་ལུགས། །
འོན་ན་འཛམ་བུ་གླིང་འདི་དང་བོད་ལ་སངས་རྒྱས་རས་གཟིགས་ཀྱི་སྤྲུལ་པ་ཅིག་ཡང་མེད་དམ། ཁྱོད་ནི་བླུན་པོའི་གཏམ་འབའ་ཞིག་བཤད་མཁས་ཞིག་ལོས་ཡིན། རྒྱལ་བ་ཡིན་བཞིན་ནོར་བུའི་མཛད་སྤྱོད་ལ་དད་པ་ཁྱོད་ལས་ལྷག་པ་ང་ཚོ་ལ་ཡང་ལོས་ཡོད་། ཁྱོད་རང་དད་ངོ་དང་བཤེས་གཉེན་བརྟེན་ཚུལ་སོགས་ལས་ཡིན་ན་འགྲིག་། དེ་མིན་རྒྱལ་བ་རིན་པོ་ཆེ་སངས་རྒྱས་བཅོམ་ལྡན་འདས་ལས་ལྷག་ཚུལ་སོགས་ནི་བསྟོད་མ་ཤེས་པར་རང་གི་དེ་ཉིད་བསྟན་པའོ།
ལོག་སྨྲ་ཚར་གཅོད་ལགས་ཀྱི་སེམས་ནང་གི་སྐད་ཆ་ཡིན་དངོས་ནས་དགའ་དད་གུས་གསུམ་ཞུ་ས་མ་ནོར་བ་རེད། རང་ཉིད་ལ་མཚོན་ནའང་ཁོང་ནི་ཆེས་ཡི་རངས་དང་གུས་ཞབས་ཞུ་སའི་སྐྱེས་བུ་མཆོག་དེ་ཡིན། གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པར་ཤོག།
ལོག་སྨྲ་ཚར་གཅོད་ཀྱིས་རྣམ་དཔྱོད་ཅན་གྱི་སྐད་ཆ་བཤད་འདུག ཡིན་ནའང་བོད་རིགས་འདི་ད་ལྟའང་རྨོངས་གཉིད་ལས་སད་མེད་པས་ཁྱེད་ཀྱི་སྐད་ཆ་དེ་ལ་ཉན་མཁན་དཀའ་སེ་རེད། གཟིགས་དང་ཁ་བརྡའི་ནང་དུ་་་་་གསན་དང་ཁ་བརྡའི་སྐད་ནང་དུ། ལྷ་འདྲེ་དང་ང་ཡི་བླ་མ་ང་ཡི་ཆོས་ལུགས་གྲུབ་མཐའ་ཟེར་ནས་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་ལས་རྣམ་དཔྱོད་གཟུ་བོར་གནས་པའི་ལོ་རྒྱུས་ཀྱི་བགྲོ་གླེང་བྱེད་མཁན་དཀོན་པར་གྱུར་འདུག
ཀརྡོས།
༸སྐྱབས་གནས་བསླུ་མེད་༸དཀོན་མཆོག་རྩ་བ་གསུམ། །
ཁྱད་པར་༸བསྟན་འཛིན་རྒྱ་མཚོ་སྤྱན་རས་གཟིགས། །
༸གུ་རུ་པད་འབྱུང་སྒྲོལ་མ་ལ་སོགས་ལ། །
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །
སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །
ཁམས་དང་མོས་པ་སྣ་ཚོགས་ཡོད། ལྟ་སྤྱོད་མི་གཅིག་ཁ་ཁ་ཡིན། གང་ལ་གང་འདུལ་དེར་སྟོན་པའི། མཛད་པ་བརྒྱ་ཡིས་ཐམས་ཅད་འདུལ། དེས་ན་དེ་ནི་སྤྲུལ་པའོ། དེ་ལ་དད་རྣམས་གདུལ་བྱའོ། འདི་ལ་རྩོད་པ་འོས་མ་ཡིན། རང་རང་ས་ནས་རང་དབང་སྤྱོད། ལེགས་ཉེས་མཁས་བླུན་ཁྱད་མ་འབྱེད། དེ་ལྟར་སྤྱད་ན་འགལ་བ་མེད། འཆམ་མཐུན་ཡོང་བའི་གཞི་རྩ་ཡིན།
ཤར་པ་ལགས། ངས་རྒྱལ་བ་རིན་པོ་སངས་རྒྱས་བཅོམ་ལྡན་འདས་ལྷག་པ་རེད་ཅེས་པ་དེ་བསྟོད་མ་ཤེས་པ་ཡིན་ན། རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།། ཞེས་དང་། བླ་མ་ཡོན་ཏན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པ་མིན་ཡང་བཀའ་དྲིན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པ་ཡིན་པ་ནི་སྔོན་དུས་ཀྱི་མཁས་པ་ཀུན་གྱི་ཞལ་ནས་རླུང་ལྟར་གྲགས་འདུག་པས་ཚང་མས་བསྟོད་མ་ཤེས་པ་ཡིན་ནམ།
ལོག་སྨྲ་ཚར་གཅོད་ལགས་ལྟ་བུའི་དབང་པོ་རྣན་པོ་ཅིག་གིས། རང་གི་ཉམས་ཉེན་བློ་སྦྱོང་ལ་ནོར་འཕྱུགས་རྩ་བ་ནས་མི་འདུག་ཀྱང་། རང་གི་ཉམས་མྱོང་འདི། དམངས་ལ་བཤད་ན། དམངས་དད་ལ་ཕན་ལས་གནོད་ཆེ་བ་འོངས་མི་སྲིད་པ་མ་རེད་སྙམ་ལགས།་
ཤར་པ་ལགས། ངས་རྒྱལ་བ་རིན་པོ་ཆེ་སངས་རྒྱས་བཅོམ་ལྡན་འདས་ལས་ལྷག་པ་རེད་ཅེས་པ་དེ་བསྟོད་མ་ཤེས་པ་ཡིན་ན། རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།། ཞེས་དང་། བླ་མ་ཡོན་ཏན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པ་མིན་ཡང་བཀའ་དྲིན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པ་ཡིན་པ་ནི་སྔོན་དུས་ཀྱི་མཁས་པ་ཀུན་གྱི་ཞལ་ནས་རླུང་ལྟར་གྲགས་འདུག་པས་ཚང་མས་བསྟོད་མ་ཤེས་པ་ཡིན་ནམ།
ཁས་སྟོད་པ་ཙམ་མིན་པར་རང་ཉིད་ཀྱིས་བྱ་སྤྱོད་ཡང་དེ་ལྟར་རླབས་རྒྱུ་་གལ་ཆེ། དེང་སྐབས་མི་ཡིས་སྟོད་ཚིག་ཙམ་ལ་ཡིད་རྟེན་མེད་དོ།
ལོག་སྨྲ་ལགས། སངས་རྒྱས་ཀྱི་སྤྲུལ་པ་་མིན་བསམ་པ་དེ་ཞེན་ཕུག་ལ་ཡོད་ཕྱིན་རྒྱལ་་བ་ཀུན་ལས་ཞེས་སོགས་སྟོང་གཏམ་རེད།
༧ སྐུ་སྔོན་མ་ཚོའི་ཡོན་ཏན་ཀུན་དང་ད་ལྟའི་ཡོན་ཏན་གྱི་མཛད་འཕྲིན་ཚང་མ་གཅིག་དུ་བསྡུས་ནས་དགའ་དད་གུས་གསུམ་བྱེད་སྟངས་ཀྱི་དད་པ་དང་། ད་ལྟའི་ཡོན་ཏན་གྱི་མཛད་འཕྲིན་གཅིག་པོར་དགའ་དད་གུས་གསུམ་བྱེད་སྟངས་ཀྱི་དད་པ་གཉིས་ལས་ཁྱེད་ལོག་སྨྲ་བའི་དད་པ་བྱེད་སྟངས་དེ་དཔྱོད་མཁས་བ་ཡི་དད་པ་བྱེད་སྟངས་ཡིན་པ་ཅི་འདྲས་རེད།
བླུན་པོ་མང་ས་ན། མཁས་བ་སུ་ཡིན་ལྷང་ལ་འབུད་སྡུག་མེད་པ་འདི་ཡ་མཚར། དཔྱོད་ཤེས་འདི་འདྲ་ཡོད་ན། བླ་མ་དང་དཔོན་པོ་ཚོས་ཅིག་འདོགས་རྒྱུ་རེད་ཡ། ཧ་ཧ་ཧ།
སྔོན་གྱི་བྱུང་བ་སྨྲ་མི་ནུས།།དེང་སང་ས་ཡི་གོ་ལ་འདིར།།རྒྱལ་བ་ཡིད་བཞིད་ནོར་བུ་ལས།།ལྷག་ཅིག་མེད་ཞེས་བདག་གིས་སྨྲ།།
༄། །ཡོན་ཏན་ཤེས་ནས་དད་པ་སྐྱེ་དགོས་པས། ད་ལྟའི་ཡོན་ཏན་གཞིར་འཛིན་པའང་དེའི་ཆ་ཤས་ཞིག་རེད། སྔོན་གྱི་དང་ད་ལྟའི་ཡོན་ཏན། སྤྲུལ་གཞི་དང་སྤྲུལ་བའི་ཡོན་ཏན་སོགས་གཅིག་ཤོས་ཚད་ལྡན་ཅིག་ཁས་བླང་ན་གཞན་ཡང་ཞོར་དུ་འབྱུང་། ད་ལྟའི་བོད་ཀྱི་བླ་སྤྲུལ་ཚོའི་ཕྱིའི་ཡོན་ཏན་ལ་དཔག་ན་ཚད་ཆེན་པོ་ཞིག་ལ་སླེབས་དཀའ་བས།གཙོ་བོ་ནང་གི་ཡོནཏན་གྱི་སྒོ་ནས་འཇོག་དགོས། གཅིག བསྟན་དོན་ལ་ཡོད་ཚད་གཏོང་བར་ང་ཚོ་ཁ་ཆེ་པའི་ཟླ་མི་པེར། གཉིས། བྱམས་བརྩེའི་སྦྱིན་གཏོང་སོགས་ང་ཚོ་ཡེ་ཤི་པའི་ཟླ་མི་ཕེར། །གསུམ། དཀའ་སྤྱད་སྙིང་རུས་ང་ཚོ་ཧིན་དྷུའི་མུ་སྟེགས་པའི་ཟླ་མི་ཕེར། བཞི། མཐུན་སྒྲིལ་དམ་བཅའ་ང་ཚོ་ཇོའུ་སིའི་ཆོས་ལུགས་པའི་ཟླ་མི་ཕེར། ལྔ། དངོས་པོའི་ཞིབ་འཇུག་ང་ཚོ་ཚན་རིག་ལག་རྩལ་པ་ཞིག་གི་ཟླ་མི་ཕེར། དྲུག ཚོར་བའི་ཞིབ་འཇུག་་ང་ཚོ་སེམས་ཁམས་སྨྲ་བ་ཞིག་གི་ཟླ་མི་ཕེར། བདུན། དུས་དང་བསྟུན་ཐབས་ང་ཚོ་སྤྱི་ཚོགས་ཞིབ་འཇུག་པ་ཞིག་གི་ཟླ་མི་ཕེར། བརྒྱད། ཚུལ་མཐོང་ཁས་ལེན་ཀྱི་སྙིང་སྟོབས་ང་ཚོ་དངོས་ལུགས་སྨྲ་བ་ཞིག་གི་ཟླ་མི་ཕེར། དགུ།རྒྱུ་འབྲས་བརྩི་སྲུང་ང་ཚོ་གཅེར་བུ་བ་ཞིག་གི་ཟླ་མི་ཕེར། བཅུ། རང་ལུགས་འདོར་དགོས་ན་ང་ཚོ་ལྟ་ལོག་པ་ཞིག་གི་ཟླ་མི་ཕེར། བཅུ་གཅིག མི་མང་གྱི་འདུ་བ་ང་ཚོ་གླུ་བ་གྲགས་ཅན་ཞིག་ལ་མི་དོ་མི་མཉམ། བཅུ་གཉིས། སྐུ་བསོད་དཔལ་འབྱོར་ང་ཚོ་ཚོང་པ་ཞིག་གི་དོ་ཟླར་མི་འོང་མོད། ང་ཚོའི་ཁྱད་ཆོས་ནི། སྟོང་ཉིད་དང་རྟེན་འབྱུང་གི་ལྟ་བ། རྒྱལ་བའི་སྲས་ཀྱི་ཡིད་འོང་གི་སྤྱོད་པ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་ལ་དོན་དང་འབྲེལ་བ། དེའང་ཉམས་བཞེས་ཀྱི་སྒོ་ནས་གྲུབ་པའི་གོ་འཔང་བརྙེས་པ་བར་མ་ཆད་པར་བྱུང་བས་བདེན་པ་དང་ངེས་ཤེས་རྙེད་པ། རང་ཡིད་ཆེས་པ། གཞན་ལ་སྟོན་སྤྲོ་བ། དེས་ཤུགས་རྐྱེན་གྱིས་སྣོད་བཅུད་ལ་བདེ་བ་སྤེལ་བའི་མཐུ་དང་ལྡན་པ་ཡིན་ནོ།།