ཐེ་བོ་ཤེས་རབ་རྒྱ་མཚོ།
__བཙན་འཛུལ་དང་བྲོས་བྱོལ་དུས་སྐབས་ཏེ་ངའི་ཨ་མའི་བྱིས་དུས་ཀྱི་ཉིན་འགའ།
དུས་ཀྱི་ཆར་རླུང་གིས་ཀྱང་བསུབ་མི་ཐུབ་པ་ཞིག་ནི་ཁོའི་བྱང་ཁོག་སྟོད་དུ་ཨ་མས་བརྐོས་བའི་གཏམ་རྒྱུད་ཅིག་ཡིན་ལ། ལོ་ཟླའི་འགྲོས་དང་བསྟུན་ནས་འཚར་ལོངས་བྱུང་བ་དང་མཉམ་དུ་གཏམ་རྒྱུད་དེ་ནི་ཁོས་ རང་གི་ཕ་ཡུལ་གྱི་ལས་དབང་གི་འགྲེལ་བཤད་ཆེས་ཡག་ཤོས་དེ་ཡིན་པར་བསམས་ཡོད།
ཁོ་རང་བྱིས་པ་ཆུང་ཆུང་ཡིན་པའི་སྐབས་སུ་ཁོ་ཚོས་ནང་ལ་དགོང་ཟས་ཟོས་ཚར་རྗེས་སྣོད་ཆས་དང་ཁོ་ཚོའི་ཕོར་བ་རྣམས་དུས་རྒྱུན་ཨ་མས་བཀྲུ་དགོས་པ་དང་། ཨ་མས་རྒྱུན་ལྡན་བཀྲུ་དགོས་པའི་སྣོད་ཆས་དང་ཕོར་པ་རྣམས་གཙང་མ་བཀྲུས་ཚར་རྗེས་ཕུ་བོ་དང་ནུ་བོ། ཁོ་རང་བཅས་ལ་གོ་ཁ་ནས་གཏམ་རྒྱུད་བཤད་ཀྱི་ཡོད་པ་དང་། ཁོ་ཚོ་ཡང་ཨ་མས་བཤད་པའི་གཏམ་རྒྱུད་ལ་ཉན་རྒྱུར་ཤིན་ཏུ་དགའ། མཚན་མོ་རེ་རེར་ཨ་མས་བཤད་པའི་གཏམ་རྒྱུད་ལ་ཉན་སྐབས་དེ་ནི་དེང་སང་འུ་ཚོས་ཀོ་རི་ཡའི་བརྩེ་དུང་གི་གློག་བརྙན་ཞིག་ལ་བལྟས་བ་ལས་ཀྱང་དགའ་ལ་སྐྱོ་བའི་ཚོར་བ་ཐོལ་ཐོལ་དུ་སྟེར་བ་ཞིག་ཡོད་པ་ནི་ཁོ་ཚོའི་རེས་དགའ་རེས་སྡུག་གི་བྱད་བཞིན་གྱི་རྣམ་འགྱུར་ལས་གསལ་པོ་རྟོགས་ཐུབ།
“ཐོའོ་ཧྥིས་ལ་འབུད་ལོ་དེར་ང་རང་ལོ་བཅོ་ལྔར་སོན་མ་ཐག་ཡིན།” དགོང་མོ་ཞིག་ལ་ཁོའི་ཨ་མས་གཏམ་རྒྱུད་ཀྱི་འགོ་དེ་ལྟར་བཙུགས་བྱུང་། ཁང་པའི་ཕྱི་རོལ་ཏུ་རླུང་འཚུབ་ལྡང་མིན་དང་། མཁའ་དབྱིངས་སུ་ཟླ་བ་དང་སྐར་མ་ཡོད་མེད་ཐད་ཁོས་ཉམས་འཇོག་མ་བྱས་མོད། འོན་ཀྱང་གསལ་ལ་མི་གསལ་བའི་སྒྲོན་མེ་དེའི་འོད་ངོགས་ནས་ཨ་མས་བཤད་པའི་གཏམ་ རྒྱུད་དེས་ཁོ་ཚོ་སྐད་ཅིག་གིས་འཇིག་རྟེན་གཞན་ཞིག་ལ་དྲངས་སོང་།
ཐོའོ་ཧྥིས་ལ་འབུད་ལོ་ཞེས་པའི་ལོ་དེ་ནི་ཝུའུ་པ་རྙན་ནང་ལ་ཡིན་པ་དང་། ཁོའི་ཕ་ཡུལ་གྱི་རྒན་རྒོན་ཚོས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་བའི་སྐོར་ལ་ཁ་བརྡ་བྱེད་སྐབས། ཚང་མས་རྒྱུན་དུ་ཝུའུ་པ་རྙན་ནང་ལ་ཝུའུ་པ་རྙན་ནང་ལ་ཞེས་མང་པོ་ལབ་ཀྱི་ཡོད་པ་དང་། ཁོ་ཚོས་དེ་ལྟར་ཡང་ནས་ཡང་དུ་ལབ་ཀྱིན་པའི་ཝུའུ་པ་རྙན་ནང་ལ་ཞེས་པའི་ལོ་དེ་ནི། ཕྱི་ལོ༡༩༥༨ ལོར་གོ་དགོས་པ་དང་། དེ་ནི་བཅིངས་འགྲོལ་དམག་གིས་ཁོ་ཚོའི་ཕ་ཡུལ་ལ་དངོས་སུ་དྲག་པོས་བཙན་འཛུལ་བྱས་པའི་ལོ་དེ་ཡིན། དེང་སྐབས་ཁོ་ཚོའི་སྡེ་པ་དང་ལུང་པའི་ནང་ལ་ཝུའུ་པ་རྙན་ནང་ལ་ཝུའུ་པ་རྙན་ནང་ལ། ཞེས་རྒན་གཞོན་ཚང་མའི་ཁ་བྱང་རྣ་བྱང་དུ་གྱུར་པའི་སྐད་ཆ་དུམ་བུ་དེ་ང་ཚོས་བྱས་རྗེས་སམ་ནོར་འཁྲུལ་གང་ཞིག་ཏུ་བརྩི་དགོས་ཀྱང་། དེ་ནི་མིས་མི་གསོན་པོ་དམྱལ་ཟངས་ནང་ལ་འཚེད་པའི་ནམ་ཟླ་རིང་མོའི་ནང་ལ་སྟེ། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དེའི་ཁྲོད་ནས་ཁོ་ཚོའི་སྡེ་པ་དང་ཡུལ་ཚོའི་ནང་གི་ཡཱིས་ཨར་སན་སི་ཙམ་ཡང་མི་ཤེས་མཁན་གྱི་འགོ་ཁྲིད་དང་སྔོན་ཐོན་པ་དེ་ཚོ་ ཁོ་ནས་མ་ཡིན་ས་མི་འགྲོ་བ་ཞིག་ཡིན་ནའང་ད་ལྟ་ནི་དེའི་སྐོར་ལ་བཤད་མཁན་སུ་ཡང་ མེད་པར་གྱུར་འདུག
ཁོ་ཚོས་ཉིན་རེར་ཆུ་ཚོད་ཅི་ཙམ་གྱི་རིང་ལ་ལས་ཀ་བྱེད་དགོས་མིན་གསལ་པོ་ཞིག་མི་ཤེས་ནའང་ནམ་མ་ལངས་སྔོན་ལ་ལས་ཀ་འགོ་བཙུགས་ནས་ས་མ་རུབ་བར་དུ་ལས་མཚམས་འཇོག་ཆོག་གི་མེད་པ་དང་། དེ་ལྟའི་ཚད་ལས་བརྒལ་བའི་ངལ་རྩོལ་གྱིས་ཐང་ཆད་ནས་རོར་གྱུར་ཟིན་པའི་སྡེ་མི་རྣམས་རེ་རེ་བཞིན་ཐལ་རྡུལ་ཁྲོད་དུ་བརྩེངས་རྗེས། ཝུའུ་པ་རྙན་ནང་ལ་ཁྱོད་ཀྱིས་རྒྱལ་ཁབ་ལ་ངོ་ལོག་བྱས་ནས་ཐོའོ་ཧྥིས་ལ་འབུད་དུས་མི་དམངས་བཅིངས་འགྲོལ་དམག་ག་ཚོད་ཅིག་བསད་པ་ཡིན་དྲང་མོར་བཤད་དགོས། ཞེས་དགོང་མོ་ཕྱི་བོའི་བར་སྡེ་མི་རྣམས་ལ་རེ་རེ་བཞིན་འཐབ་རྩོད་དང་རྡུང་རྡེག་དྲག་པོ་གཏོང་གི་ཡོད་པ་དང་། འཐབ་རྩོད་དེ་ནི་ཉིན་རེའི་ངལ་རྩོལ་ཚར་རྗེས་དགོང་རེ་བཞིན་འཆར་ཅན་དུ་ཡོད་སྟབས་ཕར་བལྟས་ཚོད་ཀྱིས་གང་ཞིག་སྦྱོང་བརྡར་བྱེད་པ་དང་འདྲ་ཡང་། རྡུང་རྡེག་གི་འཐབ་རྩོད་དེའི་ཁྲོད་དུ་སྡེ་པའི་ནང་གི་མི་འགའ་ཞིག་འདས་གྲོངས་སུའང་གྱུར་མྱོང་།
དྲང་མོར་བཤད་ན། ཐོག་མའི་ཆར་སྡེ་པའི་ནང་གི་མི་མང་རྣམས་ལ་ཐོའོ་ཧྥིས་རེད་ལབ་མཁན་དེ་ཁོ་ཚོ་ལ་འབྲེལ་བ་སྤུ་ཙམ་མེད། ཕ་མེས་ཡང་མེས་རིང་ནས་རང་གི་ལག་ཟུང་གི་ངལ་རྩོལ་ལ་བརྟེན་ནས་རང་ས་རང་ཡུལ་དུ་ཞིང་ལས་དང་ཕྱུགས་ལས་ཆུང་ཚེགས་རེ་གཉེར་ནས། ཡིན་ལུགས་ཚུལ་མཐུན་གྱི་འཚོ་བར་རོལ་མཁན་གྱི་ཁོ་ཚོའི་སྡེ་མི་རྣམས་ཐོའོ་ཧྥིས་རེད་ལབ་མཁན་དེ་རྒྱ་ནག་གཞུང་ཡིན་པ་དང་། དེ་ལ་བརྟེན་ནས་ཧ་ཅང་གཉོམ་ཆུང་ཚུལ་མཐུན་དང་ཧ་ཅང་ཡ་རབས་གཞུང་དྲང་ཡིན་པའི་ཁོའི་ཕ་ཡུལ་གྱི་མི་མང་ཚོའི་སྟེང་ལ་རྒྱ་ནག་གིས་དངོས་སུ་དམག་བརྒྱབ་པ་རེད། དེ་ལྟ་ནའང་ཁོའི་ཕ་ཡུལ་གྱི་རྒན་རྒོན་ཚོས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་བས། ཁོ་ཚོའི་སེམས་ལ་ཐོའོ་ཧྥིས་ཟེར་བའི་ཡིག་འབྲུ་གཉིས་པོ་དེར་སྡེ་མི་དག་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་ལ་བདའ་ལུང་བདའ་བྱས་པའི་གོ་དོན་ཡོད་པར་བསམས་ནས་ཡིན་པ་འདྲ་སྟེ། ཁོང་ཚོས་ཀྱང་མཚམས་རེ་སྐབས་དེའི་ལོ་རྒྱུས་ཕྱིར་དྲན་བྱེད་སྐབས་ཐོའོ་ཧྥིས་ལ་འབུད་ལོ་དེར་ཅིག་ཅིག་ཉིག་ཉིག་བྱས་རབས་བྱས་ཚུལ་བཤད་ནས་སོ་སོས་སོ་སོ་རང་ཉིད་ཐོའོ་ཧྥིས་ལ་བུད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ཨ་མ། ཐོའོ་ཧྥིས་ལབ་ན་ཅི་རེད།” ཁོའི་ཕུ་བོས་ཡང་བསྐྱར་ཨ་མས་གཏམ་རྒྱུད་བཤད་མཚམས་བཅད་སོང་། ནུ་བོ་དང་ཁོ་གཉིས་ལ་བལྟས་ན་ཕུ་བོ་ནི་ལོ་ན་དགའ་རབ་ཆེ་བས་བྱ་དངོས་དག་ལ་དོགས་ འདྲི་དང་དོགས་འཇུག་བྱེད་པའི་བསམ་བློའི་ནུས་སྟོབས་སྨིན་འདུག “ཝུའུ་པ་རྙན་ནང་ལ་རྒྱ་དམག་ཡོང་དུས་འུ་ཚོའི་སྡེ་པའི་ནང་གི་མི་ཚང་མ་རི་མགོར་བྲོས་ནས་སྦས་བསྡད་པར་བརྟེན་རྒྱ་དམག་གིས་འུ་ཚོར་ཐོའོ་ཧྥིས་ལབ་པ་རེད།” དེ་ནི་ཨ་མས་ཕུ་བོར་འགྲེལ་བཤད་བརྒྱབ་པའི་ཐོའོ་ཧྥིས་ཀྱི་ནང་དོན་ཡིན་པ་དང་། ཁོས་ཡུན་རིང་པོའི་བར་དུ་རང་གི་སེམས་པའི་ཟབ་སར་ཉར་བའི་ཐོའོ་ཧྥིས་ཀྱི་ནང་དོན་ཡང་ཡིན་ལ། ཁོ་ཚོའི་སྡེ་པའི་ནང་གི་རྒན་རྒོན་ཚོའི་ཡིད་ལ་དམ་པོར་ངེས་བའི་ཐོའོ་ཧྥིས་ཀྱི་ནང་དོན་ཡང་ཁོའི་ཨ་མས་གང་བཤད་པ་དེའི་ར་བ་ལས་སོར་གང་ཙམ་ཡང་འདའ་ཐུབ་མེད།
“ཨ་མ། རྒྱ་དམག་དང་པོ་ག་འདྲ་བྱས་ནས་སླེབས་པ་རེད།” ཡང་བསྐྱར་ཁོའི་ཕུ་བོས་གློ་བུར་དུ་ཨ་མའི་གཏམ་རྒྱུད་བཤད་མཚམས་བཅད། “ག་རེ། དེ་ནམ་རེད་ར།” ཁོའི་ཨ་མས་དེ་ལྟར་ཡུད་ཙམ་ལ་བསམ་གཞིགས་ཤིག་བྱས་རྗེས། “ཨོ་རེད། ནམ་ལང་མ་ལང་གི་མཚམས་ཤིག་ལ་རེད། ཕལ་ཆེར་ཝུའུ་པ་རྙན་ནང་གི་ཟླ་བ་བརྒྱད་པ་དགུ་པ་ཞིག་གི་ནང་ལ་ཡིན་པ་འདྲ།” དགོང་མོ་དེར་ཁོའི་ཨ་མས་ཕྱེ་བཏག་ནས་མཆིག་ཁང་ནང་ལ་བསྡད་ཡོད་པ་དང་། ས་གང་དུའང་དྭ་ཕྲུག་ཚོའི་ལས་དབང་ནི་ཧ་ཅང་ཉམ་ང་བ་ཞིག་སྟེ་ཁོ་ཚོ་ནི་ག་དུས་ཡིན་ནའང་ཁེར་རྐྱང་ཡིན། མོ་ལ་ཡང་དགོང་མོ་དེར་མཆིག་ཁང་ནང་ཕྱེ་འཐག་རོགས་བྱེད་མཁན་གྱི་རོགས་པ་ནི་ཁོ་མོའི་གྲིབ་མ་ལས་མེད། ནམ་ལང་མ་ལང་མཚམས་ཤིག་ལ་གློ་བུར་དུ་མེ་མདའ་བརྒྱབ་པའི་སྒྲ་འཕྲོ་རིམ་འཕྲོར་གོ་ནའང་། མོས་མེ་མདའ་རྒྱག་མཁན་དེ་དག་སུ་ཡིན་མིན་གཏན་ནས་མ་ཤེས་ལ། མོ་ནང་བཞིན་སྡེ་པའི་ནང་གི་མི་མང་པོས་ཀྱང་ཕལ་ཆེར་ཤེས་མེད།
འོན་ཀྱང་ཅུང་ཙམ་རྗེས་མེ་མདའི་སྒྲ་འཇགས་སོང་བས་མོ་ད་དུང་སྔར་བཞིན་ཉལ་ནས་བསྡད། ཡིན་ནའང་ཡུན་རིང་མ་འགོར་བར་ཡང་བསྐྱར་མེ་མདའི་སྒྲ་བསྟུད་མར་གྲགས་བྱུང་བས། མོ་ལའང་ཞེད་སྣང་དང་བྲེལ་འཚུབ་ཅིག་ལངས། མོའི་སེམས་ལ་ཞོགས་ཀ་སྔ་མོ་ནས་མེ་མདའ་དེ་འདྲ་མང་པོ་ག་རེ་བྱས་ནས་རྒྱག་གི་ཡོད་དམ་སྙམ་ནས་མཆིག་ཁང་གི་སྒོར་བུད་པ་དང་། དོག་ཅིང་ཕྲ་བའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དེ་དེད་ནས་སྡེ་པའི་ཕྱོགས་སུ་ཡར་ཡོང་བཞིན་པའི་ལམ་སྐེད་ནས་སྡེ་བའི་ནང་གི་མི་མང་པོ་ཞིག་ཕར་ཁ་ཁུགས་ལ་ལམ་གང་ཐོབ་ཀྱིས་འབྲོ་བཞིན་པ་མཐོང་ནའང་། མོས་ཞོགས་ཀ་སྔ་བོ་ནས་མེ་མདའ་དེ་དག་དོན་ངོ་མ་རྒྱག་མཁན་དག་སུ་ཡིན་མིན་མ་ཤེས་མོད། མོའི་སེམས་ལ་སྡེ་པའི་ནང་དུ་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་བཀྲ་མ་ཤིས་པ་ཞིག་བྱུང་ཟིན་པ་ཚོར་བས། དེ་མ་ཐག་མོས་མཆིག་ཁང་ནས་ཁྱིམ་ལ་འགྲོ་སའི་ལམ་དེ་བསྐྱུར་ནས་ཕར་ཁ་ཁུགས་ལ་འབྲོ་བཞིན་པའི་མི་དེ་ཚོའི་རྗེས་སུ་བྲོས།
ཕར་ཁ་ཁུགས་ནི་ཞིང་ས་གཤིན་པོ་ཞིག་གི་མིང་ཡིན་ལ། དེ་ནི་ཁོ་ཚོའི་སྡེ་པའི་སྔོན་གྱི་མཆིག་ཁང་ཡོད་སའི་ལུང་གཤོང་ཆུང་ཆུང་དེའི་ཕར་ཕྱོགས་ཀྱི་སྒང་ན་ཡོད། མཆིག་ཁང་ནི་ཁོ་ཚོ་སྡེ་པ་དང་ཕར་ཁ་ཁུགས་བར་གྱི་ལུང་གཤོང་ཆུང་ཆུང་དེའི་མཐིལ་དུ་ཡོད་སྟབས་བསྐོར་ནས་མ་སོང་ཚེ་ཐད་ཀར་འགྲོ་ལམ་མེད་པས་ཕལ་ཆེར་སྤྱི་ལེ་གཅིག་ཙམ་གྱི་བར་ཐག་ཡོད། དབུགས་འཚང་ཞིང་མགོ་ལུས་ཡོངས་རྫོགས་རྔུལ་ནག་གིས་གཤེར་ནས་རློན་རྐྱང་ཆགས་ཟིན་པའི་ཁོ་མོས་སྲོག་བསྡོས་ཀྱིས་ཕར་ཁ་ཁུགས་བརྒལ་ནས་ས་དཀར་ཐེམ་པ་ལ་བསླེབས་དུས་མོའི་སྔུན་ན་ཁོ་ཚོའི་སྡེ་པའི་ནང་གི་རྒན་མོ་ལོ་ལོན་ཞིག་དང་བུ་མོ་ཆུང་ཆུང་ གསུམ་ཡང་དབུགས་ཧལ་ཧལ་གྱིས་འབྲོ་བཞིན་འདུག མོས་རང་ཉིད་ནང་བཞིན་ལུས་པོ་ཡོངས་རྫོགས་རྔུལ་ནག་གིས་ཁེངས་ནས་སྲོག་བསྡོས་ཀྱིས་འབྲོ་བཞིན་པའི་ཁོ་མོ་ཚོ་ས་དེ་ནས་རྗེས་ཟིན་སྐབས་གཞི་ནས་ཞོགས་པ་མེ་མདའ་རྒྱག་མཁན་དེ་ཚོ་ནི་རྒྱ་དམག་ཡིན་པ་ཤེས།
ས་དཀར་ཐེམ་པ་ནི་ཕར་ཁ་ཁུགས་ཀྱི་ཞིང་ཁ་བརྒལ་རྗེས་ནགས་ཚལ་དང་ཞིང་ཁ་གཉིས་འདྲེས་མཚམས་ཀྱི་ས་དཀར་གྱི་ཐེམ་པ་ཆུང་ཆུང་འགས་གྲུབ་པའི་ཞིང་ཁུགས་ཆུང་ཆུང་ཞིག་ཡིན་ལ། ཞིང་ཁུགས་ཆུང་ཆུང་དེ་བརྒལ་ཚེ་སྒང་དགུ་ཐོག་ཅེས་པའི་ནགས་ཚལ་དེའི་སྣེ་ཟིན་ཡོད་པས། བྲོས་བྱོལ་བ་ཞིག་ལ་མཚོན་ནས་བཤད་ན་དེར་བསླེབས་ཚེ་སེམས་ལྷོད་ལ་འབབ་ཁོ་ཐག་ཡིན་པ་དང་། ཧ་ཅང་རྫོང་མཐུག་པའི་གདོད་མའི་ནགས་ཚལ་ཆེན་པོ་དེའི་ནང་ལ་གབ་སྦས་བྱས་ཡོད་པའི་མི་ཞིག་འཚོལ་རྒྱུ་ནི་རྒྱ་མཚོའི་མཐིལ་ལ་རྒྱ་ཁབ་བཙལ་བ་ལྟར་ལས་སླ་པོ་རྙེད་མི་ཐུབ་པ་ཡིན།
དེ་ལྟ་ནའང་། ལམ་འགྲོ་མ་རྒྱུག་པ་ཞིག་ནི། རྒྱ་དམག་གིས་མདུན་ཕྱོགས་སུ་སྒུག་ར་སྤྲད་ནས་བསྡད་ཡོད་པ་དང་། སེམས་ལྷོད་ལ་བབ་ནས་འགྲོ་བཞིན་པའི་ཁོ་མོ་ཚོས་སྐབས་དེར་ད་དུང་རང་ཉིད་སོ་སོ་རྒྱ་དམག་གི་སྒུག་ར་དེའི་ཕྱི་རོལ་ཏུ་ཐར་མེད་པ་གཏན་ནས་ཤེས་མེད། གློ་བུར་དུ་ཡོས་བརྔོས་པ་ལྟ་བུའི་མེ་མདའི་སྐད་སྒྲ་ཡིས་ལོ་ན་ཧ་ཅང་ཆུང་བའི་བུ་མོ་དེ་གསུམ་པོ་སྲན་ཕུང་ཆུང་ཆུང་ཞིག་དང་འདྲ་བར་གང་ཞིག་ལ་གཏོར་སོང་བ་མ་ཤེས་མོད། བུ་མོ་དེ་ཚོའི་ནང་གི་ལོ་ན་ཆེ་ཤོས་ནི་མོ་རང་ཡིན། ལམ་ཁའི་གཡོན་ཕྱོགས་ཀྱི་ལྕང་གསེབ་ནས་ཀྱང་སྐད་མཐོན་པོས་ཅི་ཞིག་བཤད་པ་དང་མཉམ་དུ་མེ་མདའ་ཐག་ཐག་ཐག་བརྒྱབ་ཡོང་གི་ཡོད་པར་བརྟེན། ཚེར་ཕུང་གིས་ཁེངས་བའི་ལམ་འོག་གི་གྲོག་རོང་དེ་ནི་ཤིན་ཏུ་གཟར་མོ་ཞིག་ཡིན་ཡང་ སྐྲག་སྣང་གི་འོག་ནས་བསམ་ལོང་དྲན་ལོང་མེད་པའི་མོ་གྲོག་རོང་དེའི་ཁ་ནས་མར་ མཆོངས།
མོ་བྲག་གཡང་ལ་མཆོངས་སྐབས་མོའི་ལྟག་རྒྱབ་ཏུ་ཨག་རིང་དང་འཁུན་སྒྲ་ཞིག་ཇེ་མཐོ་ནས་ཇེ་དམར་གྱུར། གང་ལྟར་མོ་བྲག་སྐྱིབས་ཤིག་གི་འོག་ཏུ་འཛུལ་ནས་རྒྱ་དམག་རྣམས་ས་དེ་ནས་མ་སོང་བར་དུ་བསྡད་པ་དང་། མོས་བྲག་སྐྱིབས་དེའི་འོག་ནས་ག་ལེར་མགོ་བོ་བཀྱགས་ནས་ཡར་ལྟ་སྐབས། མོ་རང་གི་སྐེ་ན་བྱུ་རིའི་སྐེ་རྒྱན་ཆུང་ཆུང་སྙིང་རྗེ་མོ་ཞིག་ཡོད་པ་དེ་བྲག་ གཡང་གི་ཁ་ཡི་ཚེར་ཕུང་ཞིག་གི་སྣེ་ལ་དཔྱངས་ནས་ཡལ་ག་དང་མཉམ་དུ་ད་དུང་ག་ལེར་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་པ་མཐོང་། མོ་བྲག་སྐྱིབས་དེའི་འོག་ཏུ་གབ་ནས་སྡོད་སྐབས་རྒྱ་དམག་རྣམས་མོ་གབ་སའི་བྲག་སྐྱིབས་དེའི་སྟེང་ལ་རྒྱུག་ཡོང་ནས་འུར་མང་པོ་ཞིག་བརྒྱབ་སོང་མོད། འོན་ཀྱང་རྒྱ་སྐད་ཡིན་སྟབས་ཁོ་ཚོས་ག་རེ་བཤད་ཀྱི་ཡོད་མེད་མོས་གཏན་ནས་ཧ་གོ་མེད།
བྲག་སྐྱིབས་དེའི་འོག་ནས་མར་བལྟས་ན་ཆོ་ཝོ་མ་ཎིའི་ཉིན་ངོས་ཀྱི་རི་འདབས་ནས་རི་སྐེད་ལ་འཐེན་ཡོད་པའི་རྐང་ལམ་ཀྱག་ཀྱོག་དེ། ལག་མཐིལ་གྱི་རི་མོ་བཞིན་གསལ་པོ་མཐོང་ཐུབ་པ་དང་དེ་ནི་མོ་རང་སྲིབ་ངོས་སུ་ཡོད་པས་ཡིན། ཅུང་ཙམ་རྗེས་ཀྱག་ཀྱོག་གི་ལམ་བུ་དེའི་ནང་ལ་མི་ཞིག་མངོན་བྱུང་བ་དང་། མི་དེ་ཡང་ལམ་བུ་དེ་བརྒྱུད་ནས་འབྲོ་བཞིན་འདུག མོ་གབ་སའི་བྲག་སྐྱིབས་སྟེང་གི་རྒྱ་དམག་དེ་ཚོས་ཆོ་ཝོ་མ་ཎི་ལུང་གི་ཉིན་ངོས་ཀྱི་རྐང་ལམ་ཀྱག་ཀྱོག་དེ་བརྒྱུད་ནས་འབྲོ་བཞིན་པའི་མི་དེའི་སྟེང་ལ་མེ་མདའ་ཁ་བསྒྲིགས་ནས་མང་པོ་བརྒྱབ་ན་ཡང་། མི་དེ་ཐལ་འཚུབ་དང་བཅས་ཏེ་ཡར་བྲོས་མར་བྲོས་ཐེངས་འགའ་བྱས་རྗེས་མེ་མདའ་དེ་ཚོའི་ཁ་ནས་ཐར་སོང་བར་བལྟས་ན་མོའི་སེམས་ལ་མི་དེ་ཡང་མོ་རང་ནང་བཞིན་ད་རུང་ཤི་ཚད་ལ་ཐོན་མེད་པ་འདྲ་སྙམ།
ཉིན་གུང་ཡོལ་ཙམ་གྱི་རྗེས་ད་གཟོད་རྒྱ་དམག་དེ་ཚོ་གང་ཞིག་ལ་གཤར་ནས་བུད་སོང་བས། རེ་ཞིག་ཁ་ཁུ་སིམ་མེར་གྱུར་ནའང་། གློ་བུར་དུ་གང་ཞིག་ནས་འཕུར་ཡོང་བའམ་དངངས་སྐྲག་གིས་དེད་བྱུང་བའི་ཁྭ་ཏ་ཁྱུ་ཞིག་གིས་ཧ་ཅང་རྣ་བར་གཟན་པའི་ཨག་སྐད་ཀྱིས་ལྷིང་འཇགས་ཡོད་ཚད་དུས་གཅིག་ཏུ་དཀྲོགས་པ་དེས་མོའི་སེམས་ལ་དངངས་སྐྲག་ཅིག་སྐྱེས་ཤིང་བསམ་བློ་གཏོང་གིན་གཏོང་གིན་རྣམ་རྟོག་ཅིག་ཏུ་གྱུར་བས། མོས་ལྐོག་ནས་“ཁ་ནང་ལ་ཐལ་བ་འདེབས་རྒྱུ་”ཞེས་ཁྭ་ཏ་དེ་ཚོར་དམོད་བོར། ཉིན་གང་བོ་བྲག་སྐྱིབས་དེའི་འོག་ནས་ཟ་རྒྱུ་ཁམ་གང་དང་འཐུང་རྒྱུ་ཧུབ་གང་ཡང་མེད་པས་ད་ལྟ་མོའི་གྲོད་ཁོག་ལྟོགས་པ་དང་ཁ་ཡང་སྐོམ་འདུག ས་རུབ་ལ་ཉེ་སྐབས་གཞི་ནས་སྐྲག་ཞོར་དང་འདར་ཞོར་གྱིས་བྲག་སྐྱིབས་དེའི་འོག་ནས་ག་ལེར་ཕྱིར་བུད་རྗེས། བྲག་ཤུར་ཞིག་བརྒྱུད་གྲོག་རོང་ཁའི་རྐང་ལམ་ནང་ལ་ཐོན་དུས་རྒན་མོ་ལོ་ལོན་དེ་ལམ་གྱི་གཡས་ཟུར་དེ་ག་རང་ལ་མེ་མདའ་བརྒྱབ་ནས་བསད་ཡོད་ནའང་། བུ་མོ་ཆུང་ཆུང་དེ་ཚོ་གང་ཞིག་ལ་བྲོས་སོང་བའི་ཤུལ་རྗེས་ཙམ་ཡང་མཐོང་རྒྱུ་མི་འདུག
མོ་སོང་སོང་ནས་མུ་མཐའ་མེད་པའི་ནགས་ཚལ་ཆེན་པོ་དེའི་ནང་ལ་སླེབས་དུས། ཞོགས་ཀ་མེ་མདའི་སོ་ཁ་ནས་མཐར་སོང་བའི་བུ་མོ་ཆུང་ཆུང་དེ་ཚོ་སྔ་ས་ནས་དེར་ཐོན་ཡོད་པར་མ་ཟད། ད་དུང་སྡེ་བའི་ནང་གི་བྲོས་བྱོལ་བ་མང་པོ་ཡང་ནགས་གསེང་དེར་ཐོན་འདུག དགོང་མོ་དེར་ཚང་མ་བཀྲེས་ལྟོགས་ཀྱིས་གཟིར་ཡང་དགོང་ཟས་ཟ་རྒྱུ་ཅི་ཡང་མི་འདུག མི་མང་ཤོས་ཞོགས་ཀ་སྔ་མོ་ཉལ་སའི་ནང་ནས་བྲོས་ཡོང་བར་བརྟེན་ལག་ཏུ་བཟའ་རུང་བ་དང་བཏུང་རུང་བའི་དངོས་བོ་གང་ཡང་འཁྱེར་རྒྱུ་བྱུང་མི་འདུག མོས་ཁོ་ཚོ་ལ་རང་གི་ནང་མི་མཐོང་ཡོད་མེད་སྐད་ཆ་དྲིས་སྐབས་ཚང་མས་གདོང་གློད་ནས་མཐོང་མ་སོང་དང་ཐུག་མ་སོང་ཟེར་ནས་སྐད་མགོ་ཇེ་དམར་གྱུར་བ་དེས་མོའི་སེམས་ལ་ཆུ་འཁྱགས་ཐོམ་གང་བླུགས་པ་ལྟར་བྱས།
མོས་རང་ཉིད་ཀྱི་རྐང་པའི་སྟོབས་ཤུགས་ཡོད་ཚད་བཏོན་ནས་རི་ལུང་སྟོང་ཕྲག་དང་ཆུ་བོ་ཁྲི་ཕྲག་བརྒལ་རྗེས་ཀྱི་ཉིན་ཞིག་གཞི་ནས་རང་གི་ནང་མི་ཚོ་རྙེད་ཅིང་། ཁོ་མོས་ཁོང་ཚོ་རྙེད་དུས་ཁོང་ཚོ་ནི་བླ་གཡི་ནང་ཟེར་བའི་གདོད་མའི་ནགས་ཚལ་ཆེན་པོ་དེའི་ནང་དུ་བསྡད་འདུག་ལ། ཁོང་ཚོས་སྔ་ས་ནས་མོ་རྒྱ་དམག་གིས་བསད་པར་རྩིས་ཡོད་པ་ནང་བཞིན། མོས་ཀྱང་རང་གི་ནང་མི་རྣམས་རྒྱ་དམག་གིས་སྔ་ས་ནས་བསད་ཚར་བ་འདྲ་བསམས་ནས་དངངས་སྐྲག་དང་སེམས་ཁྲལ་ཁོ་ནས་བསྐྱལ་བའི་ཉིན་འགའི་རྗེས་ཀྱི་ལྷན་འཛོམས་དེ་ཅི་འདྲའི་སྐྱིད་པོ་ཞིག་ཡིན་ནའང་། ཁོ་ཚོ་ཐུན་མོང་ལ་ད་དུང་སེམས་ཁྲལ་ལྷག་མ་ཞིག་ཡོད་པ་དེ་ནི་རང་གི་མིག་མདུན་ན་སྔ་ཕྱི་མ་གཏོགས་འབྱུང་སྲིད་པའི་དམར་གསོད་གཞན་ཞིག་གིས་སྒུག་ཡོད་མེད་དེ་རེད།
ལོ་འགའི་སྔོན་ལ་ཨ་མས་རང་ཉིད་འཇིག་རྟེན་འདིར་ཁེར་རྐྱང་དུ་བཞག་ནས་གཏན་དུ་ཆས་སོང་བ་དེས་མོའི་སེམས་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་བྱུང་ནའང་། གལ་སྲིད་ཨ་མ་ཡོད་རྒྱུ་ན་ཨ་མས་ཀྱང་དེ་རིང་རྒྱ་དམག་གི་མེ་མདའི་འོག་ནས་རང་ཉིད་དང་མཉམ་དུ་དཀའ་སྡུག་འདི་མྱོང་དགོས་སྟབས། དེ་རིང་མོའི་སེམས་ལ་ལོ་འགའི་སྔོན་རང་གི་ཨ་མས་རང་ཉིད་འཇིག་རྟེན་འདིར་ཁེར་རྐྱང་དུ་བཞག་ནས་གཏན་དུ་ཆས་སོང་བ་དེ་ཏག་ཏག་འགྲིག་འདུག་སྙམ་ནས་དགའ་བ་ཞིག་ཀྱང་སྐྱེས།
ཡིན་ན་ཡང་། མོའི་སེམས་ལ་བྲོས་བྱོལ་བའི་ལམ་ནས་ཐུག་པའི་སྡེ་པའི་ནང་གི་མི་དེ་ཚོའི་ཁྲོད་ནས་མང་པོ་ཞིག་འབྱུང་འགྱུར་གྱི་ཟླ་འགའམ། ལོ་འགའི་ནང་གཡུལ་ས་ནས་གཟི་བརྗིད་ཀྱིས་འཆི་རྒྱུ་ཡིན་པ་དང་། མང་པོ་ཞིག་རྒྱ་ནག་གི་བཙོན་ཁང་ནས་དུས་གཏན་དུ་ཕྱིར་འོང་མེད་པ་དེ་ཁྱོན་ནས་ཤེས་མེད། ཁོའི་བྱང་ཁོག་སྟོད་ན་གེ་སར་གྱི་སྒྲུང་ལས་རིང་བའི་གཏམ་རྒྱུད་མང་པོ་ཞིག་བརྐོས་ཡོད་ནའང་ནུབ་མོ་དེར་ཁོས་བཤད་མཚམས་འདི་ནས་བཞག་སོང་།
ཁོའི་ཨ་མས་རྒྱ་ཡིག་འབྲི་ཀློག་མི་ཤེས་པས་རང་ཉིད་དང་རང་ཉིད་ཀྱི་སྡེ་མི་དག་ ཐོའོ་ཧྥིས་ཡིན་བསམ་པ་དེ་ཅི་ཁག ཁོས་ཀྱང་སྐབས་དེར་དེ་ག་རང་བསམ་མྱོང་བ་དང་། སྡེ་མི་མང་པོ་ཞིག་གིས་ཀྱང་དེ་ག་རང་བསམ་ཡོད་པ་རེད། ཡིན་ཡང་དོན་དངོས་ཐོག་ཁོ་ཚོའི་ཕ་མེས་ཡང་མེས་དེ་ཚོས་རང་ས་རང་ཡུལ་དུ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཞིང་ལས་དང་ཕྱུགས་ལས་ཆུང་ཚག་རེ་གཉེར་ཏེ་ཡིན་ལུགས་ཚུལ་མཐུན་གྱི་འཚོ་བ་སྟབས་བདེ་རེ་སྐྱེལ་བཞིན་བསྡད་པ་ལས་འཕྲོག་བཅོམ་ལྟ་ཅི། ཐ་ན་མི་གཞན་གྱི་དངོས་རྫས་ཁབ་སྐུད་ཙམ་ཡང་མ་བྱིན་པར་བླངས་མ་མྱོང་བས། གཅིག་བྱས་ན་སྐབས་དེའི་ཁོ་ཚོའི་ཚིག་མཛོད་ནང་དུ་“ཐོའོ་ཧྥིས་”ཟེར་བའི་ཐ་སྙད་འདི་ལྟ་ཅི་སྨོས། དེའི་གོ་དོན་དང་ཁད་ཉེ་ཙམ་ཡིན་པའི་ཐ་སྙད་ཅིག་ཀྱང་ཡོད་མི་སྲིད་པ་ཡིན།
1 土匪 ཞེས་བའི་རྒྱ་སྐད་ཀྱི་སྒྲ་གདངས་ལྟར་བྲིས་བ་ཡིན་ལ། དེ་ནི་ཇག་པ་ཞེས་པའི་དོན་ཡིན་ལ། རྒྱ་ནག་གིས་བོད་པ་ཚོར་土匪 རེད་ལབ་ནས་དྲག་གནོན་བྱས། ཤིན་ཧྭ་ཚིགས་མཛོད་དུ་土匪ལ་འགྲེལ་བཤད་འདི་ལྟར་བརྒྱབ་འདུག [土匪] 在地方上抢劫财物,为非作歹,残害人民的武装暴徒。
རྒྱ་སྐད་ཀྱིས་58 年ཞེས་པའི་སྒྲ་གདངས་ཡིན།
རྒྱ་སྐད་ཀྱིས་༡ ༢ ༣ ༤ ཞེས་གྲངས་རྩི་ཚུལ་ཡིན།
ངའི་ཕ་ཡུལ་གྱི་སྡེ་མི་ཚོས་རིག་གནས་མེད་ཀྱང་ཡོད་མདོག་སྟོན་མཁན་ལ་མཐོང་ཆུང་བྱས་ནས་བཤད་སྟངས་ཤིག་ཡིན་ལ། ཁོ་ཚོའི་སེམས་ལ་རིག་གནས་ནི་རྒྱའི་སྐད་ཡིག་ཤེས་མིན་ཐོག་ནས་འཇོག་དགོས་བར་ བསམས་ཡོད་པ་དང་། དེས་ཀྱང་གནས་སྟངས་གཞན་ཞིག་མཚོན་གྱིན་ཡོད།
སྙིང་ཁྲག་མཆོད་རྒྱུའི་དགྲ་དམག་གྱི་བཙན་འཛུལ་བྱེད་སྟངས་ཀྱི་གཡོ་ཁྲམ་ནི་གཅིག་ཡིན་པ་འདྲ། ང་བརྒྱད་ལོར། ང་ཚོའི་ས་རུ་ཡང་ནམ་ལང་མ་ལང་ལ་མེ་རྩེག་བཀོད་ནས་བོད་མང་བསད་པ་རེད་ཟེར།
དངོས་བྱུང་འདི་ཞིབ་འབྲི་ཞིག་བྱོས་དང་དྲིན་ཆེན་པོ། ང་ཚོས་ཐེ་བོ་དཔའ་བོས་དཔའ་རྟགས་བཞག་པ་མང་པོ་གོ་མྱོང་། ལོ་རྒྱུས་འདི་འདྲ་གོ་ན་སྙིང་ལང་གི། ཀློག་འདོད་ཀི།
གནམ་ལགས། བྱིས་པ་ཡིན་དུས་གཏམ་རྒྱུད་འདིའི་རིགས་མང་པོ་གོ་མྱོང་ཡང་ད་ལྟ་བརྗེད་ངེས་ཀྱིས་འཁྱེར་ཚར་འདུག
དེའི་སྐབས་ཀྱི་མྱི་ཐོག་རྫོགས་ཐལ། དེའི་འཕྲོ་འི་མྱིས་དྲན་པ་བརྗེད་དེ་བཤད་མ་ཐུབ་ན། རང་གི་ཨ་མྱེས་ཡང་མྱེས་ཚོའི་རིང་གི་ཤ་འཁོན་ལ་རང་ཉིད་འབྲེལ་མ་ཐུབ་པས། ད་ལྟའི་མྱི་རབས་ཚོས་དེབ་ཐར་དཀར་དམར་ཞིག་ཀློག་ཙམ་ལས། སྙིང་ཁྲག་ལ་ཚ་རླབས་འཕྱུར་བའི་མཐུ་ནུས་མི་ཐོན་པས། སེམས་སྐྱོའོ།
བཀླགས་ན་སྙན་ཞིང་བསམས་ན་ནང་དོན་ལྡན་པ་ཞིག་རེད་།