ཧོར་གཙང་འཇིགས་མེད།
དང་བོ། རང་ཉིད་དང་འབྲེལ་བ།
ངས་སྤྱི་ལོ་༡༩༨༠ ལོའི་བོད་ཟླ་༡༠ ཚེས་༡༦ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཉིན་མ་གཏོགས་གྲྭ་ཆས་དང་ཁ་བཏགས་སོགས་མཐོང་མྱོང་མེད་ཅིང༌། བོད་ཀྱི་བླ་ཆེན་དང་མི་ཆེན་གང་ན་སུ་བཞུགས་ཀྱི་སྐོར་དེ་བས་ཀྱང་ཤེས་ཀྱིན་མེད། གུང་ཐང་ཁྲི་ཆེན་མཆོག་གི་གནས་ཚུལ་ཞིབ་ཕྲ་མི་ཤེས་པའང་གཅིག་མཚུངས་ཡིན།
སྤྱི་ལོ་༡༩༧༠ དོན་གྲངས་སུ་ཨ་མ་དང་ཨ་ཕྱི་རྒན་མོ་སོགས་ངའི་ནང་མི་ཚོས། ཨ་ཁུ་ངག་དབང་གན་སྐྲག་ཤོར་ཡིན་པས་ཨ་ལགས་ཚང་ལ་སྐོར་ཞིག་རྒྱག་ཏུའང་འགྲོ་ཐུབ་ཀྱིན་མི་འདུག་ཅེས་ལྐོག་ཤུབ་ལྟ་བུ་བྱེད་ཀྱིན་ཡོད་པ་ལན་དུ་མར་ཐོས་ཀྱང༌། ཕྱིས་བླ་བྲང་ལ་སོང་ནས་མ་གཏོགས་འཆར་སྣང་སྤྱི་བམ་ཙམ་ལས་ནང་མིའི་སྐད་ཆ་དེ་དག་གི་གོ་དོན་དངོས་གནས་ཤེས་རྟོགས་འབྱུང་མ་ཐུབ།
ཨ་ཁུ་ངག་དབང་ནི་བདག་གི་མི་རབས་གོང་མའི་ཞང་ཚན་དུ་གཏོགས་པ་ཞིག་ཡིན་ལ། སྨན་རྩིས་སོགས་རིག་གནས་དུ་མ་ལ་སྦྱངས་པ་མི་དམན་པ་ཡོད་ཅིང༌། གུང་ཐང་བསྟན་པའི་སྒྲོན་མེའི་ཕྱག་བྲིས་ཀྱི་རྒྱུན་བཞུགས་པས་གུང་ཐང་དྲུང་ཡིག་ཏུ་བསྐོས་པར་གྲགས། ཡིག་འབྲུ་རེ་རེའི་དབྱིབས་གཟུགས་འབྲི་ཚུལ་གྱི་དཔེ་མཚོན་དང་བཅས་པའི་ཁྲིད་རྒྱུན་བཞུགས་པས་བྲིས་ཚུགས་ཤིན་ཏུ་ལེགས།
ཨ་ཁུ་ངག་དབང་སྙིང་སྟོབས་ཆུང་དྲགས་པས་ཡིན་ནམ། ཕྱི་གཟབ་ནང་གཟབ་བྱེད་རྒྱུ་མང་དྲགས་པས་ཡིན་ནམ་གང་ལྟར་གུང་ཐང་རིན་པོ་ཆེ་མཆོག་བཙོན་ཁང་དུ་རྒྱུན་རིང་བཞུགས་སྐབས་གསོལ་ཆས་རེ་འབུལ་དུའང་འགྲོ་མ་སྤོབས་པ་ཡིན་ཚོད། ཡིན་ནའང་ང་ལ་མཚོན་ན་ཨ་ཁུ་ངག་དབང་གི་སྟབས་ཀྱིས་སྣང་ལ་མ་ངེས་པ་ལྟ་བུའི་ངང་ཨ་ལགས་གུང་ཐང་ཚང་ཟུར་ཙམ་ཤེས་ཀྱིན་འདུག
སྤྱི་ལོ་༡༩༨༡ ལོའི་ཟླ་༣ ནང་བླ་བྲང་ཚོགས་ཆེན་རྡོ་གཅལ་ར་བའི་ནང་ཐེངས་དང་བོར་ཨ་ལགས་གུང་ཐང་ཚང་མཇལ་བའི་གོ་སྐབས་ཐོབ། དེ་ནི་གཞུང་འབྲེལ་གྱི་ཚོགས་འདུ་ཞིག་རེད་ལ། ང་ལ་མཚོན་ན་ཚོགས་འདུ་དེ་ཤིན་ཏུ་སྟབས་མ་ལེགས་པའི་ཚོགས་འདུ་ཞིག་ཡིན་ཀྱང༌། སྟབས་མ་ལེགས་པའི་ཚོགས་འདུ་དེའི་ཞོར་ལ་ཨ་ལགས་གུང་ཐང་ཚང་གི་ཞལ་མཇལ་གསུང་ཐོས་པའི་གོ་སྐབས་བྱུང་བ་དེ་ནམ་ཡང་ཡིད་ནས་བརྗེད་མི་ཐུབ་པའི་དོན་དག་ཅིག་ཡིན།
ཁོང་གི་སྐུ་གཟུགས་བརྗིད་ཅིང་གསུང་ངག་ཡངས་པ། ཐུགས་དཀྱེལ་ཆེ་ཞིང་ཞི་ལྷོད་ཀྱི་ཉམས་སྟབས་ལྡན་པའི་ཁྱད་ཆོས་དེ་དག་གིས་ཡིད་དབང་འཕྲོགས་ཏེ། ཞལ་མཇལ་གྱིན་མཇལ་གྱིན་མུ་མཐུད་མཇལ་འདོད་སྐྱེས་ཤིང༌། གསུང་ཉན་གྱིན་ཉན་གྱིན་ཉན་འདོད་ཇེ་ཆེར་འགྲོ། ཉིན་དེའི་ཁོང་གི་གསུང་བཤད་ལ་ལམ་རིམ་བློ་སྦྱོང་གི་ཁྲིད་རིམ་ལྟ་བུ་དང༌། འཇིག་རྟེན་མི་སྐྱའི་གཏམ་བཤད་ཀྱི་ཉིང་བཅུད་ཀྱང་འདྲེས་པ་ལྟ་བུ་ཞིག་སྟེ། བར་བར་དུ་དོན་ཆེ་ཞིང་གད་མོའང་འཆོར་བའི་གཏམ་རྒྱུད་སྣ་ཚོགས་དཔེ་མཚོན་གྱི་ཚུལ་དུ་བསྲེས་པས། ཤེས་ཡོན་ཡོད་མེད་ཀྱི་སྐྱ་སེར་སུས་ཉན་ཀྱང་རང་རང་གི་བློ་ཚོད་ལ་དཔག་པའི་སེམས་ལ་འཛིན་རྒྱུ་ཡོད་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག
ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། ལོ་ངོ་ཉི་ཤུའི་རིང་རྙིང་བ་བཞི་དང༌། ལྷ་འདྲེ་གདོན་བགེགས་ལ་འཐབ་རྩོད་དང༌། ཆོས་ལུགས་ཀྱི་སྐྱོན་མཚང་ཐེར་འདོན་གྱི་སློབ་གསོ་ཚ་ཚ་འུར་འུར་གྱིས་སྤེལ་བའི་མཇུག་འབྲས་ནི། སྲིད་ཇུས་ལྷོད་ངོ་ཤར་མགོ་ཚུགས་མ་ཐག་བོད་ཀྱི་ན་གཞོན་བརྒྱ་སྟོང་མང་བོ་འཚངས་ཀ་ཤིག་ཤིག་གི་ངང་རབ་ཏུ་བྱུང་ནས་ཆོས་སྒོར་འཇུག་གིན་ཡོད་པ་དེར་གཞུང་གིས་ཚོད་འཛིན་བྱ་འཆར་གྱི་སྲིད་ཇུས་དེའི་སྔོན་འགྲོའི་ཁྱབ་བསྒྲགས་བྱེད་དུ་མངགས་པ་ཞིག་རེད།
སྐབས་དེར་ཁ་དོག་དཀར་དམར་འཛིན་གྲྭ་གཅིག་པུ་ལའང་གྲྭ་གྲངས་ཉིས་བརྒྱ་ཡས་མས་ཡོད་ཀྱང༌། ཚོགས་འདུ་དེའི་མཇུག་འབྲས་སུ་མཚན་ཉིད་གྲྭ་ཚང་ལ་གྲྭ་བ་གསར་འཇུག་པ་ཉི་ཤུ་རྩ་ལྔ་དང༌། གྲྭ་ཚང་གཞན་པ་ལྔ་བོར་གྲྭ་ཚང་རེར་གྲྭ་གསར་བཅུ་རེ། དེ་མིན་རྣམས་རང་ཁྱིམ་དུ་ལོག་དགོས་པ་བཅས་གཏན་འབེབས་བྱས། ཕྱིས་རིམ་གྱིས་ལྷོད་ཡངས་ལྟ་བུའི་ངང་ཚོགས་སུ་མ་ཚུད་པའི་གྲྭ་གཞོན་དག་མི་སྐྱའི་ཟོལ་གྱིས་རྒྱ་ཆས་གོན་ནས་སྡོད་དགོས་བྱུང་ཞིང༌། བདག་ཀྱང་དེའི་ནང་གི་གཅིག་ཡིན།
གང་ལྟར་གུང་ཐང་རིན་པོ་ཆེའི་གསལ་བསྒྲགས་དེ་ནམ་རྒྱུན་གྱི་གཞུང་འབྲེལ་ཚོགས་འདུ་དྲག་ཤུགས་ལྡན་པ་དེ་འདྲ་མིན་ལ། སྲིད་ཇུས་དེའི་དགོས་པ་དང་དམིགས་ཡུལ་ཁག་གསལ་བརྗོད་ཀྱང་མ་གནང་བར། སྤྱི་ལོ་༡༩༥༨ དང་རིག་གསར་སྐབས་ཀྱི་ཆག་འཇིག་དང་དཀའ་སྡུག ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་སེམས་ལ་དྲན་པར་བྱས་ཏེ་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཆེ་བ་དང༌། སྐྱིད་སྡུག་ཅི་བྱུང་ལས་འབྲས་ལ་བསམ་དགོས་པ་སོགས་ཆོས་ཕྱོགས་ཀྱི་བསམ་བློའི་སློབ་གསོ་ལྟ་བུ་གནང་བའི་ཞོར་ལ། ཁོང་ཉིད་མི་ལོ་ཉི་ཤུ་ལྷག་གི་རིང་ལ་བཙོན་ཁང་དུ་བཞུགས་སྐབས་ཀྱི་གནས་ཚུལ་སྐྱོ་ལྷང་ངེ་བ་དུ་མ་གསུངས་པས་གྲྭ་མང་ཕལ་ཆེ་བར་མིག་ཆུ་ཤོར་བ་བྱུང༌། གང་ལྟར་དེ་ནི་སྤྱི་ལོ་༡༩༥༨ ལོའི་རྗེས་ནས་བླ་བྲང་དགོན་པའི་གྲྭ་མང་དང་ཨ་ལགས་གུང་ཐང་ཚང་གཞུང་འབྲེལ་གྱི་ཞལ་ལྷན་འཛོམས་བྱུང་བ་ཐེངས་དང་བོ་དེ་ཡིན་པ་འདྲ།
སྤྱི་ལོ་༡༩༨༢ ལོའི་དབྱར་ཁར་ཁྲི་ཆེན་གུང་ཐང་རིན་པོ་ཆེས་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་དུ་རྗེའི་བསྟོད་འགྲེལ་ཆེན་མོའི་ཞལ་ལུང་གནང༌། གདན་ས་དང་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་སྟོང་ཕྲག་དུ་མ་འདུས། ལོ་ནའི་བབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཞན་པ་སོགས་ཀྱི་དབང་གིས་བསྟོད་འགྲེལ་གྱི་བསྟན་དོན་ཟབ་མོ་ཁག་གོ་མ་ཐུབ་ཀྱང༌། སྐབས་སྐབས་སུ་ཁོང་གི་མཛད་རྣམ་གྱི་དུམ་བུ་འགངས་ཆེན་རེ་དང༌། སྤྱོད་འཇུག་དང་བློ་སྦྱོང་གི་གནད་ལ་སྦྱར་ཏེ་དཔེ་མཚོན་གྱི་གཏམ་རྒྱུད་དགོད་བྲོ་ཞིང་ངུ་ཡང་བྲོ་བ་མང་བོ་གསུངས་པ་ད་ལྟའང་སེམས་ངོ་ན་གསལ་བོར་གནས།
ལོ་དེའི་སྤྱི་ཟླ་༩ ཚེས་༢༣ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཐེངས་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས། གུང་ཐང་རིན་པོ་ཆེ་ཆིབས་ཞབས་སུ་ཡོད་པ་མཇལ་ཞིང༌། ཁོང་རྣམ་པ་ལྷན་རྒྱས་ཀྱིས་བླ་བྲང་གྱོ་ཐོག་མའི་ཡང་སྟེང་དུ་རིགས་གྲྭའི་ཤྭ་འཆམ་དང་སེང་འཆམ་ལ་གཟིགས་བཞིན་པའི་སྐུ་པར་དུ་མའང་སྣང༌། དེ་ནས་ཟླ་ངོ་གཉིས་ལྷག་གི་རིང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་བཀོད་ལྟར་སྐུ་ཞབས་སུ་འབྲངས་ཏེ། མཛོད་དགེ་དང༌། རྔ་བ། འབར་ཁམས། སི་ཁྲོན་ཁྲིན་ཏུ་སོགས་བརྒྱུད་དེ་པེ་ཅིང་བར་ཕེབས་སྐྱེལ་ཞུས།
དེ་ནས་རེ་ཞིག་ཕེབས་ལམ་སོགས་སུ་རྒྱང་མཇལ་ལྟ་བུ་ལས་གཞན་ཨ་ལགས་ཚང་མཇལ་བ་གསལ་བོར་མི་དྲན། ཁོང་བཙོན་གྲོལ་ཐོབ་མ་ཐག་པ་ནས་ཚ་ཚ་འུར་འུར་ལྟ་བུའི་ངང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་སོགས་ཀྱི་མཚན་གནས་དུ་མ་ཞིག་འབུལ་བཞིན་ཡོད་སྟབས་ནམ་རྒྱུན་བླ་བྲང་དགོན་ནང་དུ་རྒྱུན་བཞུགས་གནང་མ་ཐུབ་པས་རྒྱུན་མཇལ་ཞུ་ཁག་པོ་འདུག
སྤྱི་ལོ་༡༩༨༥ ལོའི་ཟླ་༡༡ པའི་ནང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོ་གསར་འཛུགས་མཛད་སྒོའི་སྐབས། ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་མཐོ་རིམ་ལས་བྱེད་པ་མང་བོ་སླེབས་ཏེ་གཏམ་བཤད་ངར་ཤུགས་ཅན་བྱས། ཀུན་མཁྱེན་རིན་པོ་ཆེས་མཚན་འཛིན་སློབ་སྤྱིའི་མཚན་གནས་བཞེས་ཡོད་སྟབས་གཏམ་བཤད་གནང་ཞིང༌། ཨ་ལགས་གུང་ཐང་ཚང་གིས་ཀྱང་མཚན་འཛིན་སློབ་སྤྱི་གཞོན་པའི་མཚན་གནས་བཞེས་ཡོད་སྟབས་ཚོགས་འདུའི་མཇུག་ཙམ་ལ་གཏམ་བཤད་གནང༌། ཉིན་དེར་རྒྱ་རིགས་ལས་བྱེད་པ་མང་སྟབས་རྒྱ་སྐད་ཀྱི་ལམ་ནས་གཏམ་བཤད་གནང་སོང༌། རྫོང་ཁག་བཅུ་གྲངས་ནས་ཡོང་བའི་དགེ་སློབ་དང་ལས་བྱེད་རྣམས་ཨ་ལགས་ཚང་གི་རྒྱ་ཡིག་རྒྱ་སྐད་ཀྱི་གནས་ཚད་ལ་ཧ་ལས། རྒྱ་སྐད་ཀྱི་སྒྲ་གདངས་ཤིན་ཏུ་ཚད་ལྡན་ཡིན་པ་ཙམ་དུ་མ་ཟད། བར་བར་དུ་རྒྱའི་གཏམ་དཔེ་མང་བོ་དྲངས་ཤིང༌། གནད་འགག་འགའ་ཞིག་གི་ཐད་མའོ་ཙེ་ཏུང་དང༌། མར་ཁེ་སི་སོགས་ཀྱི་གསུང་ཚིག་དུམ་བུ་རེ་རྒྱབ་རྟེན་ལྟ་བུར་དྲང་གིན་གཏམ་བཤད་རྒྱས་པ་ཞིག་གནང༌། དེ་བདག་ལ་མཚོན་ན་ཨ་ལགས་གུང་ཐང་ཚང་གིས་རྒྱ་སྐད་ཀྱི་གཏམ་བཤད་གནང་བ་ཐོས་པའི་ཐོག་མ་དང་ཐ་མ་གཉི་ག་ཡིན།
སྤྱི་ལོ་༡༩༨༩ ལོའི་ཟླ་༢ པའི་ཚེས་ཤར་ལ་ཨ་ལགས་གུང་ཐང་ཚང་གློ་བུར་དུ་ཕེབས་ཏེ་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་ཁྱམས་རའི་ནང་དགོན་པའི་གྲྭ་མང་ལ་ཚོགས་འདུ་བསྡུས། དེ་ནི་ཟླ་༡ ཚེས་༢༨ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཞལ་མ་བཞུགས་པའི་སྐྱོ་གནས་དང་འབྲེལ་དགོན་པ་སྤྱི་ལ་སེམས་གསོའི་ཚོགས་འདུ་ཞིག་རེད། ཁྱམས་རའི་གཡོན་ཟུར་དུ་ཁྲི་དམའ་མོ་ཞིག་བཤམས་པའི་སྟེང་བཞུགས་ཤིང༌། ལྗགས་དབུགས་ཧལ་གྱིན་ཀུན་མཁྱེན་རིན་པོ་ཆེ་དང་ཁོང་རྣམ་པ་གཉིས་པཎ་ཆེན་སྐུ་གོང་མ་རྣམས་ཀྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་རྟེན་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོར་ཕེབས་ཚུལ་དང༌། བོད་གངས་ཅན་གྱི་བླ་ཆེན་དཔོན་ཆེན་མ་ཚང་བ་མེད་པ་ཞལ་ལྷན་ཅིག་འཛོམས་པའི་སར་པཎ་ཆེན་རིན་པོ་ཆེས་བཀའ་སློབ་ལམ་སྟོན་ཅི་གནང༌། མཛད་སྒོ་གྲུབ་སྟེ་ཁོང་རྣམ་པ་གཉིས་གནམ་ཐོག་ནས་སི་ཁྲོན་ཁྲིམ་ཏུར་འབྱོར་སྐབས་པཎ་ཆེན་རིན་པོ་ཆེ་བློ་བུར་ཞལ་མ་བཞུགས་པའི་སྐྱོ་གནས་གསན་ཚུལ། དེར་རྟེན་ཀུན་མཁྱེན་རིན་པོ་ཆེ་ཛ་དྲག་ཐོག་ཕྱིར་གཙང་དུ་ཕེབས་ཤིང༌། ཁོང་ཀུན་མཁྱེན་རིན་པོ་ཆེས་བླ་བྲང་དགོན་པར་སེམས་གསོ་བྱེད་དུ་ཕེབས་མངག་གནང་ཚུལ་སོགས་བཀའ་མོལ་གྱི་མགོ་བཙུགས། སྤྱིར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་བོད་གངས་ཅན་ལ་བཀའ་དྲིན་ཆེ་ཚུལ་དང༌། བྱེ་བྲག་ཏུ་བཀྲ་ཤིས་འཁྱིལ་དགོན་པ་ལ་བཀའ་དྲིན་ཆེ་ཚུལ། ད་རེས་ཕྱི་ནང་གི་རྐྱེན་མང་བོ་ཞིག་གི་དབང་གིས་ཁོང་ཉིད་བོད་གངས་ཅན་ལ་མ་དབང་བར་བློ་བུར་ཞིང་ཁམས་གཞན་དུ་གཤེགས་པ་དེ་བོད་གངས་ཅན་པ་སྤྱིའི་ཆག་སྒོ་ཡིན་ཚུལ་སོགས་བཀའ་མོལ་ཡིད་ཁུལ་བ་གནངས། དེ་སྐབས་ཀྱི་གསུང་བཤད་དེ་བླ་བྲང་དགོན་གཞུང་གིས་སྒྲ་འཇུག་བྱས་པ་ཡོད་ཅིང༌། ད་ལྟ་ཁོ་བོའི་ལག་ཏུའང་ཡོད།
སྤྱི་ལོ་༡༩༩༠ ལོའི་བོད་ཟླ་༥ བ་སྔ་མ་ནས་མགོ་བཙུགས་ཏེ་བླ་བྲང་ཚོགས་ཆེན་འདུ་ཁང་ཆེན་མོ་ཆེན་མོ་བསྐྱར་བཞེངས་ལེགས་གྲུབ་ཀྱི་དུས་སྟོན་ཟླ་ངོ་གཅིག་ལྷག་ལ་བྱས། དེ་སྐབས་གྲྭ་ཚང་སྤྱིའི་རེ་འདུན་ལྟར་ཁྲི་ཆེན་འདི་བ་ཚོགས་ཆེན་ཁྲིར་བསྐྱར་དུ་ཕེབས། ཚོགས་ཆེན་འདུ་ཁང་གསར་བར་གྲྭ་ཚང་སྤྱི་ལ་སེམས་བསྐྱེད་མཆོད་པ་ཡིན་ནམ་ཁོང་གིས་གསུང་ཆོས་ཤིག་གནང་བ་དྲན་ཡང༌། དེ་སྐབས་དགོན་པའི་མཛད་སྒོ་དང༌། ནང་བསྟན་སློབ་གྲྭའི་སྐབས་དང་བོའི་མཐར་ཕྱིན་མཛད་སྒོ། ཕྱོགས་ཡོངས་ཀྱི་མཇལ་འགྲུལ་གཏོས་ཆེ་བ་སོགས་འུར་འུར་ཟིང་ཟིང་གི་གཡེངས་པའི་དབང་དུ་སོང་ནས་གསལ་བོར་མ་ངེས།
སྤྱི་ལོ་༡༩༩༡ ལོའི་ཟླ་༣ ནང་ཨ་ལགས་གུང་ཐང་ཚང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དུ་ཕེབས། སྐབས་དེར་བདག་ཀྱང་པེ་ཅིན་དུ་ཡོད་པའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འགྲིམས་བཞིན་པས། སློབ་གྲྭ་དེའི་ཞིབ་འཇུག་འགན་འཛིན་རྔ་བ་སྒོ་མང་དགོན་པའི་ཧྭར་བ་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཚང་དང་ངེད་གཉིས་པེ་ཅིན་མཛའ་མཐུན་མགྲོན་ཁང་དུ་སོང་སྟེ་ཀུན་མཁྱེན་རིན་པོ་ཆེ་དང༌། ཨ་ལགས་གུང་ཐང་ཚང༌། ཨ་ཁུ་དམུ་དགེ་བསམ་གཏན་ཚང་གསུམ་ཆ་ལ་མཇལ་བཅར་ཞུས། ནམ་རྒྱུན་འདུས་ཚོགས་ཀྱི་ཁྲོད་དུ་གསུང་ཆོས་ཞུས་པ་ཙམ་ལས་ནང་མའི་འབྲེལ་ལམ་མེད་སྟབས་ཁོང་གིས་ང་ངོ་མཁྱེན་གྱིན་མི་འདུག གང་ལྟར་དགོང་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་མཇལ་བཅར་འཁྱུག་ཙམ་ཞུ་ཐུབ་པ་བྱུང༌།
ལོ་དེའི་ཟླ་༥ བའི་ཚེས་ཤར་ལ་པེ་ཅིན་དུ་སློབ་གྲྭས་དབྱར་གནང་སྤྲད། ཕྱིར་བླ་བྲང་དུ་སླེབས་སྐབས་དགོན་གྲོང་རྣམས་སོག་པོ་ཡུལ་རྒན་དུ་ཨ་ལགས་གུང་ཐང་ཚང་གིས་དུས་འཁོར་དབང་ཆེན་གནང་རྒྱུ་ལ་བྲེལ་བ་བྱེད་ཀྱིན་འདུག བདག་ཀྱང་ཚེས་༡༢ ཉིན་ཕ་ཡུལ་གཅིག་པ་དུ་མ་དང་མཉམ་དུ་དུས་འཁོར་དབང་ཆེན་ཞུ་རུ་ཆས། དབང་ཆེན་གནང་ས་དེ་ཐོར་གོད་བཞུགས་ཁྲིའི་ཐང་དུ་འབོད་པ་དེ་རེད། བླ་བྲང་དགོན་པའི་གྲྭ་མང་དང༌། སོག་སྡེ་ཁག་གཙོ་བྱས་པའི་ཡུལ་ཕྱོགས་འདྲ་མིན་ནས་ཡོང་བའི་སྐྱ་སེར་ཁྲི་ཕྲག་དུ་མ་འདུས་པ། སྒྲ་གུར་བར་མེད་དུ་ཕུབས་པའི་བར་གསེང་ནས་ཕར་འགྲོ་ཚུར་འོང་བྱེད་དཀའ་ཞིང༌། གསང་སྤྱོད་མེད་པའི་དཀའ་ངལ་དེ་བས་ཀྱང་ཆེ། སྟ་གོན་དང་བཅས་ཉིན་གསུམ་རིང་དུས་འཁོར་དབང་མོ་ཆེ་གནང༌། ཚེས་༡༥ ཉིན་དབང་མཇུག་གི་བསྔོ་བ་དང་བསྡོངས་ཏེ་བོད་གངས་ཅན་པའི་མདུན་ལམ་ལས་དབང་དང་འབྲེལ་བའི་བཀའ་སློབ་རུས་རྐང་ཅན་མང་བོ་གསུངས།
ངས་ད་དུང་ཆེས་གསལ་བོར་དྲན་པ་ཞིག་ནི། ཕ་མ་ཚོས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་དེ་གལ་ཆེན་ཡིན། སྤྱིར་བོད་ཀྱི་མི་རབས་གསར་བ་ལ་ཤེས་ཡོན་དགོས་གལ་ཆེ་བ་དང༌། ཕ་མ་ཚོས་རང་གིས་ཕྲུ་གུས་རང་གི་བླ་མི་སྒུལ་བ་ཞིག་བྱེད་དགོས་ན་ངེས་པར་དུ་སློབ་གྲྭར་བཏང་ནས་ཤེས་ཡོན་སྦྱང་དུ་འཇུག་དགོས། ད་ལྟ་ཕྲུ་གུ་ཚོ་ཟོག་རྫི་ལུག་རྫིར་གོ་བཅད་ནས་ཤེས་ཡོན་མ་སྤྲད་ན། ནམ་ཞིག་ཕྲུ་གུ་དེ་འཚར་ལོངས་བྱུང༌། ཤེས་ཡོན་མེད་པས་མི་གྲལ་དུ་མ་ཚུད་སྐབས་གཞི་ནས་རང་གི་ཕ་མས་རང་ལ་ཤ་མ་ཚ་བ་ཤེས་ཏེ་ཕ་མ་ལ་འཁང་ར་བྱེད་རྒྱུ་དང༌། ཕ་མ་ཤི་བའི་བླ་སྒུལ། ཕ་མས་ཕྲུ་གུ་གསོས་པ་དྲིན་ཆུང་དུ་འགྲོ་རྒྱུ་ལས་མེད། ཡང་ཕ་མ་ཚོས་ཕྲུ་གུར་སློབ་སྦྱོང་ཡག་པོ་ཞིག་སྤྲད། ཁོ་ཚོར་མདུན་ལམ་བཟང་བོ་ཞིག་ཐོབ་ན། ཁོང་ཚོ་འཚར་ལོངས་བྱུང་སྐབས་རང་གི་ཕ་མས་དཀའ་ཚེགས་ལ་མ་འཛེམས་པར་རང་ལ་ཤེས་ཡོན་སློབ་སྦྱོང་བཟང་བོ་འདི་འདྲ་སྤྲད་འདུག་པ་བཀའ་དྲིན་ཆེན་པོ་རེད་དྲན་ནས་ཕ་མ་ལ་དྲིན་བཟོ་ཞུ་ངེས་ཡིན་པ་སོགས་ནན་གྱིས་གསུངས་པ་དེ་ཡིན།
སྤྱི་ལོ་༡༩༩༢ ལོའི་སྟོན་ཁར་བདག་རང་ཡུལ་དང་ཁ་གྱེས་པ་ནས་ཁྲི་ཆེན་འདི་བར་བསྐྱར་དུ་མཇལ་རྒྱུའི་སྐལ་བ་མ་བྱུང༌། སྤྱི་ལོ་༢༠༠༠ ལོའི་ཟླ་༣ ཚེས་༡ ཉིན་ཁོང་ཉིད་ཞལ་མ་བཞུགས་པ་ཐོས་པས་སེམས་ངལ་ཆེན་པོ་བྱུང༌། འཕྲལ་དུ་བོད་ཀྱི་དུས་བབ་ཚགས་པར་སྟེང་ཁྲི་ཆེན་མཆོག་གི་མཛད་རྣམ་གྱི་ཆ་ཤས་སྙིང་བསྡུས་ཤིག་བཀོད། སྔར་འདི་བའི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པའི་མི་མཐོ་དམན་མང་བོས་ཐུགས་རྗེ་ལེགས་གསོལ་ཡིག་ངག་གཉིས་ཐོག་ནས་བྱུང༌། ཕྱིས་འབྲས་སྤུངས་མཁན་ཁྲི་བསྟན་པ་བསྟན་འཛིན་གྱིས་རྩོམ་སྒྲིག་མཛད་པའི་འབྲས་སྤུངས་ཆོས་འབྱུང་དུའང་འདི་བའི་མཛད་རྣམ་སྔར་ཁོ་བོས་བྲིས་པ་དེ་ཉིད་ཇི་བཞིན་བཀོད་འདུག་པ་ལྟ་བུ་ནི་ཁོང་གི་བཀའ་དྲིན་གྱི་ཆ་ཤས་ཙམ་འཇལ་བའི་རེ་བ་བྱེད་ཀྱིན་ཡོད།
གཉིས་པ། སྐུ་གཞོན་དུས་ཀྱི་སྐབས།
འདི་བ་དགའ་ལྡན་ཁྲི་རབས་ལྔ་བཅུ་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་སྐུ་ཕྲེང་དྲུག་པ་ཡིན་ལ། མཚན་དངོས་ལ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དུ་འབོད། སྐུ་ཕྲེང་གཉིས་པ་འཁྲུངས་ཡུལ་གྱི་དབང་གིས་སྐུ་ཕྲེང་རིམ་བྱོན་ལ་གུང་ཐང་ཚང་དུ་འབོད་པ་བྱུང༌། སྤྱི་ལོ་༡༩༢༦ ལོའི་ཟླ་༡ ཚེས་༡༣ ཉིན་བཞག་ལྡོམ་དཔོན་པོ་སྦྱིན་པའི་སྲས་མོ་པད་དཀར་སྐྱིད་དང༌། བྱམས་མེའི་དཔོན་པོ་འཇིགས་མེད་རྡོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། རུས་རྒྱུད་འདི་མངའ་བདག་ཁྲི་རལ་གྱི་བློན་རྒྱུད་དམ། གཉའ་ཁྲིའི་རྒྱལ་རྒྱུད་དགའ་ཞེས་པའི་རུས་རྒྱུད་གང་རུང་ཞིག་དང་ཐུག་པའི་བཤད་ཚུལ་སྣང༌།
ཁོང་སྟག་གི་ལོ་དང༌། སྟག་གི་ཟླ་བ། སྟག་གི་ཉི་མ། སྟག་གི་དུས་ཚོད་དེ་སྟག་བཞི་ལྡན་ཡིན་སྟབས་མཁས་དབང་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་སུ་ངོ་མཚར་བའི་དཔེ་མཚོན་དུ་བཀོད་ཅིང༌། ཡང་ཁོང་གིས་གསར་འགོད་པ་ཞིག་ལ། ཁོང་འཁྲུངས་པའི་ལོ་ཟླ་ཚེས་དུས་བཞི་ཆ་སྟག་ལ་ཁེལ་བར་མ་ཟད། ཡབ་ཡུམ་གཉིས་ཀྱི་ལོ་རྟགས་ཀྱང་སྟག་ཡིན་པར་གསུངས་འདུག་པ་ལྟར་ན་སྟག་དྲུག་ལྡན་ཡིན་འདུག ཁོང་གི་འཁྲུངས་ཚེས་སོགས་སྟག་མང་བོ་ཞིག་མཉམ་འཛོམས་བྱུང་བ་དང༌། སྐུ་ཚེའི་ནང་བོད་མི་རིགས་འདིའི་དཀའ་སྡུག་གནད་པོ་ཆེ་ཁག་ལ་འཇིགས་ཞུམ་མེད་པར་གདོང་ལེན་གནང་བ་གཉིས་ལ་སྟེས་དབང་ཙམ་ལས་འདས་པའི་འབྲེལ་བ་ཞིག་ཡོད་པའི་ཚོར་བ་འོང༌།
དགུང་ལོ་བཞི་བར་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁྲི་གསོལ་མཛད། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང༌། དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་ཐུབ་བསྟན་སོགས་བསྟེན་ཏེ་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི། ཐུན་མོང་རིག་གནས་སོགས་ལ་སྦྱང་བརྩོན་མཐའ་ཆོད་པ་གནང་ནས་དགུང་གྲངས་བཅུ་དགུའི་སྟེང་དགེ་བཤེས་ཀྱི་མཚན་གནས་བཞེས། སྔ་ཕྱིར་ཤིང་བཟའ་ཚང་དང༌། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་ལས་དབང་ལུང་གི་རྒྱུན་གསན། པཎ་ཆེན་ཆོས་ཀྱི་ཉི་མ་ལས་དུས་འཁོར་དབང་ཆེན་གསན་སྐབས། པཎ་ཆེན་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་འབྲེལ་ཆོས་རྒྱུད་འདིའི་བདག་པོར་མངའ་གསོལ་མཛད། ཁོང་གིས་སྐུ་ཚེའི་ནང་དུས་འཁོར་དབང་ཆེན་ཐེངས་བཅུ་ཙམ་ལ་གནང་བ་ནི་པཎ་ཆེན་རིན་པོ་ཆེའི་ཆོས་རྒྱུད་ཀྱི་འཕྲིན་ལས་སྤེལ་བ་འདྲ།
དགུང་གྲངས་སོ་གཅིག་པ་སྟེ། སྤྱི་ལོ་༡༩༥༤ ལོ་ནས་ལོ་ངོ་གསུམ་རིང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བ་མཛད། སྤྱི་ལོ་༡༩༥༦ ལོར་ཁྲི་ཟུར་སྐབས་གྲྭ་གྲངས་༤༥༠༠ ལྷག་བཞུགས་པ་ལ་གྲོ་ཕྱེ་རྒྱ་མ་ལྔ་བཅུ་རེ་དང༌། དངུལ་སྒོར་སིལ་མ་བརྒྱད་རེའི་སྐུ་འགྱེད་གནང་བ་དེ་འདྲ་སྔོན་ཆད་སུས་ཀྱང་ཕུལ་མྱོང་མེད་པར་བཤད།
ཁོང་གིས་གསུང་ཆོས་ཤིག་གི་སྐབས། ང་ཆུང་དུས་ནང་ཆེན་གྱི་ཕྱག་མཛོད་དང་གཉེར་བ། དབོན་པོ་བཅས་ཀྱིས་ནང་ཆེན་ལ་རྒྱུ་མེད་རབས་དང༌། ཕེབས་བཞུད་མང་བོ་གནང་སྟེ་རྒྱུ་འཚོལ་དགོས་ཚུལ་ཁ་ནས་རྒྱུན་འདོན་ལྟ་བུ་བྱེད་ཀྱིན་ཡོད་སྟབས། ངས་ནམ་རྒྱུན་ནང་ཆེན་ལ་ལག་དངུལ་ཤིན་ཏུ་དཀོན་པོ་ཡིན་ཤག་བྱས་ནས་ཡོད་པ་ལ། སྤྱི་ལོ་༡༩༥༨ ལོར་རྒྱ་དམག་སླེབས་ནས་ནང་ཆེན་བཤིག་སྐབས་དངུལ་སྒོར་སིལ་མ་དེས་སྐྱེལ་རླངས་འཁོར་གང་བྱུང་བ་རྒྱ་གཏིང་དུ་ཁྱེར་སྐབས་ང་རང་ཧ་ལས་པ་བྱུང་ཞེས་གསུངས།
ནམ་རྒྱུན་བོད་མི་དཀྱུས་མའི་སེམས་ནང་གི་དཔེ་མཚོན་མཐོ་ཤོས་དེ་ཨ་ལགས་ཁག་ཡིན་ལ། ཁང་བ་ཡག་པོ་ཞིག་མཐོང་ན་ཨ་ལགས་ཚོའི་བཞུགས་ཤག་ལ་དཔེ་འཇོག་ཅིང༌། ཟ་མ་ཞིམ་པོ་ཞིག་དང་འཕྲད་ནའང་བླ་སྤྲུལ་ཚོའི་གསོལ་ཆས་ལ་དཔེ་འཇོག གྱོན་ཆས་ཡག་པོ་ཞིག་མཐོང་ནའང་བླ་མའི་མནའ་བཟའ་ལ་དཔེ་ལེན་བྱེད། དེའི་གོ་དོན་ནི་སྔར་དགོན་གྲོང་གཉིས་དང༌། ལྷག་པར་བླ་སྤྲུལ་ཁག་དང་མང་ཚོགས་དཀྱུས་མའི་འཚོ་བའི་བར་ཧེ་བག་ཤིན་ཏུ་ཆེ་བས། བླ་སྤྲུལ་དག་གིས་ཟས་ཞིམ་ཤོས་དང་གོས་འཇམ་ཤོས་སོགས་ལོངས་སྤྱོད་ཕུན་སུམ་ཚོགས་པར་རོལ་གྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་རུང༌། དོན་དངོས་ཀྱི་གནས་ཚུལ་ནི་ང་ཚོའི་བསམ་ངོར་ཡོད་པ་ལྟར་ཡིན་པའི་ངེས་པ་མེད་པ་ཞིག་སྟེ། གུང་ཐང་ཁྲི་ཆེན་ཁོང་སྐུ་ན་ཕྲ་དུས་ཀྱི་འཚོ་བའི་དཀའ་ངལ་གསུང་དོན།
ང་ཆུང་དུས་དགུན་ཁར་ཁྱམས་རའི་ནང་དཔེ་ཆ་བློ་འཛིན་བྱེད་སྐབས་ཐུལ་བ་མེད་པས་ཤིན་ཏུ་འཁྱགས། ཡོངས་འཛིན་གྱིས་ཕྱག་མཛོད་ལ་ཐུལ་བ་ཞིག་དགོས་པའི་རེ་བ་བཏོན། ཕྱག་མཛོད་ཀྱིས་ལུག་ལྤགས་སྤུ་ཧ་ཅང་རིང་བོ་ཡོད་པའི་ཐུལ་བ་ཞིག་བཟོས་ཏེ་སྤྲད་བྱུང་ཡང༌། པགས་ཐུལ་མཉེད་མི་བཟང་བ་དང་ང་རང་ལོ་ན་ཆུང་བའི་དབང་གིས་པགས་ཐུལ་ཤང་ཤང་དུ་ལངས་ནས་ལུས་སྟེང་དུ་མ་འཁྲིལ་ནས་འཁྱག་སྡུག་སེལ་མ་ཐུབ་གསུངས། ཡང༌། ནང་ཆེན་གྱི་ཕྱག་མཛོད་དང༌། གཉེར་བ་སོགས་ཀྱིས་ནམ་རྒྱུན་སྟག་གཟིག་དང༌། ཟ། གཡི་སོགས་རི་དྭགས་ཀྱི་པགས་རིགས་རྩ་ཆེན་ཁག་དང༌། འཇམ་ཚར་ཡག་ཤོས་བསྒྲུགས་པའི་སྨད་གཡོག་དང་ཐུལ་བ་རྐྱང་རྐྱང་གྱོན་གྱིན་ཡོད་རུང༌། ཡོངས་འཛིན་དང་ངེད་གཉིས་ལ་སྤྱིར་བཏང་གི་པགས་པའི་སྨད་གཡོག་ཐེབ་ཆག་དེ་འདྲ་ལས་གྱོན་རྒྱུ་རག་གིན་མེད་གསུངས།
ཡང་ཁོང་གིས་གསུངས་དོན། ངས་ཁང་ཐོག་ཏུ་དཔེ་ཆ་བློ་འཛིན་བྱས་ཟིན་པ་ཁག་སྐྱོར་སྦྱོང་བྱེད་སྐབས་སྒེའུ་ཁུང་ནས། ཕྱག་མཛོད་དང་གཉེར་བ༌། ཁོང་ཚོའི་ངོ་ཤེས་གྲོགས་པོ་ཚོ་མཉམ་འཛོམས་ཀྱིས་མོག་མོག་བཟོ་བཞིན་ཡོད་པ་མཐོང་ཞིང༌། ང་མགྱོགས་པོར་ཡོངས་འཛིན་གྱི་སྐུ་མདུན་དུ་སོང་ནས་ཁོ་ཚོས་མོག་མོག་བཟོ་བཞིན་འདུག དེ་རིང་ངེད་གཉིས་ལ་མོག་མོག་རག་རྒྱུ་ཡིན་པ་འདྲ་ཞུས་ཚེ། ཡོངས་འཛིན་གྱིས་ངེད་གཉིས་ལ་མོག་མོག་ཅིག་རག་མི་འོང་གསུང་གིན་ཡོད་ལ། གསུངས་པ་ནང་བཞིན་ཡོངས་འཛིན་དང་ངེད་གཉིས་མོག་མོག་ལ་རེ་སྒུག་ཅི་ཙམ་བྱས་ཀྱང་ནམ་རྒྱུན་གྱི་ཐུག་པ་དང་བག་ལེབ་སྐམ་པོ་དེ་ཚོ་ལས་མོག་མོག་ཁོ་ཚོས་ཟོས་ཏེ་ཡོངས་འཛིན་དང་ངེད་གཉིས་ལ་སྐལ་བ་ཙམ་ཡང་མི་སྤྲོད་གསུངས། གུང་ཐང་གསེར་ཁྲིའི་བླ་བྲང་དུ་གུང་ཐང་རིན་པོ་ཆེ་ལ་ཟས་མནར་གོས་མནར་ཕོག་གིན་ཡོད་པ་དེ་ཕྱི་རོལ་གྱི་མང་ཚོགས་དཀྱུས་མ་རྣམས་ལ་མཚོན་ན་བློ་ངོར་ཤོང་དཀའ་བ་ཞིག་མ་ཡིན་ནམ།
གསུམ་པ། གུན་གསབ་མེད་པའི་ལོ་ཟླ།
སྤྱོད་འཇུག་ཆེན་མོ་ན་མི་ཚེ་ལ་གུན་གསབ་མེད་པར་དབུགས་འབྱིན་རྔུབ་ཀྱི་ཆ་རེ་རེ་བཞིན་འཆི་བའི་གྲོང་ཁྱེར་དུ་ཐག་ཇེ་ཉེར་གཏུག་གིན་ཡོད་པར་གསུངས་པ་དང་ཆ་འདྲ་བར། མི་ཞིག་ལྟོགས་སྡུག་གིས་ཉེན་བཞིན་ཚུ་ཚོད་ཉེར་བཞི་བསྐྱལ་ན་མི་ཚེའི་ནང་གི་ཆུ་ཚོད་ཉེར་བཞི་འདས་པ་ལ་གུན་གསབ་ནམ་ཡང་མི་རག སྐྱིད་དང་སྡུག་གང་གིས་ཉི་མ་གཅིག་བསྐྱལ་ཡང་ཉི་མ་དེ་ཉིད་སུས་ཀྱང་ཇེ་རིང་དུ་བཏང་ནས་གུན་གསབ་སྤྲོད་མི་ཐུབ། དེའི་གུབ་གསབ་ལ་དངུལ་གྱིས་ཀྱང་མི་ཡོང༌། གོ་གནས་ཀྱིས་ཀྱང་མི་ཡོང༌། དུས་ཚོད་ཁོ་རང་ལས་གུབ་གསབ་གཞན་གང་ཡང་མེད། དཔེ་དེ་བཞིན་གུང་ཐང་ཁྲི་ཆེན་མཆོག་འདི་བ་སྤྱི་ལོ་༡༩༥༨ ལོའི་ལོ་མགོ་ནས་སྤྱི་ལོ་༡༩༧༩ ལོའི་ལོ་མགོ་བར་མི་ལོ་ཉེར་གཅིག་བཙོན་ཞབས་སུ་འདའ་དགོས་བྱུང་བ་དེ་ལ་གུན་གསབ་ནམ་ཡང་མེད།
སྤྱི་ལོ་༡༩༥༨ ལོའི་དཔྱིད་ཀར་བླ་བྲང་དགོན་པའི་གྲྭ་བ་བཞི་སྟོང་ལྷག་ཡོད་པ་རྣམས་སྡེ་ཁག་བཞིར་བགོས་ཏེ་གུང་ཐང་བླ་བྲང་དང༌། ཧོར་གཙང་ཚང་གི་བླ་བྲང་སོགས་བླ་བྲང་ཆེ་ཁག་བཞིའི་ནང་དུ་བཀག་ཉར་བྱས། དེ་དག་གི་ནང་ནས་ཉི་མ་རེ་རེ་བཞིན་འཛིན་བཟུང་གིས་རྒྱ་ནག་ལུང་ཞིས་ཞན་དང༌། ལན་ཀྲོའུ། ཕེན་ལེང༌། གད་པ་ཁྲ་སང༌། རོང་ངར་ཁོག་སོགས་སུ་ཁྲིད་ནས་ངལ་རྩོལ་སྡུག་ལས་ཡ་ང་བ་ལ་སྦྱར་ཏེ་མང་ཤོས་ལྟོགས་ཤི་ཐེབས་ཏེ་རང་ཡུལ་དུ་ལོག་ཐུབ་མེད། དེ་མིན་ཨ་ཕྱི་ཤ་མོ་སོགས་སུ་གྲྭ་གཞོན་ལྔ་བརྒྱ་ཙམ་དེད་དེ་གཏེར་ཁ་བསྔོག་ཏུ་བཅུག་པ་དང༌། གཉེན་སྒྲིག་བྱེད་དུ་བཅུག་པ་སོགས་བཙོན་པ་དངོས་ཀྱི་ནང་དུ་ཚུད་མེད་ཀྱང་། ཕྱིར་གྲྭ་སར་ལོག་མཁན་རེ་ཟུང་ལས་ལྷག་མེད། གཙོས་དང་བླ་བྲང་རྫོང་ཐོག་གི་བཙོན་ཁང་སོགས་བཙོན་ཁང་མང་བོར་བཅུག་སྟེ་ཉི་མ་རེ་རེ་བཞིན་སྲོག་ཆད་དང༌། ཚེ་བཙོན་སོགས་ཉེས་ཆད་བློས་མི་བཟོད་པ་མང་བོ་བཀའ་བའི་གནས་ཚུལ་དག་འདིར་ཞིབ་འབྲི་བྱ་རྒྱུ་མིན།
འོན་ཀྱང་ཨ་ལགས་གུང་ཐང་ཚང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་གྱི་ཀ་བ་བཞི་དང༌། དངུལ་གྱི་གདུང་མ་བརྒྱད་དུ་གྲགས་པའི་ནང་གི་བླ་སྤྲུལ་ཆེ་ཁག་གི་ནང་ནས་ཀྱང་ཆེ་ཁག་ཡིན་ཀྱང༌། ཁོང་བླ་བྲང་དགོན་ནང་དུ་འཛིན་བཟུང་བྱས་མེད། རྒྱུ་མཚན་ཅི་ཡིན་གསལ་བོར་མི་ཤེས་ཀྱང༌། ཁོང་སྔོན་ཚུད་ནས་བླ་བྲང་དགོན་ནང་དུ་འཛིན་བཟུང་བྱས་ན། དགོན་གྲོང་ཡོངས་རྫོགས་ལ་དཀྲོགས་རྐྱེན་ཆེན་པོ་ཐེབས་པའི་དོགས་པ་བྱས་པ་ཡིན་ནམ་སྙམ།
གང་ལྟར་སྤྱི་ལོ་༡༩༥༨ ལོའི་ཕྱི་ཟླ་༤ ནང་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁག་གི་མགོ་གཙོ་རུས་ལོའུ་ཅན། སྔར་ནས་ཁོང་གིས་ངོ་ཅུང་ཟད་ཤེས་པ་ཞིག་ཡོད་པའི་མིང་ཐོག་ནས་ཁམས་སངས་ཀྱི་ཞོར་ལ་ལས་དོན་འགའ་རེའི་ཐོག་གྲོས་མོལ་བྱེད་རྒྱུ་ཡོད་ཚུལ་བཤད་དེ་ཁོང་ཁྲིན་ཏུར་གདན་འདྲེན་ཞུས། ཞོར་དུ་གླང་ཆེན་འགྱིང་རིར་གནས་གཟིགས་གྲུབ་ནས་ཕྱིར་ཁྲིན་ཏུའུ་གྲོང་ཁྱེར་དུ་འབྱོར་སྐབས། རྒྱ་དཔོན་སྐོར་ཞིག་གིས་རྒྱུ་མཚན་ཡོད་མེད་ཀྱི་སྐད་ཆ་སྣ་ཚོགས་བཤད་དེ་མགྲོན་ཁང་ཞིག་ཏུ་ཁྲིད་དེ་བཀག་ཉར་ལྟ་བུ་བྱས། རྔ་བའི་ཕྱོགས་ཀྱི་མི་ཞིག་བཞུགས་རོགས་ཀྱི་ཚུལ་དུ་སླེབས་ཤིང༌། ཉི་མ་རེ་རེ་བཞིན་ཁོང་ཉིད་ལ་ཐུགས་འདོད་ཡོད་མེད་ལ་མ་ལྟོས་པར་གློག་བརྙན་སྣ་ཚོགས་ལ་གཟིགས་སུ་ཁྲིད། དེ་ནས་ཕྱི་མི་དང་ཐུགས་འཕྲད་གནང་དབང་མེད་པར་གྱུར། སྤྱི་ལོ་༡༩༥༨ ལོའི་ཟླ་༥ ཚེས་༢༢ ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ ཐོག་མི་ཞིག་བཞུགས་ཤག་ཏུ་སླེབས་ནས་ཁྱེད་ལ་ཁུལ་ཐོག་ནས་ཁ་པར་སླེབས་ཀྱིན་འདུག་ཅེས་བཤད། ཁོང་དོགས་ཚོར་དང་བཅས་ཕེབས་ཏེ་ཁ་པར་ལ་ཕྱག་བརྐྱངས་སྐབས་ཉེ་འཁོར་དུ་རྒྱ་མི་བཞི་ཡོད་པ་དག་མཉམ་རུབ་ཀྱིས་ཁོང་གི་ཕྱག་ལ་འཇུས་ནས་ལྕགས་སྒྲོག་བརྒྱབ། རླངས་འཁོར་དུ་བཅུག་ཅིང་ཁྲིད་ནས་ལྕགས་ཁང་ཞིག་ཏུ་བཅུག དེར་བཙོན་པ་ཁ་ཤས་ཡོད་པ་དག་ལ་ཁོང་སུ་ཡིན་གང་ཡིན་ཤེས་སུ་བཅུག་མི་ཆོག་པའི་བཙན་བཀའ་བསྡམས། སི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་འདྲི་རྟོག་ཐེངས་དུ་མར་བྱས། ཉིན་ཁ་ཤས་ཀྱི་རྗེས་སུ་ཁྱོད་ཀྱི་གནད་དོན་ཀན་སུའུ་ཞིང་ཆེན་གྱིས་ཐག་གཅོད་བྱེད་རྒྱུ་རེད་ཅེས་ཀན་སུའུ་ཞིང་ཆེན་གྱིས་བཏང་བའི་བསུ་འགུག་པ་དག་ལ་རྩིས་སྤྲོད་བྱས།
འོན་ཀྱང་ཁོ་བ་ཚོས་ཁྱེར་ཡོང་བའི་སྟོད་ཐུང་དང་དོར་མ་དག་ཆུང་དྲགས་ནས་མ་ཤོང་སྟབས། རྒྱ་མིའི་ཁྲང་ཞིའི་ཟློས་གར་འཁྲབ་ཆས་ཧ་ཅང་ཆེན་པོ་ཞིག་གཡོགས་ནས་མེ་འཁོར་དུ་བཅུག་སྟེ་ལན་ཀྲོའུ་གྲོང་ཁྱེར་དུ་ཁྲིད། ལན་ཀྲོའུ་ཀྲུང་ཡོན་ཀང་ལྟ་སྲུང་ཁང་དུ་བཅུག སྡོད་གནས་རྫོབ་ཅིང་ཟ་རྒྱུ་ཞན་པ་སོགས་ཀྱི་ངང་ཆེས་དཀའ་སྡུག་གི་ལོ་ངོ་གསུམ་བསྐྱལ། ཁོང་ལན་ཀྲོའུ་ལ་འབྱོར་ཉིན་ནས་བཙོན་གྲོལ་མ་འཐོབ་བར་མཚན་དངོས་ཀྱིས་འབོད་མི་ཆོག་པར། ཨང་༢༤ བ་ཞེས་འབོད་ཀྱིན་ཡོད་འདུག་ཅིང༌། ཕྱིས་བཙོན་གྲོལ་ཐོབ་ནས་བཙོན་གྲོགས་ཁ་ཤས་ལ་ཐུག་སྐབས་ཀྱང་ཁོང་ཚོས་ཨང་༢༤ བར་འབོད་པ་ལས་ཁོང་གི་མཚན་དངོས་གནས་མི་ཤེས་པར་བཤད།
སྤྱི་ལོ་༡༩༦༡ ལོའི་ཟླ་༧ ཚེས་༡ ཉིན་ཀན་སུའུ་ཞིང་ཆེན་བཙོན་ཁང་ཨང་དང་བོར་སྤོས། བཙོན་ཁང་འདི་ནི་སྔར་གྱི་ལྟ་སྲུང་ཁང་དང་བསྡུར་ན་གཙང་སྦྲ་དང་ཟ་ཆས་སོགས་ཅུང་བཟང་བ་ལྟ་བུ་ཡིན་ལ། བཙོན་ཁང་འདིར་སླེབས་པ་ནས་ཁྲི་ཆེན་མཆོག་གིས་རྒྱ་སྐད་དང་རྒྱ་ཡིག་སྦྱང་མགོ་བརྩམས། ཟླ་ངོ་དུ་མའི་ནང་རྒྱ་སྐད་བཤད་ཤེས་པར་གྱུར་ནས་མུ་མཐུད་རྒྱ་ཡིག་སྦྱངས། ཐོག་མར་བཙོན་ཁང་ནང་ལོགས་ཀྱི་ཉལ་ཁྲི་དང༌། ཉལ་ཆས། སྔས་མགོ་དང་སྔས་ཤུབས། སོ་འཁྲུད་སོ་སྨན་སོགས་ཡོད་ཚད་སྦྱངས། དེ་ནས་མིའི་ལུས་ཕུང་གི་གྲུབ་ཆ་དག་སྦྱངས་པ་སོགས་གོ་རིམ་ཡོད་ཅིང་ཞིབ་ཚགས་ལྡན་པའི་ངང་རྒྱ་ཡིག་དཔྱིས་ཕྱིན་པ་སྦྱངས། དེ་ནས་སྐབས་དེར་བཙོན་ཁང་དུ་ལྟ་ཀློག་བྱེད་ཆོག་པ་མའོ་ཙེ་ཏུང་གི་གསུང་བཏུས་ལ་སྦྱངས།
ཁོང་གིས་རྒྱ་ཡིག་སྦྱངས་སྐབས་རྒྱ་ཡིག་གི་མིང་ཚིག་བསགས་པ་བོད་ཡིག་དང་ཤན་སྦྱར་བྱས་པའི་ཚིག་མཛོད་ཆེན་པོ་ཞིག་ཡོད་འདུག་ཀྱང་ད་ལྟ་དེ་ཉིད་གང་དུ་ཡོད་མེད་མ་ཤེས། འོན་ཀྱང་ཚིག་མཛོད་དེ་ནི་བོད་སྤྱིའི་ལོ་རྒྱུས་ཀྱི་གོད་ཆག་དང་མཉམ་དུ་སྐྱེས་པའི་ཚིག་མཛོད་ཅིག་ཡིན་སྟབས་རིན་ཐང་གཞལ་དུ་མེད་པའི་ལོ་རྒྱུས་ཀྱི་ཤུལ་བཞག་འགངས་ཆེན་ཞིག་ཡིན་པར་སྣང་བས། དེ་ཉིད་ཤེས་མཁན་འདྲ་ཡོད་ན་བདག་གཅེས་བྱེད་གལ་ཆེ་བའི་འབོད་བསྐུལ་ཀྱང་ཞུ་འདོད་བྱུང༌།
སྤྱི་ལོ་༡༩༦༩ ལོའི་ཟླ་༡༡ ནང་ཡང་བསྐྱར་ཨང་གྲངས་༢༤ བར་མགྱོགས་མྱུར་ངང་ཅ་ལག་བསྡུ་གསོག་རྒྱག་དགོས་པའི་བཀའ་བཏང༌། ཁོང་གི་ཐུགས་ལ་ད་ཡང་གང་ཞིག་ཏུ་ཁྲིད་རྒྱུ་ཡིན་ནམ་སྙམ། ཕྱི་རོལ་མི་མཐོང་བའི་རླངས་འཁོར་ནང་མེ་མདའ་ཐོགས་པའི་གཤེད་དམག་དུ་མས་བསྐོར་ནས་ཁྲིད་པ་སྔར་དང་གཅིག་མཚུངས་ཡིན། ལ་ཐུར་མང་བོ་བརྒལ་ཏེ་མཐའ་མཇུག་ཕེན་ལེང་ས་ཁུལ་ཏེ། སྔར་བོད་ཀྱི་ལོ་རྒྱུས་ཐོག་བསིལ་ཐང་དུ་གྲགས་པའི་སར་ཡོད་པའི་ཀན་སུའུ་ཞིང་ཆེན་བཙོན་ཁང་ཨང་༤ བར་བཅུག
བཙོན་ཁང་དེར་བསམ་བློ་སྒྱུར་བཀོད་ལ་དམིགས་པའི་མར་ལེ་རིང་ལུགས་ཀྱི་དཔེ་དེབ་མང་བོ་ཡོད་པ་ལས། མར་ལེ་རིང་ལུགས་ཀྱི་གསུང་རྩོམ་བདམས་བསྒྲིགས་དང༌། ལེ་ཉིན་དང་སི་ཏ་ལེན་གྱིན་གསུང་རྩོམ་ཕྱོགས་བསྒྲིགས་ཡོངས་རྫོགས་ལ་སྦྱངས་ཏེ་ཟིན་ཐོ་མང་བོ་བཀོད། རྒྱ་ཡིག་གི་གནས་ཚད་སྔར་ལས་ཡར་རྒྱས་སུ་ཕྱིན། ཉིན་ཞིག་བཙོན་ཁང་མགོ་བྱེད་དག་གིས་བཙོན་པ་རེ་རེའི་ཅ་ལག་བསྔོག་གཤེར་སྐབས་ཁོང་གི་ཟིན་བྲིས་དག་མཐོང་ནས་ངོ་མཚར་མཚར་བྱས། བཙོན་ཁང་གི་ལས་བྱེད་དག་ལ་ཤེས་ཚད་མཐོན་པོ་མེད་སྟབས་ཁོང་ཚོས་རིན་པོ་ཆེའི་ཟིན་བྲིས་ཆ་ཚང་གི་ནང་དོན་རྟོགས་མི་ཐུབ་ཀྱང༌། དེ་ནས་བཟུང་ཁོང་ལ་དམིགས་བསལ་གྱི་ལྟ་སྟངས་བཟུང་ཞིང༌། ཉིན་ཞིག་ཨང་༢༤ བ་ཁྱེད་ཀྱིས་བཙོན་པ་ཡོངས་རྫོགས་ལ་མར་ལེ་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དང་འབྲེལ་བའི་གཏམ་བཤད་བྱེད་དགོས་པའི་བཀའ་རྒྱ་བཏང༌། ཁོང་གིས་དེ་ནི་རྒྱ་ཡིག་དང་རྒྱ་སྐད་སྦྱོང་བརྡར་གྱི་གོ་སྐབས་ཤིག་ལ་དགོངས་ཏེ་ངོས་ལེན་གནང༌། གཏམ་བཤད་ཀྱི་རགས་ཟིན་ངེས་པར་དུ་རྒྱ་ཡིག་ཏུ་འབྲི་དགོས་སྟབས་ཤོག་ལྷེ་དུ་མ་ཡོད་པའི་ཟིན་བྲིས་ཤིག་བྲིས་ཏེ་གཏམ་བཤད་གནང༌། ཉིན་དེར་བཙོན་ཁང་དེར་ཡོད་པའི་བོད་རིགས་བཙོན་པ་བརྒྱ་ཕྲག་ལྷག་ཡོད་པ་དག་གིས་ཨ་ལགས་གུང་ཐང་ཚང་བཙོན་ཁང་དེར་བཞུགས་པ་ཤེས་རྟོགས་བྱུང༌། དེ་ནས་མུ་མཐུད་རྒྱ་སྐད་ཐོག་གཏམ་བཤད་ཐེངས་༥༠ ལྷག་གནང་བ་ལ་རགས་ཟིན་རྒྱ་ཡིག་ཡིག་འབྲུ་ཉིས་ཁྲི་༢༠༠༠༠ ལྷག་ཡོད་འདུག་ཀྱང་དེ་དག་ད་ལྟ་གང་དུ་ཡོད་མེད་མ་ཤེས།
བཙོན་ཁང་འདིར་ཁོང་དཔེ་དེབ་དཔར་སྐྲུན་པ་དང༌། ཐེལ་ཙེ་བཟོ་མཁན། ཤིང་བཟོ། ལྷམ་བཟོ་བ་སོགས་ལས་རིགས་སྣ་ཚོགས་ལ་བཀོལ་སྤྱོད་བྱས་ཀྱང༌། ཁོང་གི་ངོས་ནས་དེ་དག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་བྱ་ཉག་ཅིག་ལ་བཟུང་ནས་སྦྱངས་བརྩོན་སྐྱོ་ངལ་མེད་པ་གནང༌། ཁོང་གིས་གཡོ་སྒྱུ་དང་སྐྱོ་ངལ་མེད་པའི་སྒོ་ནས་ངལ་རྩོལ་ཧུར་ཐག་གནང་བས་དེ་དག་གི་ལག་རྩལ་ཤིན་ཏུ་བཟང་བ་བྱུང་སྟབས་བཙོན་ཁང་གིས་ཁོང་ལ་རྒྱ་སྒོར་༡༥ དམིགས་བསལ་གྱི་གཟེངས་རྟགས་སུ་ཕུལ།
གང་ལྟར་དེ་ལྟ་བུའི་ངང་མི་ལོ་ཉེར་གཅིག་འདས། ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༥༨ ལོར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་མངའ་སྡེ་གསུམ་གྱི་བོད་རིགས་རྣམས་ཀྱིས་རྒྱ་དམག་དང་གཡུལ་འཁྲུག་ཁྲག་དྲི་བྲོ་བ་ཡང་ཡང་བརྒྱབ་པའི་གསང་ཇུས་མགོ་འདོན་པ་དང༌། གསར་བརྗེ་ངོ་ལོག་པའི་ཉེས་མིང་བཙན་འགེལ་བྱས་པ་ཞིག་ཡིན་འདུག་ཀྱང༌། ཁོང་གིས་སྔ་ཕྱི་བར་གསུམ་དུ་བདེན་པ་མཐར་སྐྱེལ་གྱིས་ནག་ཉེས་དེ་རིགས་ཁས་ལེན་གནང་མེད།
སྤྱི་ལོ་༡༩༩༣ ལོར་གསར་འགོད་པ་བསྟན་པ་ལྷ་མོ་བྱ་བས་ཁོང་བཙོན་འཇུག་བྱས་རྐྱེན་ཁག་བཅར་འདྲི་ཞུས་ལན་སྙིང་བསྡུས་ནི། སྤྱི་ལོ་༡༩༤༧ ལོར་རྒྱ་ནག་གོ་མིན་ཏང་སྲིད་གཞུང་གིས་ཁོང་རྒྱ་ནག་ཏུ་གདན་འདྲེན་ཞུས་པ་ལ་ངོས་ལེན་མ་གནང་བ་དང༌། དཔོན་གནས་གལ་ཆེན་ཕུལ་བའང་མ་བཞེས་པ། སྤྱི་ལོ་༡༩༤༩ ལོར་དམར་ཤོག་པས་སྲིད་དབང་བཟུང་སྐབས། ཁོང་གྲོས་ཚོགས་སུ་ཐེངས་མང་གདན་ཞུ་དང༌། ཕོགས་ཐོབ་ཧ་ཅང་ཆེན་པོ་འབུལ་རྒྱུ་སོགས་འཇམ་མཁས་བསླུ་བྲིད་ཀྱི་འཆར་གཞི་བརྩམས་པ་མཐའ་དག་ལ་ཞལ་བཞེས་མ་གནང་བའི་དབང་གིས། གཞུང་ཕྱོགས་ལ་འཁོན་འཛིན་ཆགས་ཏེ། ཁོང་སྤྱི་ལོ་༡༩༥༨ ལོའི་ཟིང་འཁྲུག་ལ་ཞལ་བཀོད་གནང་མཁན་དང༌། ཁོང་གི་གཟིམས་ཤག་ནས་སྐུད་མེད་གློག་འཕྲིན་དང༌། མེ་མདའ་ཐོན་ཚུལ་སོགས་རྫུན་བཟོ་སྣ་ཚོགས་བྱས་ཏེ་བཙོན་འཇུག་ཉེས་ཆད་ཅི་བྱས་ཀྱི་སྐོར། སྤྱི་ལོ་༡༩༩༣ ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་འདོན་ཐེངས་གསུམ་པར་གསལ་བ་ལྟར་ཡིན།
བཞི་བ། མཐའ་མཇུག་གི་ང་རོ།
སྤྱི་ལོ་༡༩༧༩ ལོའི་ཟླ་༤ ཞེས་༡༣ ཉིན་གུང་ཐང་ཁྲི་ཆེན་མཆོག་བཙོན་གྲོལ་ཐོབ། རླངས་འཁོར་དུ་བཞུགས་ནས་རང་ཡུལ་དུ་ཆས། དེ་ནི་སྤྱི་ལོ་༡༩༧༨ ལོའི་ཟླ་༡༢ པའི་ནང་དམར་ཤོག་དབུས་གཞུང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེང་གསུམ་པ་འཚོགས་པ་ནས། དབུལ་སྐྱོབ་ཕྱུག་འགྱུར་གྱི་ལམ་དུ་འགྲོ་རྒྱུ་དང༌། སྔར་གྱི་ཉེས་མེད་བཙོན་པ་ཁྲི་འབུམ་མང་བོ་ཡོད་པ་ཁག་གི་གནས་བབ་ལ་བསྐྱར་ཞིབ་བྱ་རྒྱུ་སོགས་ཅུང་གུ་ཡངས་ཀྱི་སྲིད་ཇུས་འཛིན་་མགོ་བརྩམས་པ་དང་འབྲེལ་བ་ཡོད་པ་ཡིན་ནམ་སྙམ།
ཟླ་དེའི་ཚེས་༡༤ ཉིན་ཁོང་གཙོས་གྲོང་ཁྱེར་དུ་འབྱོར་ཏེ་མགྲོན་ཁང་ཨང་དང་བོར་བཞུགས། ས་གནས་བོད་རིགས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ། མི་མང་འབོར་ཆེན་མགྲོན་ཁང་གི་སྒོ་མདུན་དུ་སླེབས་ནས་མཇལ་ཁར་རེ་བ་བརྒྱབ། རིམ་གྱིས་མི་ཚོགས་ཇེ་ཆེར་སོང་ནས་གཙོས་ཁྲོམ་སྲང་དུ་ཤོང་དཀའ་བ་ལྟ་བུ་བྱུང་སྐབས། གཞུང་གི་མི་སྣ་ཡོང་སྟེ། ཁྱོད་ཀྱིས་མི་མང་བསྡུ་རུབ་བྱས་ཤིང་དངུལ་དངོས་བཙན་འཕྲོག་བྱས་མི་ཆོག་ཅེས་བཤད་སྐབས་ཁོང་གིས་གསུངས་དོན། ངས་མི་དམངས་ལ་བཙན་བཀའ་གང་ཡང་བཏང་མེད་ལ། རྒྱུ་ནོར་ཡང་འཕྲོག་མེད། ཁོང་ཚོ་རང་འགུལ་གྱིས་ང་ལ་ལྟ་རུ་ཡོང་བ་རེད། ང་དགེ་སློང་ཞིག་ལ་ཁྱིམ་མི་བུ་ཕྲུག་གསོ་རྒྱུ་མེད་པས་དངུལ་དགོས་དོན་ཡང་མེད། ངས་མི་དམངས་དང་འབྲེལ་འདྲིས་བྱས་མི་ཆོག་ན་ང་ཡང་བསྐྱར་བཙོན་ཁང་དུ་བསྐྱལ་ན་འགྲིག་གི་རེད། ཅེས་ལན་འདེབས་གནང་བས་ཁོ་བ་ཚོ་ཅི་བྱེད་འདི་བྱེད་མེད་པར་གྱུར།
ཁོང་བཙོན་གྲོལ་ཐོབ་ནས་ལོ་ངོ་ལྔའི་རིང་མུ་མཐུད་གསར་བརྗེ་ངོ་ལོག་པ་དང༌། ཟིང་འཁྲུག་ཇུས་འདོན་པ་སོགས་ཉེས་མིང་གི་ཞྭ་མོ་དག་མུ་མཐུད་གཡོགས་ནས་ཡོད་ཀྱང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་དང༌། རྒྱལ་ཡོངས་སྲིད་གྲོས་འཐུས་མི་སོགས་ཀྱི་གོ་གནས་དང༌། གསར་བརྗེ་ངོ་ལོག་པ་དང༌། ཟིང་འཁྲུག་ཇུས་འགོད་པ་སོགས་ཀྱི་ཉེས་མིང་རྣམས་གཞི་གཅིག་གི་སྟེང་དུ་རྒྱུན་རིང་མཉམ་གནས་ཐུབ་པའི་སྲིད་ཇུས་དེ་འདྲ་ཡ་མཚན་པའི་གནས་སུ་སྣང༌།
གང་ལྟར་སྤྱི་ལོ་༡༩༨༤ ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ནག་ཉེས་ཅི་ཡང་མེད་པའི་དཀར་འདོན་བྱས་ཚུལ་རྒྱའི་ཡིག་ཆ་དུ་མར་བཤད། འོན་ཀྱང་མི་ལོ་ཉེར་གཅིག་གི་བཙོན་འཇུག་སྡུག་ལས་མྱངས་པ་དེ་ཚིག་དུམ་དེ་ཙམ་གྱིས་གུབ་གསབ་དང་མཇུག་སྡོམ་རྒྱག་ཐུབ་པ་ཞིག་ཨེ་ཡིན་སྙམ།
སྤྱི་ལོ་༡༩༧༩ ལོའི་ཟླ་༤ ཞེས་༢༠ ཉིན་ནས་ཁོང་ཀན་སུའུ་ཞིང་ཆེན་རྒན་རིམ་ལས་བྱེད་ལྟ་སྐོར་ཚོགས་པའི་མིང་ཐོག་ནས་རྒྱ་གཏིང་གི་གྲོང་ཁྱེར་དུ་མར་ལྟ་སྐོར་ལ་ཁྲིད། ལོ་དེའི་ཟླ་༡༢ པའི་ནང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་དང༌། སྤྱི་ལོ་༡༩༨༠ ལོར་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་འཐུས། སྤྱི་ལོ་༡༩༨༡ ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི་སོགས་ཀྱི་མཚན་གནས་མང་ཙམ་བརྩེགས།
ཁོང་བཙོན་གྲོལ་ཐོབ་ནས་ཅང་མ་འགོར་བའི་སྐབས་ཤིག་མཛོད་དགེ་སྨད་དུ་ཕེབས། མི་ལོ་༢༡ རིང་ཞལ་གྱེས་པའི་མཐོ་བརྗིད་ཀྱི་རི་བོ་དང༌། སྔོ་ལྗང་གི་རྩྭ་ཐང༌། དྭངས་གཙང་གི་རླུངས་ཁམས། རི་སྐྱེས་མེ་ཏོག་གི་མཛེས་སྡུག་དང༌། ཞིམ་མངར་འོ་ཞོ་ཡི་རོ་བཅུད་མྱོང་བཞིན་ཐུགས་དགའ་སྐྱོ་ཟུང་འབྲེལ་དུ་འཕེལ་ཅིང༌། རྫི་ཆར་ཟིམ་ཟིམ་གྱིས་བསྟིམས་པའི་ཕ་རིའི་ནགས་ཁྲོད་དུ་ཁུ་བྱུག་ཅིག་གིས། ཀུ་ཀོ། ཀུ་ཀོ་ཞེས་གྲག་ཡོང་སྐབས་ཁོང་གི་ཞལ་རས་ལ་སྐྱོ་སྒེག་སྤྲོ་གསུམ་མཉམ་འཛོམས་ཀྱི་མདངས་དང་བཅས།
ནགས་ཚལ་སྟུག་པོའི་ཁྲོད་ན། །
དམན་ཆུང་ཁུ་བྱུག་སྔོན་མོ། །
ཁྱེད་ཀྱི་གསུང་སྙན་སྒྲོག་ཚེ། །
ནམ་ཟླ་དབྱར་གྱི་མགོ་ཚུགས། །
ང་རང་བསམ་པ་འགྲུབ་སོང༌། །
འདབ་ཆགས་བྱ་ཡི་ལུས་ལ། །
ལྷ་ཡི་གསུང་སྙན་ལྡན་ཁྱོད། །
ལྷོ་མོན་ཕྱོགས་ཡོང་བས། །
སྐུ་ལ་སྙེལ་བ་མེད་དམ། །
ང་རང་བསམ་པ་འགྲུབ་སོང༌། །
སྒྲོ་ལྡན་རྨ་བྱ་གཞོན་ནུ། །
བྱ་བརྒྱའི་མཛེས་མ་ལགས་ཀྱང༌། །
མགོ་ནག་བོད་འདི་དགའ་ས། །
ཁུ་བྱུག་སྔོན་མོ་ཁྱོད་རེད། །
ང་རང་བསམ་པ་འགྲུབ་སོང༌། ། ཞེས་སོགས་ཐོལ་བྱུང་གི་སྙན་མགུར་བཞེངས་པ་ལ་གྲགས་པ་ཆེན་པོ་བྱུང་ཞིང༌། ཕྱིས་རྨ་ཆུའི་རྡུང་ལེན་པ་གྲགས་ཆེན་དཔལ་མགོན་སོགས་ཀྱིས་སྒྲ་སྙན་རྡུང་ལེན་བྱས་པ་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེ། བསྡུས་བརྗོད་ཀྱི་ལམ་ནས་བརྩམས་པའི་མགུར་ཚིག་འདི་དག་ལ་གོ་རྒྱུ་ཟབ་པར་སྣང་ཡང་སྐབས་དོན་སྒྲིབ་པར་དོགས་ནས་འགྲེལ་བཤད་ཀྱི་ངལ་བ་མ་བྱས།
སྤྱི་ལོ་༡༩༨༩ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བརྩད་ཞིབ་ཚོགས་ཆུང་ཟེར་བ་བཙུགས། གུང་ཐང་རིན་པོ་ཆེ་སོགས་བོད་ཀྱི་བླ་སྤྲུལ་བགྲེས་རབས་སྐོར་ཞིག་དེའི་སློབ་སྟོན་པར་བསྐོས། ཡང་སྲིད་ཇི་ལྟར་འཚོལ་ཞིབ་སྐོར་གྱི་ཚོགས་འདུ་ཐེངས་དང་བོའི་ཐོག་གུང་ཐང་རིན་པོ་ཆེ་མཆོག་གིས་རེ་བ་དོན་ཚན་གསུམ་བཏོན་པ་ནི།
༡། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངེས་པར་དུ་ངོས་འཛིན་གནང་རྒྱུ།
༢། ཡང་སྲིད་དེ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་ཐུགས་ཐག་གཅོད་རྒྱུ།
༣། ཡང་སྲིད་གཉིས་མི་འབྱུང་བར་འབད་བརྩོན་བྱེད་རྒྱུ་བཅས་རེད།
སྤྱི་ལོ་༡༩༩༥ ལོར་རྒྱལ་བ་རིན་པོ་ཆེས་པཎ་ཆེན་ཡང་སྲིད་ངོས་འཛིན་གནང་གྲུབ་མཚམས། ཡང་བསྐྱར་བོད་ཡོངས་ཀྱི་བླ་སྤྲུལ་ཁག་༨༠ བསྐོངས་འགུག་གིས་ཚོགས་འདུ་བསྡུས་ཏེ་གཞུང་གིས་པཎ་ཆེན་ཡང་སྲིད་ཞིག་བཟོ་འཆར་ལ་བླ་སྤྲུལ་ཁག་གིས་རྒྱབ་སྐྱོར་དགོས་ལུགས་བཤད་སྐབས། གུང་ཐང་རིན་པོ་ཆེས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་ཟིན་པ་ལ་ཀྲུང་དབྱང་གིས་ཆོག་མཆན་གནང་རྒྱུ་ལས། འོས་སྤྲུལ་གཞན་བཙལ་ན་བོད་མི་དམངས་ཀྱིས་ཁས་ལེན་བྱེད་རྒྱུ་མ་རེད། ཅེས་སོགས་གསུངས་པ་ལ་བརྟེན་ནས་ཁོང་ལ་སྐུ་ངལ་འོ་བརྒྱལ་མང་ཙམ་བྱུང་བར་ཐོས།
དེའི་རྗེས་ནས་གུང་ཐང་རིན་པོ་ཆེ་པཎ་ཆེན་ཡང་སྲིད་དང་འབྲེལ་བ་ཡོད་པའི་ཚོགས་འདུའི་རིགས་ལ་མཉམ་ཞུགས་གནང་མེད། སྤྱི་ལོ་༡༩༩༥ ལོའི་ཟླ་༦ ཚེས་༡ ཉིན་བཀྲ་ཤིས་ལྷུན་པོར་དབུས་གཞུང་གིས་ངོས་འཛིན་བྱས་པའི་ཁྱེའུ་རྒྱལ་མཚན་ནོར་བུར་དགེ་ཚུལ་སྒྲུབ་སྐབས་གུང་ཐང་རིན་པོ་ཆེ་གདན་འདྲེན་ཞུས་ཀྱང༌། ཁོང་གིས་མཛད་སྒོ་དེར་བཅར་དགོས་ཀྱང་གཟུགས་གཞི་བདེ་མིན་གྱིས་བཅར་སྟབས་མ་འགྲིག་ཅེས་ཕྱག་བྲིས་སྟབས་བདེ་ཞིག་གནང་བ་ལས་ངོ་ཕེབས་གནང་མི་འདུག འདིའི་སྔ་སྔ་གཞུག་གཞུག་ཏུ་དོན་དག་མང་བོ་བྱུང་ཡོད་འདུག་ཀྱང་རེ་ཞིག་འཆད་སྟབས་མ་བདེ།
སྤྱི་ལོ་༡༩༩༡ ལོའི་དབྱར་མགོར་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས་ཞུས་པ་ལྟར། གུང་ཐང་རིན་པོ་ཆེ་མཆོག་གིས་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་དུ་འདུས་ཚོགས་སེར་སྐྱ་སྟོང་ཕྲག་དུ་མ་ལ་མུ་ཊ་རྡོར་ཕྲེང་གི་དབང་གནང་གྲུབ་ཉིན་བོད་དོན་དང་འབྲེལ་བའི་གསུང་བཤད་ཤིན་ཏུ་འགངས་ཆེན་གནང་བའི་སྐད་འཁོར་འཚོང་འགྲེམས་ཚོང་བཀག་འགོག་བྱས།
སྤྱི་ལོ་༡༩༩༤ ལོའི་བོད་ཟླ་༧ པར་བླ་བྲང་ཉེ་འཁོར་བསང་གཞུང་དུ་དུས་འཁོར་དབང་ཆེན་ཐེངས་བཅུ་བ་གནང་གྲུབ་པའི་ཉིན་འདུས་མང་ལ་གསུངས་དོན། ཁྱེད་ཚོ་མི་གྲངས་ལྔ་འབུམ་ལྷག་༥༠༠༠༠༠ ཚེགས་དཀའ་ལས་དང་འགྲོ་གྲོན་ལ་མ་འཛེམས། རང་ཁྱིམ་གྱི་ལས་ཀ་གཡུགས་ཏེ་འདིར་སླེབས་དོན་ནི་དབང་ཉན་རྒྱུ་གཅིག་པུའི་ཆེད་རེད། ངས་དབང་གནང་བའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཚེ་ཞབས་པད་བརྟན་ནས་བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་བའི་ཆེད་ཡིན། ཁྱེད་ཚོའི་ཀུན་སློང་ཡང་འདི་རང་ལ་དམིགས་དགོས། དེ་མིན་ན་ངའི་དབང་ལ་ཉན་པའང་ཉན་གོ་མ་ཆོད་པ་ཡིན། ཞེས་སོགས་གསུངས།
ལྔ་བ། རྒྱང་གཟིགས་འཆར་འགོད།
གུང་ཐང་ཁྲི་སྤྲུལ་འདི་བར་བླ་སྤྲུལ་ཆེ་ཁག་གི་མཚན་གནས་ཡོད་པ་ཙམ་མ་ཡིན་པར། གཞོན་དུས་སློབ་གཉེར་ལ་ཧུར་ཐག་གནང་བས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་ཆེན་ཁག་ལ་མཁྱེན་རྒྱ་ཡངས་ཤིང༌། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་ལེགས་པས་བཀྲ་ཤིས་འཁྱིལ་དགོན་མ་ལག་དང་བཅས་པས་གུས་བཀུར་གཞན་འགྲན་མེད་པ་ཡིན་པས་གདུལ་བྱ་དང་མཛད་འཕྲིན་འུར་ལངས་པ་ལྟ་བུ་བྱུང་བའི་སྤྱི་ཡོངས་ཀྱི་མཛད་རྣམ་ཁག་འདིར་འཆད་རྩིས་མིན།
ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན། ཁྲི་ཆེན་ཁོང་དགུང་ལོ་ཉི་ཤུའི་སྐབས་ནས་བོད་ཀྱི་སྤྱི་ཚོགས་སུ་དཔལ་འབྱོར་ཡར་རྒྱས་དགོས་གལ་ཆེ་བ་གཟིགས་ནས། སྤྱི་ལོ་༡༩༥༠ ང་གྲངས་སུ་དངུལ་སྒོར་ལྔ་འབུམ་ལྷག་བཏང་སྟེ་སྐ་ཁོག་གམ་དམར་ཐང་དུ་གུང་ཐང་ཞི་བདེ་འོ་ཕྱེ་བཟོ་གྲྭ་འཛུགས་སྐྲུན་གྱིས་སྤྱི་ལོ་༡༩༥༦ ལོར་ལེགས་གྲུབ་བྱུང༌། སྤྱི་ལོ་༡༩༥༨ ལོར་ཡོད་ཚད་གཞུང་བཞེས་བཏང་བས་བཟོ་གྲྭ་འདི་ཡང་ཁོང་ལ་མ་དབང་མོད། ད་ལྟ་ཧོང་ཡོན་འོ་ཕྱེ་བཟོ་གྲྭ་ཟེར་བ་ཞིག་ཡོད་པ་དེ་སྔར་ཁོང་གིས་གསར་འཛུགས་གནང་བ་དེའི་རྒྱུན་ཡིན། སྤྱི་ལོ་༡༩༥༠ ང་གྲངས་ཏེ་བོད་རིགས་ཕལ་མོ་ཆེས་འདོད་ཆུང་ཆོག་ཤེས་བཤད་ནས་སྡོད་སྐབས། ཁོང་གིས་བོད་རང་གི་ས་ཐོག་ཏུ་འོ་ཕྱེ་བཟོ་གྲྭ་བཙུགས་པ་དེ་དོན་དག་ཆུང་ཆུང་ཞིག་མིན། བོད་ཀྱི་ལོ་རྒྱུས་ཀྱི་ཆག་སྒོ་ཡོད་ཚད་ཆབ་སྲིད་གཅིག་པུའི་དབང་གིས་བྱུང་བ་ཞིག་མ་ཡིན་པར། དཔལ་འབྱོར་ཆེས་རྗེས་ལུས་ཀྱིས་འཐུས་ཤོར་གྱི་བརྒྱ་ཆའི་ལྔ་བཅུ་ཙམ་ཟིན་ཡོད་པ་ཡིན། འཛམ་གླིང་ན་སྐད་གྲག་ལྡན་པའི་རྗེའུ་མི་རིགས་སམ། ཨོའུ་ཐའི་མི་རིགས་སུ་གྲགས་པ་དེ་ཡུལ་ལུང་གང་དུ་བསྡད་ཀྱང་འགྲན་ཟླ་མེད་པར་གྱུར་པའི་རྒྱུ་རྐྱེན་ཨང་དང་བོ་དེ་དཔལ་འབྱོར་སྒྲུབ་མཁས་པ་ཁོ་ན་ལ་རག་ལས་ཡོད། ལྷག་པར་དུ་དངོས་ཡོད་གནས་ཚུལ་དུ་ཡུལ་ལུང་གང་ཞིག་ལ་སྟོབས་ཤུགས་ཡོད་མེད་ཅེས་པའི་སྟོབས་ཤུགས་དེ་དཔལ་འབྱོར་གྱི་སྟེང་ནས་འཇོག་གིན་ཡོད། དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ན་དམག་དོན་དང་ཚན་རིག་གི་སྟོབས་ཤུགས་འབྱུང་བ་ཡིན་ལ། དམག་དོན་དང་ཚན་རིག་གི་སྟོབས་ཤུགས་ཡོད་ན། ཆབ་སྲིད་ཀྱི་སྟོབས་ཤུགས་འབྱུང་ཐུབ་པ་ཡིན།
ང་ཚོ་སྒང་བ་བོད་པར་གྲགས་པའི་མི་རིགས་འདིའི་སེམས་ངོ་ན་གཏན་ཆགས་ཀྱི་ཚུལ་དུ་ཡོད་པ་ནི། འཇིག་རྟེན་ལ་སྙིང་བོ་མེད་པ་དང༌། རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ལྟ་བུ་ཡིན་རབས་ཀྱི་བསམ་བློ་ཁྱེར་ཏེ་དཔལ་འབྱོར་གྱི་དངོས་ཡོད་རིན་ཐང་ལ་ཁྱད་གསོད་ཆེན་པོ་བྱས་ཡོད་ལ། དེ་བྱས་པའི་ཉེར་ལེན་གྱིས་རང་ཡུལ་དུ་མེད་མུག་གིས་གདུངས་ཏེ་བླ་སྤྲུལ་རྣམས་རྒྱ་སོག་གི་ཡུལ་དུ་སོང་ནས་རྒྱུ་འབྱོར་འཚོལ་བའི་ལམ་ལུགས་ངན་པ་དར་འཕེལ་བྱུང་ཞིང༌། དེའི་ཞར་ཞོར་དུ་ཆབ་སྲིད་ཀྱི་སྣ་ཐག་མི་ལག་ཏུ་ཤོར་བའི་ལོ་རྒྱུས་ཀྱི་ཕམ་ཁ་བླ་ན་མེད་པ་ཐོབ་ཡོད།
ངས་བཤད་འདོད་པ་ནི་གུང་ཐང་རིན་པོ་ཆེས་འོ་ཕྱེ་བཟོ་གྲྭ་བཙུགས་ནས་བོད་ཡུལ་གྱི་དཔལ་འབྱོར་དཀའ་ངལ་ཡོད་ཚད་སེལ་ཐུབ་མིན་དེ་མ་ཡིན་པར། ཁོང་གིས་སྐབས་དེ་དུས་ནས་བོད་མི་རིགས་འདི་དར་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན་ངེས་པར་དུ་དཔལ་འབྱོར་གྱི་སྟོབས་ཤུགས་དགོས་པའི་གནད་འགག་ངོས་འཛིན་གནང་བ་དང༌། གནད་འགག་མཁྱེན་རྟོགས་བྱུང་བ་ཙམ་ཡང་མ་ཡིན་པར་ལག་ལེན་གྱི་ཐོག་ཏུ་བསྐྱོད་པ་དེ་ལོ་རྒྱུས་རང་བཞིན་གྱི་མཛད་པ་རླབས་ཆེན་ཞིག་རེད་ཅེས་བརྗོད་འདོད་སྐྱེས་པ་དེ་ཡིན། དཔེར་ན་སྐབས་དེར་བོད་ཀྱི་བླ་སྤྲུལ་རེ་རེས་བླ་མ་གུང་ཐང་ཚང་ཇི་བཞིན་བོད་ཀྱི་དཔལ་འབྱོར་དཀའ་ངལ་སེལ་ཆེད་ཕྱག་ལས་རེ་བརྩམས་ཡོད་པ་ཡིན་ན། དཔལ་འབྱོར་ཐོག་རང་ཚུགས་ཐུབ་པ་ལ་ཕན་ཞིང༌། དཔལ་འབྱོར་ཐོག་རང་ཚུགས་ཐུབ་པ་ཡིན་ན་འདི་ལྟ་བུའི་ཚད་ལ་ལྷུང་ཨེ་ཡོད་ན་སྙམ།
གང་ལྟར་ཁོང་བཙོན་གྲོལ་ཐོབ་ནས་ལོ་ངོ་ཉི་ལྷག་འཚོ་བཞུགས་གནང་བའི་རིང་མི་རིགས་ཀྱི་ཤེས་ཡོན་ཡར་རྒྱས་དང༌། རྩྭ་ས་རྩོད་གླེང་སོགས་ནང་འཁྲུག་ཞི་འདུམ། བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་གཏོང་ཐབས་མཛད་པ་སྟེ་ཕྱག་ལས་གཙོ་བོ་འདི་གསུམ་གྱི་ཐོག་གནང་ཡོད་པར་མཐོང༌།
ཁོང་གིས་ཚོགས་འདུ་དང་གསུང་ཆོས་སོགས་མི་དམངས་འདུ་ཚོགས་ཆེ་སྐབས་ནན་གསུང་གནང་གིན་ཡོད་པ་ནི། བོད་ཡུལ་གྱི་དཔལ་འབྱོར་རྗེས་ལུས་ཀྱི་རྣམ་པ་ལ་འགྱུར་བ་གཏོང་དགོས་ན། བོད་མི་རིགས་འདི་རྒྱལ་ཁའི་ཕྱོགས་སུ་སྐྱོད་དགོས་ན། བྱིས་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ཁོ་ན་ལ་རག་ལས་པར་གསུང་གིན་ཡོད་ལ། ཞལ་ནས་གསུངས་པ་ཙམ་ཡང་མ་ཡིན་པར་ལག་ལེན་གྱི་སྟེང་ལ་བཀལ་བ་དཔེར་ན། ཁོང་གིས་མདོ་སྨད་ལྷོ་རྒྱུད་ཀྱི་སློབ་གྲྭ་དང་ཤེས་ཡོན་གྱི་གནས་སྟངས་སྐྱོ་ཞན་ཡིན་པ་ལ་གཟིགས་ནས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཟླ་༥ བའི་ནང་ཀན་ལྷོའི་བོད་རིགས་སློབ་གསོའི་ཐེབས་རྩ་ལྷན་ཚོགས་གསར་འཛུགས་ཀྱིས་མ་དངུལ་ཞལ་འདེབས་སྒོར་ཉིས་ཁྲི་གནང༌།
རྨང་གཞི་དེའི་སྟེང་ཐེབས་རྩ་ཡར་རྒྱས་སུ་ཕྱིན་ཏེ་སྤྱི་ལོ་༡༩༩༤ ལོར་ཐེབས་དངུལ་སྒོར་ཁྲི་ཕྲག་༤༠ བརྒལ་པས། བོད་རིགས་གཞོན་སྐྱེས་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་མི་ཉུང་བ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་རག་གིན་ཡོད་པ་ལྟ་བུ་དང༌། དེ་བཞིན་ཁོང་སྔ་ཕྱིར་མདོ་སྟོད་སྨད་ཀྱི་ཡུལ་གྲུ་དུ་མའི་ནང་ཡོད་པའི་སློབ་གྲྭ་ཁག་ལ་གཟིགས་རྟོག་ཏུ་ཕེབས་ཏེ། སློབ་ཡོན་ཞལ་འདེབས་རྒྱ་སྒོར་ཁྲི་བཞི་བཅུ་ལྷག་གནང་བ་ལྟ་བུ། སྤྱི་ལོ་༡༩༩༤ ལོའི་བསང་གཞུང་གི་དུས་དབང་གཅིག་པུའི་སྟེང་སློབ་གསོ་ཐེབས་དངུལ་སྒོར་ཆིག་འབུམ་གནང་བ་ལྟ་བུས་མཚོན་སྔ་ཕྱིར་བོད་ཀྱི་ཤེས་རིག་ཡར་རྒྱས་ལ་ཕྱག་རོགས་གནང་བ་ཉུང་ཉུང་མིན།
དེ་བཞིན་དཔལ་འབྱོར་གནས་སྟངས་སྐྱོ་བའི་བོད་རིགས་ས་ཁུལ་ཁག་ཅིག་ལ་སྨན་བཅོས་འཕྲོད་བསྟེན་ཆེད་ཞལ་འདེབས་འབོར་ཆེན་གནང་ཞིང༌། ཁོང་གི་མཛད་བབ་དེ་དག་གཞན་གྱིས་བསྔགས་བརྗོད་ཞུས་ཚེ། ངའི་དངུལ་དངོས་རྣམས་མང་ཚོགས་ཀྱི་ལག་ནས་ཡོང་བ་ཡིན་པས། སླར་མང་ཚོགས་ཀྱི་ཆེད་དུ་གཏོང་འོས་པ་ཞིག་རེད་ཅེས་ཁེངས་སྐྱུང་དང་བཅས་གསུང་གིན་ཡོད་པ་ལྟ་བུ་སྟེ། འདི་ནི་ཁོང་གིས་གཞན་ལ་རོགས་དངུལ་སྤྲད་པས་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་ཆག་ཡང་དུ་འགྲོ་བ་དང་འབྲེལ་བ་མེད་ཅིང༌། དངུལ་གྱི་ཆེད་དུ་ཐེབས་རྩ་དང་ཚོགས་པ་འཛུགས་མཁན་དེ་དག་གིས་དངུལ་འབོར་ཅུང་ཟད་རེ་ངེས་པར་དུ་གཞན་གྱི་ཆེད་གཏོང་དགོས་པ་ལྟ་བུ་ཁྲིམས་ལུགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གནང་བ་ཞིག་ཀྱང་མ་ཡིན་པར། ཆོས་ཕྱོགས་ནས་བཤད་ན་ལན་ལ་རེ་བ་མེད་པ་ཕྱིན་དྲུག་ནང་ཚན་གྱི་གཏོང་བའི་ཉམས་ལེན་གྱི་ཁོངས་སུ་འདུ་ཞིང༌། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་བོད་རིགས་ན་གཞོན་ཚོར་ཤེས་ཡོན་ཡག་པོ་ཐོབ་ཆེད་འབད་བརྩོན་བྱེད་མཁན་རང་གི་མི་རིགས་ལས་གཞན་མེད་སྟབས། ཁོང་གིས་མི་རིགས་ཀྱི་ལ་རྒྱ་དང༌། ཕུགས་རྒྱང་རིང་བོར་མི་རིགས་འདི་རང་གི་རྐང་བའི་ཐོག་ལངས་ཐུབ་མཁན་གྱི་མི་རིགས་མཚན་ཉིད་ཚང་བ་ཞིག་བཟོ་རྒྱུའི་འཆར་འགོད་ཁོ་ན་ཡིན་ནོ།།
དྲུག་པ། མཇུག་སྡོམ་དང་བསམ་ཚུལ་དུ་མ།
ཁྲི་ཆེན་མཆོག་འདི་བ་གོས་སེར་བོ་གྱོན་ནས་ཁྲི་མཐོན་མཐོན་པོའི་ཐོག་ཏུ་བསྡད་ན་བུ་སྐྱེས་པའི་སྐྱེ་གོ་ཆོད་སོང་དགོངས་མཁན་ཞིག་མིན་ལ། ཆོས་འདུལ་བའི་བཅས་ཁྲིམས་ལ་ཁ་གཡར་ནས་ཡོད་ཚད་དགག་སྟེ་ཡར་རྒྱས་ཀྱི་ལམ་ཁ་བཀག་ན་བཙུན་པར་རྩི་ཞིང༌། ཆོས་བཤའ་མ་བྱེད་མཁན་དུ་ཁས་འཆེ་སྟེ་མགོན་མེད་སྐྱབས་བྲལ་གྱི་རང་རིགས་རྣམས་ཉེས་རྡུང་བཙོན་འཇུག་སོགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷང་རུང༌། སྐུ་ལུས་ཀྱི་བ་སྤུ་ཙམ་ཡང་མི་གཡོ་བར། ཆོས་པས་སྲིད་ཀྱི་ལས་ཀ་བྱེད་མི་ཉན་ཟེར་ནས་སྤམ་མདོག་སྟོན་མཁན་ཁོང་ཚོ་དང་ཡང་མི་འདྲ་བར། ཆོས་འདུལ་བའི་བཅས་ཁྲིམས་ལ་གནས་བཞིན་དུ། རང་མི་རིགས་ཀྱི་ལས་དབང་དང་ཐོབ་ཐང་རྩོད་རྒྱུ་དེ་སྡིག་པ་ཉེས་ལྟུང་དུ་མི་བརྩི་བར་མ་ཟད། ཉམ་ཐག་པའི་མི་རིགས་འདིའི་མདུན་ལམ་བདེ་སྐྱིད་ཀྱི་ཆེད་དུ་ཁེ་ཉེན་ཆེ་བའི་ཕྱག་ལས་རླབས་ཆེན་ལ་ཐུགས་སྤྲོ་བཞིན་འཇུག་པའི་ཁྱད་ཆོས་དྲུག་ལྡན་གྱི་སྟག་དམར་ཡག་ཁོང༌། ལ་རྒྱ་དང་སྤོབས་པའི་འཛུམ་དྲུག་གི་འོད་མདངས་ཁྲ་ལྷམ་ལྷམ་ངང་སྤྱི་ལོ་༢༠༠༠ ལོའི་སྤྱི་ཟླ་༣ ཚེས་༡ ཉིན་ང་ཚོ་དང་ཞལ་གྱེས་སོང༌།
བོད་དུ་དམ་པའི་ལྷ་ཆོས་དར་འཕེལ་བྱུང་བ་ནས་བླ་སྤྲུལ་དགེ་བཤེས་དྲག་གྲས་དག་གི་མཛད་རྣམ་འབྲི་བའི་སྲོལ་ཀ་ཤིན་ཏུ་དར་ཁྱབ་ཆེན་པོ་བྱུང་ཞིང༌། རྣམ་ཐར་དེ་དག་ལ་བླ་སྤྲུལ་རང་རང་གིས་བྲིས་པའི་རང་རྣམ་དང༌། རང་རང་གི་དངོས་བརྒྱུད་ཀྱི་སློབ་མ་དག་གིས་བྲིས་པ། དེ་མིན་ཁོང་རྣམ་པའི་མཛད་རྣམ་ལ་དད་པ་སྐྱེས་ནས་ཕྱིས་ཀྱི་མཁས་པས་བྲིས་པ། དད་པ་དང་ཤ་ཞེན་སོགས་ཅི་ཡང་མེད་པར་ལས་ཀའི་དགོས་མཁོ་དང༌། ཡང་ན་ལོ་རྒྱུས་ཀྱི་གསང་བ་བསྔོག་རྒྱུ་སོགས་ལ་དམིགས་ཏེ་འབྲི་བཞིན་པ་ལྟ་བུ་རིགས་དུ་མ་ཡོད་ཀྱང༌། ཁྱབ་ཆེ་བ་ནི་བུ་སློབ་དག་གིས་བྲིས་པ་ཡིན་པར་སྣང༌།
རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་ལྟ་བུ་སྐུ་ཚེ་གང་བོའི་ཆོས་སྲིད་ཀྱི་མཛད་པ་མཐའ་དག་ཉིན་ཐོའི་ཚུལ་དུ་བྲིས་ཤིང༌། སྒྲོ་སྐུར་གྱི་མཐའ་ལ་མ་ལྷུངས་པའི་དངོས་བྱུང་གནས་ཚུལ་ཇི་མ་ཇི་བཞིན་དུ་བྲིས་པ་ལྟ་བུ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རང་རྣམ་གླེགས་བམ་གཉིས་ཅན། རྗེ་མི་དགེ་བསམ་གཏན་གྱི་རང་རྣམ་ལྟ་བུ་སྐྱིད་སྡུག་གི་མི་ཚེའི་ནང་དོན་དག་ལེགས་ཉེས་གང་བྱུང་ཇི་བཞིན་དུ་བྲིས་པའི་ཕུལ་བྱུང་གི་རྣམ་ཐར་ཉུང་ཤས་ཤིག་བཞུགས་པ་དག་ཕུད། རྣམ་ཐར་མང་ཤོས་རྗེས་འཇུག་སློབ་མ་དད་པ་དང་དག་སྣང་ཅན་དག་གིས་བྲིས་པ་ཡིན་སྟབས། མི་ལྷ་བཟོས། ལྷ་གཞི་རྩ་མེད་པ་ལྟ་བུ་བཟོས་པའི་རྐྱེན་གྱིས། ང་ཚོས་སྔོན་བྱོན་སྐྱེས་ཆེན་གང་ཞིག་གི་མཛད་རྣམ་གློག་བརྙན་དུ་ཕབ་དགོས་ན་སྐུ་གཟུགས་ཀྱི་ཁྱད་དབྱིབས་དང༌། གཤིས་བརྒྱུད། སྤྱོད་ལམ། ཅི་ཞིག་ལ་མཁས་ཤིང༌། གང་ཞིག་མི་ཤེས་པ་ལྟ་བུའི་མིའི་ཁྱད་ཆོས་དངོས་གནས་པ་མཚོན་ཐུབ་པ་ཞིག་བཟོ་ཁག་པོ་ཡིན།
ལྷག་པར་དུ་འདས་པའི་ལོ་ངོ་༣༠༠ ལྷག་གི་ནང་བྱུང་བའི་མཛད་རྣམ་ཕལ་མོ་ཆེའི་རྩོམ་སྟངས་ནི། རྩོམ་ཡུལ་བླ་སྤྲུལ་དམ་མཁས་པ་དེའི་སྐོར་འབྲི་རྒྱུ་ཕལ་བ་དང༌། རྩོམ་མཁན་ཁོ་རང་གིས་སྦྱང་ཡོན་ངོམ་རྒྱུ་ཨང་དང་བོར་བཞག་པ་ལྟ་བུ་སྟེ། གལ་སྲིད་རྩོམ་མཁན་མཁས་ན་རྩོམ་ཡུལ་ཀྱང་མཁས་པར་འགྱུར་བ་དང༌། རྩོམ་མཁན་དེ་ཙམ་མ་མཁས་ན་རྩོམ་ཡུལ་ཀྱང་རང་བཞིན་གྱིས་མི་མཁས་པར་འགྱུར་བ་སྟེ་ཡོད་ཚད་རྩོམ་མཁན་ལ་རག་ལས་པ་ལྟ་བུ་དང༌། ཡང་རྣམ་ཐར་རྩོམ་མཁན་གྱིས་རྩོམ་ཡུལ་གྱི་སྐྱེས་ཆེན་དེ་དག་གི་ནང་གི་ཉམས་རྟོགས་ཞིབ་འབྲི་བྱེད་པ་དེ་ཡིན། རྗེས་སུ་དཔོག་པའི་རྟགས་ཀྱིས་དོན་དག་གང་འཚམ་ཞིག་ཤེས་རྟོགས་བྱེད་ཐུབ་པ་བདེན་ཡང༌། རྟོགས་པའི་ཁྱད་པར་ཕྲ་མོ་རྣམས་བསྟར་ཆགས་སུ་འབྲི་དགོས་ན་རྩོམ་མཁན་གྱི་རྒྱུད་ལ་གཞན་རྒྱུད་ཤེས་པའི་མངོན་ཤེས་དགོས་པ་ཡིན་པས། སྐབས་རེར་དོན་གྱིས་ནི་རྩོམ་མཁན་རང་ཉིད་ལ་སྐྱེས་སྦྱང་གི་ཡོན་ཏན་དང༌། ས་ལམ་གྱི་རྟོགས་པ་གང་ཡོད་ཀྱི་ལྐོག་བརྡ་སྤྲོད་པ་ལྟ་བུའི་ལུགས་སྲོལ་རྒྱུན་འབྱམས་པ་དེ་དག་ནི་ཕྲན་གྱིས་གཞར་ཡང་མ་ནུས།
དེས་ན་ཕྲན་ནི་འཇིག་རྟེན་གྱི་མིའི་གྲལ་དུ་སྐྱེས་པ་ཙམ་ལས་འགྲོ་བ་མིའི་ཆོས་ལུགས་དང༌། རིག་གནས། ཚན་རིག དེ་མིན་གྱི་ལེགས་བྱང་སོགས་ཡར་རྒྱས་གསར་བཏོད་ཀྱི་ནུས་པ་ཅི་ཡང་མེད་ཅིང༌། བོད་པ་རྣམས་ཀྱིས་ཤེས་ཡོན་ཅན་ལ་ངེས་པར་ཚང་དགོས་པར་འདོད་པའི་འཆད་རྩོད་རྩོམ་གསུམ་དང༌། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་ཡང་མེད་མཁན་ཞིག་ཡིན་སྟབས། ཁྲི་ཆེན་གུང་ཐང་ཚང་གི་ཐུགས་རྒྱུད་ཀྱི་རྟོགས་པ་སོགས་ཤིན་ལྐོག་གི་གནས་ཚུལ་མང་བོ་ཞིག་ཤེས་ཀྱང་མི་ཤེས་ལ། མི་ཤེས་ཤེས་ཁུལ་གྱིས་བཙན་སྦྱོར་བྱེད་པའི་སྡུག་རུས་ཀྱང་བྱས་མེད།
ཁྲི་ཆེན་འདི་བའི་མཛད་རྣམ་ཁོང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས་གསར་རྩོམ་མཛད་ཡོད་ཚུལ་གོ་ཐོས་ཙམ་ལས་ལག་སོན་མ་བྱུང༌། དེ་མིན་རྒྱ་ཡིག་ཏུ་བྲིས་པ་དང༌། གསར་འགོད་པས་བཅར་འདྲི་ཞུས་པ། ཁོང་གི་གསུང་མགུར་ཕྱོགས་སྡེབས་སོགས་མཛད་རྣམ་གྱི་རྒྱུ་ཆར་རུང་བ་དུ་མ་མཐོང་ཡུལ་དུ་ཡོད་ཀྱང༌། ཁོང་གི་མཛད་རྣམ་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པ། ལོ་རྒྱུས་ཀྱི་རིན་ཐང་མ་འཆོལ་བ། ལྷག་པར་དུས་རབས་དམིགས་བསལ་བ་ཞིག་གི་རི་སྒུལ་མཚོ་སྐྱོམ་གྱི་ཆག་འཇིག་ཡ་ང་བ་མང་བོ་བྱུང་བའི་དངོས་ཡོད་གནས་ཚུལ་རྣམས་རྒྱང་བསྐྱུར་དང་ནག་བསུབ་ཏུ་མ་བཏང་བར་དངོས་བྱུང་ཐད་ཀར་བྲིས་པའི་མཛད་རྣམ་ཞིབ་རྒྱས་ཤིག་ཕལ་ཆེར་བྱུང་མེད་པ་འདྲ།
ང་ཚོས་ངེས་པར་བསམ་དགོས་པ་ཞིག་ནི། གུང་ཐང་ཁྲི་ཆེན་འདི་བ་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་དུས་རབས་ཤིག་གི་དཀྱོགས་མཚམས་སུ་དཔའ་ངར་གྱིས་འགྲེང་བའི་ལོ་རྒྱུས་མི་སྣ་གལ་ཆེན་དག་གི་རྣམ་ཐར་གྱི་འགངས་ནི། ཁོང་རྣམས་སངས་རྒྱས་བྱང་སེམས་གང་ཞིག་གི་རྣམ་སྤྲུལ་དུ་བསྒྲུབ་རྒྱུ་དང༌། ཕྱག་མོ་ལུང་བསྟན་མཛད་པ་དུས་ཐོག་ཏུ་ཁེལ་བ་ལྟ་བུའི་མཛད་པའི་ཆ་ཤས་ཉི་འཚེ་བ་དག་མཛད་རྣམ་གྱི་སྲོག་ཏུ་བལྟ་མི་རུང་བར། མི་རིགས་འདིའི་དཀའ་སྡུག་གི་ནམ་ཟླ་རིང་མོའི་ཁྲོད་ཀ་གདུང་ལྟ་བུའི་སྐུ་ངལ་ལྷུར་ལེན་མཛད་པའི་སྙིང་སྟོབས་དང༌། དམིགས་ཡུལ། བློས་བཏང༌། དམ་བཅའ། དེས་ཕྱི་རབས་པ་དག་ལ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གནང་བའི་འགན་ཁུར་སོགས་དངོས་ཡོད་རིན་ཐང་མཚོན་ཐུབ་པ་ཞིག་དགོས་ངེས་སུ་མཐོང་བས། ད་དུང་ཁོང་གི་མཛད་རྣམ་རྩོམ་སྒྲིག་གི་དུས་ལ་བབ་ཡོད་མེད་ཀྱང་མ་ཤེས་སོ།།
བོད་ནང་གི་རྩོམ་པ་བོ་ཞིག་གིས་ཁྲི་ཆེན་ཁོང་གི་རྗེས་དྲན་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཕྱོགས་བསྒྲིགས་བྱེད་ཀྱིན་ཡོད་པའི་ནང་འགོད་རྒྱུའི་དྲན་ཐོ་ཞིག་འབྲི་བའི་རེ་བསྐུལ་ཡང་ཡང་གནང་བ་ལྟར་སྤྱི་ལོ་༢༠༡༠ ལོའི་ཟླ་༤ ཚེས་༢༤ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས་ཕུལ།།
ཁོང་གིས་སྐུ་ན་གཞོན་དུས་སྡུག་པོ་མྱངས་པ་དེ་སླེ་ལུང་རྗེ་དྲུང་བཞད་པའི་རྡོ་རྗེའི་རང་རྣམ་འདྲ་བོ་འདུག ང་ཐོག་མར་ཁོང་ལ་མཇལ་དུས་ནི་གོ་གཉིས་ལོ་ཡིན། དེ་དུས་ཁོང་བླ་བྲང་དུ་བཞུགས་འདུག
ལས་ངན་ནང་གི་ལས་ཅན་རེད།
ཞབས་དྲུང་དཀར་པོར་ན་བཟའ་རེད། ཧོར་འཇིགས་ལས་ཅན་རེད།
རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་གསུང་ཐོས་པར་དགའ་སྤྲོ་ཆེ། སྤྱིར་ཁ་བརྡ་འདིར་རང་ཕྱོགས་ལ་ཆགས་པ་རླབས་བཞིན་གཡོ་བ་དང་གཞན་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར་བའི་ཁོར་ཡུག་འདིར། ཉིད་ནས་དྲ་འབུ་བསམ་མེད་ཉུང་ཤས་ཚོའི་བླུན་གཏམ་ལ་ཇི་མི་སྙམ་པར། བོད་མི་རིགས་ཀྱི་དོན་གཉེར་ཅན་དང་ཤེས་བྱར་སྐོམ་པ་ཆུ་འདོད་ཀྱི་ན་གཞོན་མང་པོའི་ལྷག་བསམ་ལ་གཟིགས་ནས། གཉན་ཕྲང་གི་བོད་མིའི་གནས་སྟངས་ལ་གཟིགས་ནས། ཁོམ་པ་ཡོད་དུས་འདིར་ཕེབས་ནས་ངེད་ཚོར་གོང་ལྟར་རིན་ཐང་བྲལ་བའི་རྩོམ་ཡིག་འདི་ལྟ་བུ་མང་ཙམ་སྤེལ་རོགས་གནང་ཞུ།
བོད་ས་ཁྱོན་ཡོངས་རྒྱ་འོག་ལ་ཤོར་ནས་བོད་མི་རྣམས་ལ་སྡུག་གཅོད་ཚད་ལས་འདས་པ་བཏང་ནས། བོད་མིའི་མི་གཤིས་དེ་བྲན་གཡོག་པའི་རང་བཞིན་ངོ་མར་སྒྱུར་ཐབས་ལ་ཐབས་ཤེས་ཡོད་དོ་ཅོག་བྱས་རུང་། དཔའ་མཛངས་ལྡན་པའི་བོད་མིའི་རླབས་ཆེན་གྱི་མི་སྣ་ཚོས། གཉན་ཕྲང་གི་སྐབས་ལ། བོད་པའི་རང་གཤིས་ངོ་མ་འདི་བསྟན་ནས། རང་གི་མི་རིགས་དང་དེའི་ཁྱད་ཆོས་སྲུང་སྐྱོབ་བྱས་པ་འདི་འདྲ་ནི། ངའི་མདུན་ལམ་ཕྲ་ལྷམ་མེ་བ་འདི་ཡིན། རྐྱེན་འདི་ལ་བརྟེན་ནས། ང་ནི་བཙན་དབང་དང་ཐུབ་ཚོད་ལ་ཅི་ནས་མི་སྐྲག་ལ། བཙན་དབང་དང་ཐུབ་ཚོད་ལ་མགོ་བོ་རྩ་བ་ནས་མ་སྒུར་བའི་ངའི་མི་རིགས་འདི་ནི་ཡངས་བའི་མདུན་ལམ་དང་ལྡན་པས། འདི་ནི་ངའི་བདེ་སྐྱིད་ཡིན།
རེད་ཨ། རྒྱལ་བ་རིན་པོ་ཆེ། པན་ཆེན་རིན་པོ་ཆེ། རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས། གུང་ཐང་རིན་པོ་ཆེ། མཁན་པོ་འཇིགས་མེད་ཕུན་ཚོགས། འབའ་པ་ཕུན་ཚོགས་དབང་རྒྱལ། དེ་བཞིན་ད་ལྟ་བཙོན་ལ་ཞུགས་པའི་དཔའ་བོ་དཔའ་མོ་དེ་དག་དང་། ཞིང་གཤེགས་ཀྱི་དཔའ་བོ་དཔའ་མོ་དེ་ཚོའི་དྲིན་ལས། མི་རིགས་འདིའི་རྩ་བ་ལ་འགུལ་སྐྱོད་མེད་ཅིང་། གསར་སྐྱེས་ཀྱི་ཡན་ག་རྣམས་ནི་སྔར་ལས་གསོན་སྟོབས་རྒྱས་པ་དང་། སྔར་ལས་ཚོན་གདངས་བཀྲ་བས། སུས་བལྟས་ཀྱང་མདུན་ལམ་ཆེ་བས། བཙན་འཛུལ་བ་རྣམས། དེ་ལ་འཇིགས་ནས། དེ་ལ་སྐྲག་ནས། དེ་ལ་མི་དགའ་བར་གྱུར་ནས། དཔལ་འབྱོར་དང་དངུལ་གྱིས་བསླུ་ཐབས་བྱེད་པ་ནི་ཤིན་དུ་ནས་གོད་ཤོར་དགོས་པའི་ཁྲབ་སྟོན་ཞིག་གོ།
གུང་ཐང་རིན་པོ་ཆེ་མཆོག་ནི་བོད་ཀྱི་བསྟན་སྲིད་ལ་ལྷག་བསམ་དཀར་པའི་བླ་མ་རྩ་ཆེན་ཞིག་རེད། སྐྱབས་སུ་མཆི།
བོད་མིའི་གཉན་ཕྲང་སྐབས་ལངས་ཕྱོགས་བརྟན་ཞིང་། དཔའ་ངར་ཆེན་པོས་མི་རིགས་ཀྱི་ལ་རྒྱ་དང་ཁེ་ཕན་རྩོད་པའི་མི་སྣ་འདི་འདྲ་བོད་ཀྱི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད། རྗེས་སུ་ཡི་རངས་གྲངས་མེད་ཞུ།
བོད་མདོ་སྨད་ལ་ཆ་བཞག་ན། པཎ་ཆེན་རིན་པོ་ཆེ། ཁྲི་ཆེན་གུང་ཐང་ཚང་། ཤར་སྐལ་ལྡན་རྒྱ་མཚོའི་མཆོག་སྤྲུལ་རིན་པོ་ཆེ། མགོ་ལོག་གི་པད་མ་གཏུམ་པོ། ཨ་ཁུ་དམུ་དགེ་བསམ་གཏན། སྙན་ངག་པ་ཡི་དམ་ཚེ་རིང་། རྡུང་ལེན་པ་བདུད་བྷེ། ཆབ་ཆ་དོན་གྲུབ་རྒྱལ་སོགས་ནི། མི་རིགས་ཀྱི་ལ་རྒྱ་སྙིང་ལ་བརྣག་ཅིང་། མི་རིགས་ལ་ལངས་ཕྱོགས་ཡོད་པའི་མི་སྣ་གལ་ཆེན་རྐྱང་རེད།
ཆབ་ཆ་དོན་འགྲུབ་རྒྱལ་དང་རང་གྲོལ་གཉིས་ལ་ཁྱད་པར་ཡོད་པ་རེད། རང་གྲོལ་གྱིས་ཆབ་ཆ་ནས་དཔེ་ཁྲིད་མཛད་མྱོང་མོད་ཆབ་ཆ་དོན་འགྲུབ་རྒྱལ་ཟེར་བ་འདི་ལོགས་ཀ་རེད། ཁོང་ནི་འབའ་ཁུག་གི་མི་ཞིག་ཡིན་ལ་ཕྱིས་སུ་རྒྱ་དཔོན་དང་གྱུར་རྗེས་པཎ་ཆེན་རིན་པོ་ཆེའི་སྐུ་དྲིན་ལས་ཆབ་ཆའི་ཡུལ་ཕྱོགས་ཀྱི་བོད་ཀྱི་རིག་གནས་དར་སྤེལ་ལ་ཞི་རྒྱས་དབང་དྲག་གི་སྒོ་ནས་མཛད་རྗེས་མི་དམན་པ་ཞིག་བཞག་ཡོད། དེ་ནས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པ་དང་ཆབ་ཆའི་ཆུ་འགག་ཅིག་ཤོར་ཏེ་མི་མང་བོ་བསད་པའི་དོན་རྐྱེན་གཉིས་ཀྱིས་དབང་ཐང་རྒུད་དེ་མཐར་ཟི་ལང་ནས་རྒྱ་དཔོན་དག་གི་བརྙས་བཅོས་ལ་མ་བཟོད་པར་ཡིད་མུག་ནས་འདས་སོ།།
ཅོག་མྱི་ལགས། ངས་ཀྱང་རང་གྲོལ་ཟེར་བའི་སྙན་ངག་པ་དེ་ལབ་པ་མིན་ལགས།
ཧོར་གཙང་འཇིགས་མེད་མཆོག དངོས་སུ་མ་ཐུག་གོང་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པ་དང་། རྣམ་དཔྱོད་ཡངས་པའི་བོད་ཀྱི་སྐྱེས་བུ་ཞིག་ཏུ་ངོས་བཟུང་ཐོག ༡༩༩༩ ལོར་དྷ་སར་སླེབས་པ་ན། རྗེ་གུང་ཐང་བསྟན་སྒྲོན་མས་མཛད་པའི་ཆུ་ཤིང་གྱི་བསྟན་བཅོས། ལ་དྭགས་རིན་ཆེན་དཔལ་གྱིས་སྒྲོན་མས་སྤར་བསྐྲུན་བྱས་པའི་ལྷན་ཐབས་སུ། པ་བའི་འཇུག་ཚུལ། རིག་གཞུང་སྐད་དང་མཐུན་པ་དགོས་ཞེས་ཡོད་པ། འབུལ་བར་ཕྱིན་ཀྱང་། སྡོད་གནས་ན་ཁོང་བཞུགས་མེད་པར་འབུལ་གྲོགས་ཞེས་ཁྱིམ་མཚེས་པ་ལ་མངགས་ནས་བཞག་པ་དེ་ཁོང་ལ་འབྱོར་ཏེ། ཁོང་གི་བཞེད་པར་པ་བའི་འཇུག་ཚུལ་བྲིས་པ་དེ། གཞན་དག་གིས་བསྐུལ་མ་བྱས་ཏེ། བྲིས་པ་ངོས་བཟུང་ལྟ་བུར་མཐོང་བ་དེ། བདེན་པ་མ་ཡིན། བདག་གིས་སྔོན་ནས་ད་བར་དུ། རིག་གཞུང་གི་སྐད་གཙོ་བོར་བྱ་བ་དང་། ཁ་སྐད་གཙོ་བོར་མི་བྱ་བ་དེ། མདོ་སྨད་པ། དགེ་འདུན་ཆོས་འཕེལ་གྱི་བཞེད་པ་བཞིན་དུ། རིག་གཞུང་སྐད་ཀྱི་དག་ཆ་སྲུང་བ་དང་། རིག་གཞུང་སྐད་ཀྱི་སྒོ་ནས་བོད་ཀྱི་སྐྱེ་དགུ་ཀུན་གཅིག་ཏུ་སྒྲིལ་བ་ལ་འབད་པ་དེ་ལ་བོད་རིགས་ཚང་མས་ཡང་དང་ཡང་དུ་བརྩོན་དགོས་སོ།
སྐད་དུ་བདག་པའི་པ་བ་མ་ཤེས་ན།
པ་བ་གང་ལ་ཐོབ་པ་ཨུ་ཚུགས་ཡིན།
ཨུ་ཚུགས་ཅན་གྱི་མྱི་རབས་གོང་འོག་ན།
གོ་ཤེས་ཉན་ཤེས་མེད་པའི་ཨུ་ཚུགས་ཡོད། ཧ་ཧ་ཧ།
ཧྭེ་རན་གི་རྩོམ་ཡིག་དེ་འདིར་བཀོད་ཚར་འདུག་ག་ཧཧཧཧཧཧཧཧ
ཧྭེ་རན་གྱི་རྩོམ་ཡིག་ཟེར་ན། ཟུར་ཟའི་སྐད་ཆ་མ་རེད་དམ། ཆབ་བྲག་ལགས་འཕག་ཚག་ག་ཚད་བརྒྱབ་ཀྱང་། ཧོར་འཇིགས་ལགས་ཀྱི་རྐང་རྩེར་ཡང་སླེབས་ཀི་མ་རེད། ཧོར་འཇིགས་ནི་མདོ་སྨད་ཀྱི་མཁས་པའི་གྲས་རེད།
ཨ་དགའ་ཆབ་བྲག་ལོ་ལོ།
ཧྭེ་རན་ཟེར་བ་དེར་དཔེ་རན་ཟེར་ནི་མ་རེད་ནེ། དཔེ་ཟླར་མེད་པ། དཔེ་ཟླར་རན་པ། དོགས་འདྲི་ཙམ་ཡིན། དཔེ་རན་གི་ཨ་ཁུ་ལྷ་མོ་སྐྱབས། ཅིག་གསུངས་དང་།
ངས་ང་དགི་ཡུས་སྐད་བཤད་ཀི་ཡོད་ས་རོ་་་དཔེ་རན་ནི་དཔེ་ལ་རན་པ་ཞེས་པ་འདྲ་བོ་རེད། ཧྭེ་རན་ནི་ཧ་ཅང་ལེགས་པའི་དོན་ནོ། ཡུལ་སྐད་ལ་ལ་ཡིག་སྐད་དུ་བསྒྱུར་ན་གོ་དོན་མཚོན་མི་ཐུབ།
ལྷ་མོ་ལགས། ཧོར་འཇིགས་ངེད་གཉིས་བཟང་ས་ཡིན། ཁོས་རྩོམ་ཡིག་འདི་ཐོག་མར་ང་ལ་བསྐུར་བ་རེད། ཧྭེ་རན་མི་ཤེས་ན་ཧོར་གཙང་ལ་དྲིས། ཧཧཧཧཧ
ངས་ནམ་ཡང་མཁས་པ་རྣམ་པར་ཕྲག་དོག་བྱེད་མ་མྱོང། ཁྱེད་རང་སེམས་བདེ་མོ་བྱོས། ཨ་དྲིན་ཆེན་མ།
ཧཧཧཧཧ ད་ལྷ་མོ་དང་གནམ་ལྟ་བུར་ལན་ལྡོན་ནས་ཅི་བྱེད།
ཧོར་གཙང་མཁས་པ་ཡིན་པ་དང་ཆབ་བྲག་མཁས་པ་མིན་པའི་དོན་དངོས་ཤིག་ཁོང་རྣམ་པ་གཉིས་ཀྱི་བརྩམས་ཆོས་ལས་རྙེད་རྒྱུ་མི་འདུག ཕལ་ཆེར་ལྷ་མོ་ལས་ང་ཁོང་རྣམ་པ་གཉིས་ལ་རྒྱུས་ཡོད་ཀྱི་རེད། ངས་རྒྱུས་ཟེར་པ་དེ་བརྩམས་ཆོས་དང་འབྲེལ་བའི་རྒྱུས་ཡོད་མེད་ཟེར་གི་ཡོད། དེའི་ཆ་ནས་མཁས་མི་མཁས་དང། མཁས་པར་དཀའ་ལས་རྒྱབ་མ་རྒྱབ་ཟེར་དུས། ཧོར་གཙང་ཆབ་བྲག་གི་རྗེས་ཆོད་ཀི་ཟེར་ན། ང་དགོད་ཀྱི་ཡོང་གི ཐ་ན། ཚིག་སྦྱོར་དང་དག་ཆ་ཁོ་ནའི་དབང་དུ་བྱས་ཏེ་བཤད་ནའང། ཧོར་གཙང་ཆབ་བྲག་གི་སྒྱུད་པའི་ཚད་ལ་སླེབས་ཀི་མ་རེད། ད་མང་ཡ་མང། བཤད་ན་ག་ནས་རྫོགས།
སྒྲ་གུར་བར་མེད་དུ་ཕུབས་པའི་
སྦྲ་གུར་བར་མེད་དུ་ཕུབས་པའི་
གསར་བ་
གསར་པ།
པན་ཆེན་།
པཎ་ཆེན།
སྦྲ་གུར། སྦ་གུར། ནག་་གུར། དཀར་གུར། གུར།
གསར་པ། གསར་བ། གསར་ཤོས།
པཎཌིཏ་ ཆེན་པོ་ལས། པཎ་ཆེན།
ཨ་གཟའ་རོ།
(ཡུལ་སྐད་ལ་ལ་ཡིག་སྐད་དུ་བསྒྱུར་ན་གོ་དོན་མཚོན་མི་ཐུབ།) ག་རེ་ཟེར་གི་ཡོད། དེ་འདྲ་ཡོད་ན་འདིར་བཀོད་རོགས་ཞུ། མེད་རབས་དོན་ནས་མྱི་རབས་ག་ཚོད་སྐྱོལ་འདོད་ཡོད།
ཧ་ཅང་ལེགས་པ་ལ། དཔེ་མེད་ཟེར། ཡ་མེད་ཟེར། དཔེ་རན་ཟེར་བ་དེ་ཡང་མི་ལེགས་པའི་དོན་མིན། དཔེ་རུ་འོས་བའི་དོན་རེད།
འཕྲིན་ལས་ལྷུན་གྲུབ་ཁོ། ངས་རྒན་ལ། དྲི་བ་ལ་ལན་ཞིག་དགོས་ཟེར་ནས་བྲིས་ཡོད། གཏམ་ལ་གཏམ་ལན་མེད་ན་ལྐུག་པ་ཟེར། རྒན་ལྐུག་པ་ཞིག་མིན་པས་ལན་སྤྲད་ཀི་རེད།
ཁྱོད་དེ་ཞིག་ན་གཟའ་འདྲ་ཞིག་འགུལ་འི་འདུག་དགོས་དོན་ཅི་རེད། མཁས་བ་ཚོའི་བར་ལ་གཅིག་གིས་གཅིག་གི་རྐང་བ་དང་སྒྱུད་པ་ལ་སླེབས་མི་སླེབ་བཤད་ཚུལ་བལྟས་ན། ཁྱོད་ནི་གྱོད་འདྲེ་ལྕགས་ཀི་མཆུ་ཏོ་ཅན་ཞིག་ཡིན་པའི་ཁར། ང་ལྟ་བའི་ཀ་ཁ་ག་ང་བ་ལ་ཡ་མི་བྱེད་པའི་སྣང་ཆུང་སོགས་ངན་དགུ་ལྡན་པའི་རྐྱལ་སྟོང་ཞིག་མིན་ནམ་བསམ།
ཁོང་གཉིས་ཆས་སོ་སོའི་ས་ནས་གནམ་གོར་གོར་རེ་བཀྱགས་ནས་ས་གོར་གོར་རེ་ནན་ནས་འགྲོན་མཁན་རེད། སྟོད་སྨད་ལས་ཐར་བའི་མྱི་རེད། ཁྱོས་ཁོང་གཉིས་ཀྱི་བརྩམས་ཆོས་ལ་རྩ་འགྲེལ་ཡང་འགྲེལ་ཞིག་རྒྱག་ཐུབ་པའི་རྒྱུས་ང་ཡོད་མདོག་གི་རང་སྟོད་མ་བཤད། ངོ་ཚ་བ་ལ། རང་བཟང་མིན་རོགས་གིས་བཤད་དགོས་བ་རེད། ཁྱི་བཟང་མིན་རྐུན་མས་བཤད་དགོས་བ་རེད། གོ་སོང་ངམ།
ཧོར་འཇིག་ཡུན་རིང་པོ་ཞིག་ལ་གོ་རྒྱུ་མ་བྱུང་། འདིར་སྙན་པོ་དང་རྒྱུན་མཚན་ལྡན་པ་ཞིག་སྤེལ་སོང་། རི་འགོའི་གངས་ཁྲོད་འདི་ནས་སྤྲོ་སྣང་ངངས་ཀློག་རྒྱུ་བྱུང་། སྐྱིད་པོ་བྱུང་ལ་དགའ་བོ་བྱུང་། ཁ་དྲོ་བཀྲིས།
གུང་ཐང་ཚང་བསྟན་པའི་སྒྲོན་མེ་ཁོང་བླ་མ་ཆེན་པོ་རེད། དམང་ཚོགས་དང་མཉམ་དུ་ཆུབ་བསུ་ལ་ཡང་འགྲོ་མྱུང་། ངོས་སུ་ཆོས་འབྲེལ་དང་བླ་སློབ་འབྲེལ་བ་ལས་ཀྱི་དབང་གིས་མ་བྱུང་ཡང་སྐྱེས་ཆེན་དམ་པ་ཁོང་ལ་སེམས་ཕྱོགས་མཁན་ཞིག་ཡིན།
གནམ་ཟེར་པ་འདི་རོང་པ་ཞིག་ཡིན་ས་རེད། དེ་མིན་མདོ་སྨད་ཀྱི་འབྲོག་ཁུལ་མང་ཆེ་བར་་་རྟ་དེ་ཧེ་ར་ཅིག་རྒྱུག་གི དེ་ཚང་གི་ཞི་ལི་ཧེ་ར་ཅིག་ཧྲ་གི གན་ཚང་གི་མནའ་མ་ཧེ་ར་ཅིག་ཡག་གི་ཟེར་ནི་རེད། སོང་ཙང། དཔེ་མེད་ཡ་མེད་ཟེར་བ་ཧེ་ར་ཟེར་པའི་ཡུལ་སྐད་ཀྱི་དོན་ཟེར་ན་རྒྱུས་མེད་ཀྱི་རྒྱུས་གཏམ་རང་རེད་མི་འདུག་གེ ཧཧཧཧ
དེ་ནས་ཁོང་གཉིས་ཀྱི་བརྩམས་ཆོས་གང་བཟང་ངས་བཤད་ཀི་ཡོད། མྱིས་བཤད་ཀི་ཡོད་ནི་རེད། གནམ་གིས་དགྲ་ཤར་ནས་བཞག་སྟེ་གླུད་ནུབ་དུ་མ་འཕེན་ལོ།།
ངའི་ཁ་པར་ནང་ཐིག་ཕྲེང་ལྔ་དྲུག་ལས་མན་ཆད་རྒྱ་ནག་ཡི་གེ་རེད་འདུག དེའི་རྒྱུ་མཚན་ཅི་ཡིན་ངས་ཤེས་མ་སོང་།
ཧོར་གཙང་བས་རྒྱ་ཡིག་ལས་བཤུས་པ་ཨེ་ཡིན་ནམ།
རོང་བ་བྱས་ན་རོང་བ་རོང་སྐད་བཤད་ནི་ཞིག་ཡིན། འབྲོག་པ་བྱས་ན་འབྲོག་པ་འབྲོག་སྐད་བཤད་ནི་ཞིག་ཡིན། དེའི་མི་ཚད་ཆོལ་ཁ་གསུམ་གྱི་སྐད་བཤད་མཁན་ཞིག་ཡིན། ཡང་དགོས་སུ་བོད་སྐད་དག་མ་བཤད་ནི་ཟིག་ཡིན། མི་རློམ་ན་འདི་འདྲ་ཞིག་རེད།
དེ་བ་ཚང་གི་བྱི་ལུ་དཔེ་མེད་ཟིག་སྲལ་འི། གན་བ་ཚང་མནའ་མ་ཞེ་འི་ཞིག་ཡག་གི། ཟེར་ནི་རེད། རང་གིས་བྲིས་ནོ་དང་ངའི་འདི་གཉིས་གཤིབ་དང་དེ་ནས། ངོ་དམར་རོར་ཆགས། ཁ་ལག་པས་བསུམ་ནས་འདུག་འདོད་སྐྱེས་འི་རེད། ཧ་ཧ་ཧ།
མཁས་དབང་ངོ་མ་རེད
ཨ་ཧྭེ་རན་པོ་ཧོས་མ་འདེབས། མཐོ་རིས་བོའི་བླ་མ་སྒུལ།
གློའུ་ཁ་ནག་གི་ཁ་མ་གློངས། མྱི་ཧོན་ལོག་གི་ཁ་མ་གཙེ། ཨ་ཁུ་ལོ་ལོ་ཞོ་ཟིག་ཡས་ནི།
དཔེ་མཚོན་འདི་གཅིག་པུ་ཡིག་སྐད་ལ་བྲོ་བ་ཡོད་པ་གོ་དོན་ཏག་ཏག་ཡིན་པ་མང་ཉུང་གཅིག་པ་ཞིག་སྒྱུར་ཐུབ་མཁན་ཡོད་ན་ངས་བྱ་དགའ་སྟེར།
བརྗོད་བྱ་དོན་དང་བརྗོད་བྱེད་ཚིག་གང་ལ་བལྟས་ཀྱང་བསྟོད་འོས་པ་ཞིག་ཡིན་པས་ཚར་གཉིས་ལ་བཀླགས་པ་ཡིན་ནོ།།
ཐུགས་རྗེ་ཆེ མུ་མཐུད་ནས་་་་་་་་ མཚམས་མཚམ་་་་་་ དུས་ཚོད་ཡོད་དུས་་་་ ཞར་ཞོར་ལ་་་་་་ ཀློག་མཁན་བརྗེད་མི་ཉན་་་་་་
མཁས་དབང་ཧོར་གཙང་འཇིགས་མེད་ལགས་དྲ་ཐོག་ཏུ་ཕེབས་ནས་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་མཛད་རྣམ་འདི་བྲིས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ
ཨ་དཔེ་རན་པོ་ཕེ་མ་འདེབས། མཐོ་རིས་བོའི་བླ་མ་སྒུལ།
བློང་ཁ་ནག་གི་ཁ་མ་གློང་། མྱི་ཧོང་ལོག་གི་ཁ་མ་གཙེ། ཨ་ཁུ་ལོ་ལོ་ཞོ་ཟིག་བྱས་ནོ།
བྱ་དགའ་སྟེར་རྒྱུ་ཡོད་ན་ལེན་གི་ཡིན།
ཚིག་རེ་རེ་ཡི་ཡོང་ཁུངས་ཡོང་སྟངས། སྒྲ་སྦྱོར་ཚུལ། དོན་གོ་བ་སོགས་རེ་རེ་བྱས་འས་བཤད་དགོས་ན་ཡང་བཤད་ཆོག། འདི་མོའི་རྩ་མོ་ཏག་ཏག་མི་ཤེས་ན་བོད་མ་རེད། ཧ་ཧ་ཧ།
“ཡུལ་སྐད་ལ་ལ་ཡིག་སྐད་དུ་བསྒྱུར་ན་གོ་དོན་མཚོན་མི་ཐུབ།” པར་མ་ཟད། ཡུལ་སྐད་བྲོ་བ་ཅན་མང་པོ་ཞིག་ཡིག་སྐད་དུ་བཅོས་ན་བྲོ་བ་བརླག་འགྲོ་གི་འདུག
ཧོར་འཇིགས་ཀྱིས་བྲིས་བའི་རྩོམ་གྱི་ནང་ནས་ཡག་ཤོས་ཤིག་འདི་རེད་ལབ་ན་མ་འགྲིག་པ་མི་འདུག གང་གིས་ཞེ་ན། རྩོམ་འདི་ལ་ཕྱོགས་ཞེན་དང་ཚོར་ཆེན་གཉིས་ཀ་མི་འདུག འོན་ཀྱང་། དྲན་ཐོ་འབྲི་སྟངས་ད་དུང་ཅུང་ཙམ་སྦྱོངས་དགོས་ཀྱི་འདུག ལྷག་པར་དུ། བོད་ཀྱི་རྩོམ་པ་པོ་ཡིན་ཟེར་བ་ཕལ་ཆེ་བས་སྙན་ངག་རེ་དང་བསམ་ཚུལ་རེ། རིག་གཞུང་དང་ལོ་རྒྱུས་ཞིབ་འཇུག་ཡིན་ཟེར་བའི་ཡིག་སྙིགས་འགའ་མ་གཏོགས་ཐ་ན་དྲན་ཐོ་དང་ཞིབ་འཇུག་སོགས་ཀྱི་འབྲི་སྟངས་ལ་ཡང་སྦྱངས་བ་བྱས་མི་འདུག་པས་དེའི་ཕྱོགས་ལ་དོ་སྣང་གནང་གལ་ཆེ་ཞུ་འདོད་བྱུང་ངོ་།
བཀུར་འོས་ཧོར་འཇིགས་ལགས་ལ་བཀའ་དྲིན་ཆེ། དེ་མིན་གོང་ན་ཡང་གླེན་རྒན་ཁ་ནག་ཁ་ཤས་ཤིག་གིས་དགོས་མེད་ཀྱི་ཁ་རྩོད་ཅིག་གི་ཁ་ཕྱེས་འདུག མགོ་དཔོན་གླེན་རྒན་ཆབ་ལྷ་རེད་འདུག
སྐད་དུ་བདག་པའི་པ་བ་མ་ཤེས་ན།
པ་བ་གང་ལ་ཐོབ་པ་ཨུ་ཚུགས་ཡིན།
ཨུ་ཚུགས་ཅན་གྱི་མྱི་རབས་གོང་འོག་ན།
གོ་ཤེས་ཉན་ཤེས་མེད་པའི་ཨུ་ཚུགས་ཡོད། ཧ་ཧ་ཧ།
གོ་ཚོས་མེད་པའི་ཡིག་རྙོག་སྤེལ་བ་ལས།
བསམ་གཏན་ཁུང་བུར་འདུག་ལ་དོན་བསམ་དགོས།
མིས་ཅི་ཟེར་མ་ཉན་ཅི་བྱས་ལྟོས།
ཧ་ཧ་ཧ་ང་རྒྱལ་ཅན་གྱིས་བློ་སྦྱོང་དགོས།
སྐུ་ཞབས་ཧོར་གཙང་འཇིག་མེད་ལགས་སུ། ང་མོ་བཀའ་དྲིན་ཆེ།
ཉམས་ཞིབ་པ་ལགས། ཁྱེད་ཀྱིས་དྲན་ཐོ་ཞིག་ཧོར་འཇིག་ལ་དཔེ་སྟོན་ཆེད་བྲིས་ན། ཧོར་བུས་ཁྱེད་ལ་ལེགས་གསོལ་ཞུ་ངེས།
ཧོར་འཇིགས་ཀྱིས་༧གུང་ཐང་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་ཟིན་ཐོ་བཀོད་པ་བཟང་གི
དྲ་འབུ་སྒལ་ཚིགས་མེད་མཁན་འགས་འདིར་གྱོད་མོ་སྤར་འཛིངས་ཀྱི་སྦྱོར་བ་རྩོམ་ཚུལ་འདི་སྙིང་རེ་རྗེ།
ལ་ལས་ཧོར་འཇིགས་མཁས་དབང་རེད་ཟེར་ལ་ལས་བླུན་པོ་རེད་ཟེར།ཧཧཧ
བྱ་དགའ་འབབ་ནི་མ་དགོས་ཆད་པ་འབབ་ཀི ཧ་ཧ་ཧ་ཧ་་
ཧོར་འཇིགས་ལགས་མཁས་དབང་རེད་ལ་བླུན་པོའང་རེད། མཁས་དབང་ཡིན་དོན་ནི་ཁོས་སྙན་ངག་བྲིས་ན་དངོས་ནས་ཁོང་ལ་འགྲན་ཟླ་ཐུབ་མཁན་དཀོན་པོ་རེད། བླུན་པོ་རེད་ཟེར་བ་ནི་ལོ་རྒྱུས་བཤད་ན་བླུན་པོ་རེད་ཟེར་ཆོག འོན་ཀྱང་དེབ་བྲིས་པའི་སྤམ་མཐུག་གི་ཐོག་ནས་བཤད་ཀྱི་མེད།
ཨ་དགས། གནམ་སྔོན་པོ། ཕེ་(ཧེ)་འདེབས་ཀི་མ་འདུག་ཐལ། ངར་ཁྱོད་ལ་སྤྲད་རྒྱུ་ཞིག་མེད་ན། ངས་ཁྱོའི་ལག་པ་ནས་ཅིག་ལེན་ཚུལ་ཞིག་གང་ན་ཡོད།
གནམ་ལགས་ལགས་སོ། ལགས། ཧཧཧཧ
༼ཨ་ཧྭེ་རན་པོ་ཧོས་མ་འདེབས། མཐོ་རིས་བོའི་བླ་མ་སྒུལ།
གློའུ་ཁ་ནག་གི་ཁ་མ་གློངས། མྱི་ཧོན་ལོག་གི་ཁ་མ་གཙེ། ཨ་ཁུ་ལོ་ལོ་ཞོ་ཟིག་ཡས་ནི།༽ ངས་ཨམ་སྐད་ཤེས་བ་རློམས་ཀྱང་ཆབ་བྲག་གིས་བྲིས་བའི་ རན་པོ་དང་མཐོ་རིས་བོའི་བླ་མ་སྒུལ་ཞེས་བའི་གོ་དོན་དངོས་གནས་ཤིག་རྟོགས་ཐུབ་མ་སོང་།
ཤེས་བ་རྣམས་ཡིག་སྐད་དུ་སྒྱུར་ན། ཨ་ཧོ་ངུ་སྐད་མ་རྒྱོབ། མཐོ་པོའི་བླ་མ་སྒུལ།
གླན་པའི་ཁ་མ་སློང་། མི་གོ་ལོག་གི་ཁ་མ་རྩེད། ཨ་ཁུ་དྲིན་ཅན་པོ་ངས་ཞུ་བ་ཞིག་འཐེན་ཡ།
གྲོང་སྐད་ལྟར་ན་རན་པོ་ཟེར་བའི་གོ་དོན་ག་རེ་རེད་དམ།
བླ་རྒན་དགུང་བགྲས་ཡིན་པས་གུས་ཤིག་ཞུ།
པ་བར་དབུ་འཐོམ་ཡིན་པས་གུས་ཤིག་ཞུ།
མཚན་ལ་བློ་བཟང་ཡིན་པས་གུས་ཤིག་ཞུ།
འཇམ་དཔལ་ཤེས་རབ་མིན་པས་གུས་ཤིག་ཞུ།
ཧ་ཧ་ཧ། སྐུ་རྩེད་ཞུས་བ་ཡིན།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
ཨུ་ཚུགས་ཆེ་བའི་ལ་དྭགས་བློ་བཟང་ཁྱོད། །ལ་ལུང་ཡུལ་གྲུ་ཁྱོད་ཀྱིས་འགྲིམས་མྱོང་མེད། །མདོ་དབུས་ཁམས་གསུམ་ཁྱོད་ཀྱིས་རིག་མྱོང་མེད། །བོད་ཀྱི་ཡུལ་སྐད་ཀུན་ལ་རྒྱུས་མྱོང་མེད། །བརྡ་སྤྲོད་སུམ་རྟགས་ཞིབ་མོར་སྦྱངས་མྱོང་མེད། །ཧི་མ་ལ་ཡའི་སྐད་བརྡ་རྙིང་བ་དེས། །ཡོད་ཚད་ཞུ་དག་གཏོང་བ་གླེན་རྟགས་ཙམ། །
ཧོར་གཙང་འཇིགས་མེད་ལ་དགའ་བསུ་ཡོད། བོད་ཀྱི་བླ་ཆེན་དང་དཔའ་བོ་གུང་ཐང་རིན་པོ་ཆེའི་སྐོར་འདི་འདྲ་ཞིག་བྲིས་པ་ནི་ངོ་མ་ཞིག་ཡག་གི
ཨ་ནུ་ཐང་ལགས་་་་་ད་དུང་རང་གིས་ཨམ་སྐད་ཡག་པོ་ཞིག་གོ་གི་མེད་ཀི་་་་་་ཐེ་སྐད་ཅིག་གོ་ན་ཨམ་སྐད་ཚང་མ་གང་ནས་གོ་་་ཧཧཧ
དུས་རབས་གསར་བའི་སྙན་ངག་འབྲི་བའི་ཁྲོད། །རྣམ་དཔྱོད་རིག་པ་འབར་བའི་ཧོར་འཇིགས་ཁྱོད། །སྙན་ངག་སྨྲ་བ་ཀུན་གྱི་སྤྱི་གཙུག་ན། །ཏོག་ལྟར་མཛེས་པ་སྨྲ་བའི་རྒྱལ་བོ་ཡིན། །འོན་ཀྱང་ཕྲག་དོག་འགྲན་སེམས་ཆེ་རྣམས་ཀྱིས། །ཁྱོད་ཀྱི་ཡོན་ཏན་རྡུལ་ཙམ་མ་མཐོང་བར། །ཅ་ཅོའི་སྐད་ངན་བསྒྲགས་པའི་ཅོལ་ཆུང་རིགས། །ཁྱོད་ཀྱི་སྙན་རྩོམ་ཞིག་གིས་འགེམས་པར་བྱེད། །
ཞུས་ཆེན་པ་ཡིས་དེ་ལྟར་བྲིས་པ་བདེན།
བརྡ་དག་རྙིང་པས་རྙིང་བ་བཅོས་དགོས་བྱུང་།
ཆག་པོས་གས་པོར་སྨད་པ་མཆན་འདི་ན།
ཡོད་པ་རིམས་པས་བལྟ་བར་བྱེད་ངེས་ཡིན།
འོ་རྫི་ལ། སྐུ་ཞབས་ཧོར་གཙང་ལགས་ཀྱིས་ཕྱག་སྙུག་དེ་ཕྱག་ཤན་ནང་བཞིན་གནང་ནས་ཐུགས་དོག་གནང་མཁན་གྱི་ཁོང་རྣམ་པའི་ཞལ་རས་དང་ཞལ་འབོག་ལ་ཞེ་བོ་ཅི་ཚ་པོ་ཕྱག་འཇུག་གནང་འདུག
ངས་ཐེ་སྐད་ཆ་ཚང་ཞིག་ཤེས་ཀྱི་མེེད་ཅིང་ཨམ་སྐད་ཀྱི་གྲོང་སྐད་ཆ་ཚང་ཞིག་ཀྱང་ཤེས་ཀྱི་མི་འདུག་པས། རན་པོ་ཞེས་བའི་གོ་དོན་གསུངས་མཁན་ཡོད་ན་ཐུགས་རྗེ་ལེགས་འབུལ་ཡོད། དེ་མིན་དགོས་མེད་ཀྱི་ཚིག་ཚོགས་སྨྲ་མཁན་དང་སྐད་ཆ་བཤད་འདོད་མེད།
ངས་ལྟས་ན་རན་པོ་ཞེས་བ་ནི་གྲོང་སྐད་ཀྱི་གྲོང་སྐད་ཅིག་རེད་སྙམ།
མཆན་པ་ཚོས་ནང་དུ་རིན་ཐང་བྲལ་བའི་སྐད་ཆ་བཤད་མཁན་ཡོད་པ་ནི་ལ་དྭགས་པ་ཡིན་པས། ཉིད་ཀྱི་ཕྱག་ལས་ལ་ཐུགས་རྗེ་ལེགས་འབུལ་ཡོད།
དུས་རབས་ཉི་ཤུ་བའི་ནང་མདོ་ཁམས་སྨད་ནས་བོད་བསྟན་སྲིད་མི་རིགས་ཆེད་སྲོག་གི་ཀ་བ་ནི་པཎ་ཆེན་བཅུ་བ་དང་། གུང་ཐང་བསྟན་པའི་དབང་ཕྱུག མཁན་ཆེན་འཇིགས་མེད་ཕུན་ཚོགས། སྙན་ངག་པ་ཡི་དམ་ཚེ་རིང་། ཆབ་ཆ་ཀྲུའུ་ཀྲང་དོན་གྲུབ་རྒྱལ། སྙན་ངག་གསར་བ་གཏོད་མཁན་རང་གྲོལ་དོན་གྲུབ་རྒྱལ། སྒྱུ་རྩལ་བ་གྲགས་ཅན་སྨན་བླ་སྐྱབས། རྡུང་ལེན་པ་བདུད་བྷེ་སོགས་རེད། ཁོང་རྣམས་རྩོད་མེད་ཡོངས་གྲགས་རེད།
གཅིག་ནས་ས་ཕྱོགས་ཤིག་ལ་དམའ་མ་འབེབས། གཉིས་ནས་གང་ཟག་སྒེར་ལ་མཚང་མ་སྔོག གསུམ་ནས་ཁུངས་མེད་བྱུང་རྒྱལ་གཏམ་མ་སྨྲ། ཕན་པའི་སྐྱོན་བརྗོད་ཡིན་ན་ཤ་ཚས་ཤོད།
རན་པོ་མ་རེད། ཧྭེ་རན་པོ་་་་རེད། དེའི་དོན་ངས་གོང་དུ་མཆན་བཏབ་ཡོད།
ཧོར་གཙང་འཇིགས་མེད་ལགས་སུ་འཚམ་འདྲི་བཀྲི་ཤིས་བདེ་ལེགས་ཞུ། ཨ་ལགས་གུང་ཐང་གངས་ཅན་བོད་ཀྱི་སྒྲོན་མེ་མཆོག་ལ་དད་པ་དང་གུས་ཕྱག་ཐོད་རུས་མ་ཟད་བར་དུ་འཚལ་ཡང་སྐུ་དྲིན་རྫོགས་མཐའ་ཡོད་པ་མ་རེད།
ཧེ་རན་པོ་ཞེས་པའི་གོ་དོན་བཀྲལ་བ་ནི་འདི་ལྟར་རོ། ཧེ་རིན་ཞེས་ཞེས་པ་དེ་རྒྱ་ནག་གི་སྐད་དེ། ཧེ་ནི་ནག་པོ་ཞེས་པའི་སྐད་དོད་དང་། རིན་ནམ་རན་ནི་མིའི་སྐད་དོད་ཡིན་པས་དོན་དུ་མི་ནག་ཅེས་པའོ།།དེ་ཡང་ལྤགས་མདོག་ཙམ་མིན་པར་མི་དེ་ཁྲིམས་འགལ་གྱི་ནག་ཉེས་ཅན་ལ་གོ་དགོས་པར་ངེས།
པོ་ཞེས་པ་དེ་བདག་སྒྲ་སྟེ་དོན་དུ་ནག་ཉེས་ཅན་གྱི་མི་ལ་གོའོ།། དེང་དུས་བོད་ཡུལ་དུ་རྒྱ་སྐད་བསྲེས་ནས་བཤད་སྲོལ་དར་སྲོལ་ཆེན་པོ་ཡོད་པས་མི་མང་པོའི་ག྄ེལང་མོལ་ཁྲོད་དུ་རྒྱ་སྐད་ཀྱི་ཚིག་མི་ཉུང་བ་ཞིག་རྒྱུན་བཀོལ་བྱེད་ཀྱིན་ཡོད།
སྤོབས་པ་མཐའ་ཡས་སོགས་ལ་ཞུ་བ། །ཧེ་རན་ཟེར་བ་བོད་སོག་གཉིས་ཀའི་སྐད་དུ་ཡོང་། ནང་སོག་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་བཤད་པ་ལྟར་ན་སོག་སྐད་དུ་ཧ་ཅང་དང་། འཇོན་ཐང་ཆེན་པོའི་དོན་རེད་ཟེར། བོད་ཤར་ཕྱོགས་པའི་སྐད་དུའང་ཕ་བཟང་གི་བུ། ཨ་མའི་བུ། སྐྱེས་ཐང་ཅན་པོ་སོགས་བེད་སྤྱོད་བྱེད་ས་འདྲ།བོད་སྐད་ཡིན་མིན་མ་འཚལ་ལོ། རྒྱ་ནག་གི་སྐད་དུ། 伟人 ཡི་གེ་འདི་རང་རེད། དོན་དུ་རླབས་ཆེ་བའི་མི་ལ་གོ། ད་ལྟ་(ཝི་རེན་)ཞེས་འབོད། གནའ་བོའི་རྒྱ་ནག་བྱང་རྒྱུད་པའི་སྐད་དུ་(ཝ་ཧེ་རེན)ལྟ་བུར་འབོད་པའི་སྐད་ཟུར་ཆག་པའོ། །
ད་ཐེངས། སྤོབས་པའི་རིག་པ་རྒོད་རྒྱོ་ཅིག་མང་སོང་ཟིག་འདོད་ཀི། ཅིག་ཅིག་འཆུག་ན་མཐོ་གང་དང་། མྱུག་མྱུག་འཆུག་ན་འདོམ་གང་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། ཧ་ཧ་ཧ།
མིང་ཚིག་གི་འབྱུང་ཁུངས་དེ་རེད།་དེང་སང་བེད་སྤྱོད་གང་ལ་བྱེད་གི་ཡོད་མེད་དེ་གནད་དོན་གཞན་ཞིག་རེད།
ཧ་ཧ་ཧ། ད་ཁྱོད་ཤི་ན་འདོད་ཀི་མེད་ཀི་མོ། སྤོབས་པ། སྒྲ་དོན་དང་ནང་དོན་གང་ལ་ཡང་མི་མཐུན་པའི་རྒྱ་སྐད་ཞིག་བོད་སྐད་ལ་བཀོལ་ནས་ཅི་བྱེད། རྒྱ་ནག་ནས་ཟུར་ཆགས་པ་དེ་འདྲའི་དཔེ་མཚོན་གཞན་འདྲ་ཡོད་དམ། ཅིག་ཤོད་དང་། ཕྲིས་དང་། ཉན་བསྡད་ཡོད།
བོད་སྐད་དུ་རྒྱ་སྐད་འདྲེས་ཡོད་པར་མ་ཟད། རྒྱ་སྐད་དུའང་བོད་སྐད་དང་སོག་སྐད་ཅི་རིགས་པ་འདྲེས་ཡོད། རྒྱ་ནག་གི་ནུབ་བྱང་རྒྱུད་ཀྱི་མི་རིགས་ལ། 胡 ཧོའུ་ཟེར་ཞིང་། དེ་དག་རིམ་བཞིན་རྒྱ་ནག་གི་འོག་ཏུ་འདུས་པའི་རྗེས་སུ་དེའི་སྲོལ་རྒྱུན་དང་། ཁྲག་རྒྱུན། སྐད་རིགས་སོགས་ཅི་རིགས་པ་རྒྱ་སྐད་དུ་འདྲེས་པ་རྒྱ་ནག་གི་མཁས་དབང་ཁྲིན་ཏན་སོགས་ཞིབ་འཇུག་པ་ཕལ་མོ་ཆེས་མགྲིན་གཅིག་ཏུ་བཞེད། རྒྱ་ནག་ལོ་རྒྱུས་སུ། ཧོའུ་མི་རིགས་གི་སྣེ་ཁྲིད་པ་གཞོན་ནུ་བྱ་བས་བཙན་འཛུལ་བྱས་ཚུལ་འཁོད་པ། 〈苦哉行五首〉云:
……前年狂胡來,懼死翻生全。今秋官軍至,豈意遭戈挺。匈奴為先鋒,長鼻黃髮拳。彎弓獵生人,百步牛羊羶。གཞོན་ནུ་བྱ་བ་སོག་པོ་གཅིག་མ་བྱུང་སྔོན་གྱི་རྒྱལ་པོ་ཞིག་ཏུ་གྲགས། ཧོའུ་མི་རིགས་ཀྱི་ཁྱད་ཆོས་ནི། རྒྱ་ཡིག་ཏུ། 《三胡賦》云:
莎車之胡,黃目深睛,員額狹頤。康居之胡,焦頭折頞,高輔陷無,眼無黑眸,頰無餘肉。面象炙蝟,頂如持囊,隈目赤眥,洞頞卬鼻,額似鼬皮,色象萎橘 。མི་རིགས་དེའི་ཁྱད་ཆོས། གདོང་དམར་པ། མཁུར་རུས་འབུར་བ། མིག་སེར་བ། ཐོད་པ་འབུར་། སྣ་མཐོ་བ། ལྭ་ཐོད་བཅིངས་པ། གདོང་མདོག་ནེའུལེའི་ལྤགས་པ་ལྟ་བུ། གཟུགས་དབྱིབས་ཤིང་ཐོག་ཚ་ལི་མ་ལྟ་བུ་ཞིག་ཡིན་པར་བཤད། །
རྒྱ་གར་ཧིན་རྡུའི་སྐད་དུ་་་་་ཧེ་རན་་་་་ཟེར་བ་ཧོན་ཐོར་བ་དང་ཧ་ལས་པ་ངོ་མཚར་བ་སོགས་ལ་འཇུག་གི་ཡོད་པ་འདྲ།
བཅོས། གཞོན་ནུ་སོག་པོ་གཅིག་འགྱུར་མ་བྱུང་སྔོན་ཀྱི་སྣེ་ཁྲིད་པ་གྲགས་ཅན་ཞིག་རེད། མི་ནག་དང་རླབས་ཆེན་ཟེར་བའི་ཡི་གེ་གཉིས་སོ་སོ་རེད། 黑人འདི་མི་ནག་ཟེར་བའི་དོན། སྐབས་རེར་ཁྲིམས་འགལ་ཉེས་ཅན་ལ་གོ་བའི་དུས་ཡང་ཡོད་སྲིད་མོད། གཙོ་ཆེ་བ་ཤ་མདོག་ནག་པོ་དང་། བསམ་ནག་ལ་འཇུག 伟人ཧེ་རིན་ནམ་ཝཧི་རེན་རླབས་ཆེ་བ་དང་། བྱས་རྗེས་ཅན་དུའོ།།
བོན་ལུགས་ལ་་་སྲིད་པ་ཧོས་ཀྱི་བྱིན་ཆེན་ཕོབས། ཧོས་དང་བ་ཡེ་རིང་། ཧོས་རུ་སིལ་བ་སྒྲ་སྙན། གཤེན་རབ་ཀྱི་ལྕམ་ཧོས་བཟའ་རྒྱལ་མེད་མ། སོགས་་་ཧོས་་་ཟེར་བ་འདི་རྩ་ཆེན་བརྩི་སྲོལ་འདུག། འདི་ཕལ་ཅེར་རིགས་བརྒྱུད་ཅིག་ལ་གོ་གི་ཡོད་པ་འདྲ། སྐབས་འགར་་་ཧོས་་་ཟེར་བ་འདི་གཡུང་དྲུང་བོན་གྱི་གསང་མཚན་ཡིན་པར་ཡང་གསུངས་འདུག། །
ཧོར་གཙང་འཇིགས་མེད་ལགས་སུ་འདྲི་བ་ཅིག་གཏོང་འདོད་སོང་། པན་ཆེན་རིན་པོ་ཆེའི་ཉིན་ཐོ་ཞིག་གི་ནང་ལ། བཙོན་ནས་གློད་རྗེས། བོད་པ་ཐོག་མ་གུང་ཐང་རིན་པོ་ཆེ་མཇལ་བ་གསུང་ཚུལ་འདུག འདི་ཇི་འདྲ་ཡིན་ནམ།
གྲོགས་པོ་མཁས་པ་རྣམ་པར། ཆོ་འཕྲུལ་ཆེ་ཞིང་ཚར་ཚད་དཀོན། དེ་ལ་ཕྱུགས་པོ་ཐིབ་ནོན་དགོས། ཞེས་པའི་ཚིད་རྐང་འདི་གཉི་ཀའི་ནང་དོན་ཅི་ཞིག་ཡིན་པ་གསུངས་རོགས་གནང་དང་། གཅོད་ལས་བཏུས་པ་ཡིན། ཡིག་རྙིང་འདི་ཚོས་ཀེ་ཅོ་མི་སྟེར་གི་ན་ཡུམ་དུམ་པ།
ཁ་བརྡ་ཚང་འདི་དངོས་གནས་གཡུལ་ས་ཤིག་རེད་འདུག ཡི་གེ་དང་ཡི་གེ་བསྡེབས་ནས་ཕྱོགས་ཞེན་གྱི་མདའ་མོ་འཕེན་ས། འདིས་ནང་གི་ཡིག་འབྲི་བ་མང་ཆེ་བ་ཡང་ང་འདྲ་བོ་ཁོམ་སོང་ངེ་ལས་རྒྱུ་མེད་མཁན་དག་དག་ཡིན་མདོག་ཁ་བོ་འདུག རྩོམ་རྒོད་པོ་ཤ་གཟན་འདིའི་འོག་གི་མཆན་ཁྭ་ཏ་སྐྱག་གཟན་འདི་དག་ལ་ཅིག་ལྟོས་དང་།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལ་གུས་བསུ་དང་། མུ་མཐུད་འདི་ལྟར་གང་མང་འབྲི་བའི་རེ་བ་ཡོད།
་་་་ བོན་ལུགས་ལ་་་སྲིད་པ་ཧོས་ཀྱི་བྱིན་ཆེན་ཕོབས། ཧོས་དང་བ་ཡེ་རིང་། ཧོས་རུ་སིལ་བ་སྒྲ་སྙན། གཤེན་རབ་ཀྱི་ལྕམ་ཧོས་བཟའ་རྒྱལ་མེད་མ། སོགས་་་ཧོས་་་ཟེར་བ་འདི་རྩ་ཆེན་བརྩི་སྲོལ་འདུག། འདི་ཕལ་ཅེར་རིགས་བརྒྱུད་ཅིག་ལ་གོ་གི་ཡོད་པ་འདྲ། སྐབས་འགར་་་ཧོས་་་ཟེར་བ་འདི་གཡུང་དྲུང་བོན་གྱི་གསང་མཚན་ཡིན་པར་ཡང་གསུངས་འདུག། ། ་་་་་
ཧོར་འཇིགས་ལགས། བཀའ་དྲིན་ཆེ། འོན་ཀྱང་རྩོམ་ཡིག་ལ་ཞུ་དག་བྱས་མེད་ཚོད་རེད། དཔེར་ན་མཚན་དངོས་ལ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དུ་འབོད་ཡིན་མོད་འདི་ལྟར་བྲིས་འདུག་(མཚན་དངོས་ལ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་ལ་ཕྱོགས་ལས་རྣམ་རྒྱལ་དུ་འབོད།)
སྤོབས་མཆོག་མཐའ་ཡས་དང་དྲི་མེད་ལྷག་བསམ་གཉིས་ཀྱིས་འགྲེལ་བཤད་དང་མཐའ་དཔྱོད་མི་དམན་པ་ཞིག་གནང་བ་ལ་གུས་བས་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་འབུལ་ཡོད། དག་ཡིག་མཁས་བ་ཁྱེད་རྣམ་པ་གཉིས་ཀྱིས་འགྲེལ་བཤད་གནང་བ་ཡག་བྱུང་། མཐའ་དོན་མིང་ཚིག་དེ་ནི་རྒྱ་སྐད་ཡིན་པ་འདྲ།
མྱི་ལུས་ལེན་ཁ་ཁྱི་ལུས། མྱི་ངན་པ་ཞིག་ལས་ཁྱི་ཡག་པོ་ཞིག་གིས་དགའ།
ང་ཁྱི་ཡག་པོ་ཞིག་ཡིན་ཏེ། བོད་སྐད་ཤེས། བོད་ཡིག་ཤེས། བོད་དོན་གླེང་ཤེས། བོད་ཁྱིམ་སྲུང་ཤེས། ཐ་ན་ང་ལ་ཁྱི་ཁ་གཙེ་མཁན་བསོད་ནམས་ལགས་ལ་ཡང་སོ་མི་འདེབས་པས་སོ། ཧཧཧ་་་་་
ཆབ་བྲག་ལགས་ལ་ད་བར་མཐོང་སྣང་ཡག་པོ་ཞིག་ཡོད། ཁོང་གི་སློབ་མ་འགའ་ཤས་ཀྱི་དྲུང་ནས་ཁོང་གི་སྐོར་ཐོས་མྱོང་། ཁ་བརྡ་འདིར་ཕེབས་པ་ནས་བཟུང་། མཐོང་ཐོས་གཉིས་ཅུང་ཕྱིན་ཅི་ལོག་པ་ལྟ་བུ་འདུག རྩོད་རྙོག་ལ་དགའ་བོ་དང་། རང་གི་ལྟ་བ་༼འགྲིགས་མིན་ལ་མ་བལྟོས་པར།༽ཨ་ཐད་དུ་འཛིན་པའི་མགོ་རྡོ་ལྟར་མཁྲེགས་ལ་རྒྱུ་མཚན་འགྲོ་ས་མེད་པ་ལྟ་བུ་འདུག བསམ་ཚུལ་ཤོད་ཀྱི་ཡོད། ད་དུང་མུ་མཐུད་རྟོག་ཞིབ་བྱ་རྒྱུ་ཡིན།
ཆབ་བྲག་ལགས། ང་རང་གིས་ཁྱེད་རང་བོད་ཀྱི་ཅིག་བྱེད་མཁན་ཞིག་ལ་ཁྱེད་དང་ངེད་གཉིས་ངོས་ལེན་བྱེད་ཐབས་མེད་ཀི
ཁྱེད་རང་མིང་དོན་མི་མཚུངས་བའི་མི་ཞིག་ཡིན་པ་ཇེ་གསལ་རེད་ཤག ཚེ་རིང་ཤཀྱ་དང་ཧོར་གཙང་འཇིགས་མེད། ལྗང་བུ་སོགས་དྲ་ཚོགས་ཞུགས་ནས་ཁྱི་ཁ་སློང་གི་མི་འདུག ཁྱེད་རང་ཁོག་སྟོང་ཡིན་པ་ཇེ་གསལ་ཕྱིན་ཏེ་ཁྱི་བཞིན་ཁྱི་སྐད་རྒྱག་གི་འདུག་ལབ་ཡིན།
མཆན་འགོད་པ་རེ་ཟུང་གི་སྐད་ལ་སྐྱག་དྲི་བྲོ་གི
ཆབ་བྲག་གིས་བོད་དོན་གླེང་ཤེས་ཟེར། དགོད་རྒྱུ་ཡོང་ནས་སྒལ་བ་གཟེར་གི
ཆབ་བྲག་གིས་བོད་དོན་གླེང་ཚུལ་ནང་གསལ་ནང་གསལ་ཆགས་ཚར་བ་རེད། བོད་ཡིག་ཤེས་ཟེར་བ་དེ་ཡང་ང་ཚོ་ལ་མིག་མཐོང་ལག་ཟིན་རེད། དེ་ལས་ཕྱི་གླིང་བ་ཁ་ཤས་ལ་ཀ་ཁ་སློབས་དང་དེ་ཁྱོད་ལ་རན་ཤོས་རེད།
ཆབ་བྲག་ལགས།
གུས་པའི་བསམ་འཆར་ཞུས་པ་འདི་སྐྱོན་བརྗོད་དང་དམའ་བེབ་རྩ་བ་ནས་མིན། སྣང་ཚུལ་ཞུ་བཞིན་ཡོད། དགོངས་འགལ་མེད་པ་ཞུ།
ཆོས་ས་ནས་བལྟས་ན་ཆོས་ཀྱི་ཡོན་ཏན་ཡོད་པ། སྲིད་ས་ནས་བལྟས་ན་སྲིད་ཀྱི་ཡོན་ཏན་ཡོད་པ། ཆོས་སྲིད་ཟུང་འབྲེལ་གྱི་བླ་མ་འདི་ལྟ་བུ་ནི་ངོ་མ་གངས་ཅན་གྱི་རྒྱན་རེད་ལགས། ཧོར་འཇིག་ལགས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ང་ནི་ཁོང་གི་(ཁུ་བྱུག་སྔོན་མོ)ཞེས་པའི་རྡུང་ལེན་ལ་ཉན་ཞིང་ལེན་ཤེས་པར་གྱུར་བའི་གསར་བུ་ཞིག་ཡིན།
དྲན་ཐོ་འདི་ལས་ཨ་ལགས་གུང་ཐང་ཚང་གི་སྐོར་མང་བོ་ཞིག་ཤེས་སོང་། ད་རུང་མུ་མཐུད་འདི་དང་འདི་འདྲ་བའི་དྲན་ཐོ་མང་ཙམ་སྤེལ་རོགས། ཁྱེད་ཚང་ལ་ནམ་རྒྱུན་རེ་སྒུག་བྱེད་བསྡད་ཡོད།
མི་སུམ་ཅུར་བསམ་པ་སུམ་ཅུ་ཡིན་པའི་གནས་ལུགས་ཁས་ལེན་ན་བསམ་ཚུལ་མི་འདྲ་བ་ཚང་མར་གུ་ཡངས་གཏོང་ཐུབ་པ་རེད། ལྟ་ཚུལ་མི་མཐུན་པའི་རིགས་ལ་གསལ་བཤད་བྱས་ན་ཕན་པ་ལས་ཁྱི་དང་འདྲེ་སོགས་ཀྱི་དམོད་པས་ཅི་ཡང་ནུས། ཡིན་ན་ཡང་མ་དགའ་བའི་ཚོར་སྣང་འཕྱུར་ཡོང་དུས་ཚིག་རྩུབ་རེ་ཐལ་འགྲོ་བ་སྤྱིར་བཏང་གི་མི་ཚོའི་རང་གཤིས་ཡིན་པས་ངས་བསམ་ཤེས་ཐུབ། དེ་བཞིན་བསམ་ཤེས་ལགས་ཀྱིས་བསམ་ཤེས་ཐུབ་པའི་ངང་ནས་སྤྱི་དོན་གླེང་བའི་རེ་བ་ཡོད།
དམོད་པས་ཅི་ཡང་མི་ནུས།
ཨ་དགའ་ཆབ་བྲག། མྱི་དྲང་མོ་མདའ་འདྲ་ཟེར་ན་ང་ཡིན། ངས་བལྟས་ན། ཁྱེད་ཁ་ཁ་བརྡ་ཚང་གི་མགོ་འི་ཏོག་རེད། ཞབས་ཀི་བཅུད་རེད་འདོད་ཀི། དྲང་མོ་ཡིན། ཁྱོད་མ་ཡིན་པ་དེ་འདྲ་ཡང་མང་རྒྱོ་མང་ནི་རེད། གང་ལྟར།
ཆབ་སྲིད་ཤེས་ཟེར་ནི་འགས་ཁྱེད་ལ་ཆབ་སྲིད་མི་ཤེས་ཚུལ་གྱི་དམོད་ཚིག་ཐོན་པ་ཙམ་གྱིས་ཁྱེད་ཁོང་ཚོ་ལས་རྒྱལ་ཡོད་པ་ཁྱོད་ཀྱིས་ཤེས་ཨེ་ཡོད། དེ་ནི་ཁྱེད་ཁའི་གཟི་བརྗིད་རེད།
འཇིག་རྟེན་གོ་ལ་འདིའི་སྒང་ནས། ཆབ་སྲིད་པ་ཁ་ན་དམོད་ཚིག་ཅན་ཞིག་གིས་ཆབ་སྲིད་པའི་གར་སྟེགས་རག་མ་མྱོང་བས་ཡིན། ཀུན་ལ་མི་གནོད་པའི་སྐད་ཆ་ཞིག་བཤད་ཨེ་ཤེས་ལ་མ་དམིགས་པར། ཁ་སེམས་མ་མཐུན་རུང་། ཉིན་རེ་འི་གྲུབ་རྟགས་རེ་མི་མང་ལ་གནང་ཐུབ་ན། བྱིན་རླབས་མེད་རུང་ཞམ་མཇལ་རེ་རག་པས། དགའ་ནི་འདྲ་ཞིག་རེད།
མྱི་ང་ལ་མཚོན་ན།
ལྟ་བའི་བར་གྱི་རྙོག་སྒྲ་ནི་བརྩེ་སེམས་ཀྱིས་བཅང་བའི་ལམ་སྟོན་ཙལ་ལ་ངེས་འཛིན་བཞིན་ཡོད་པས། བྱ་བ་གཅིག་ལ་བྱེད་ཐབས་སྟོང་གིས་བསུ་བ་ནི་ང་རང་གི་ཆེ་དགའ་སའི་ཀླད་པའི་སྦྱོང་བདར་རག་ས་ཡིན་པ་དང་། ང་དང་ཁྱེད་པད་ཀོག་གཅིག་ལ་བོད་ཡིག་བྲིས་པའི་སྤུན་ཟླ་ཡིན།
ཧོར་ཚང་འཇིག་མེད་ལགས་ ཁྱེད་ཀྱི་བྲིས་གནང་བ་དེ་ཧ་ཅང་ཀློག་བདེ་བ་དང་གོ་བདེ་བ་ཞིག་འདུག་པས་ཐུགས་རྗེ་ཆེ་
་དིང་སྐབས་ཀྱི་ཨམ་མདོའི་མཁས་པ་གཞན་རྣམས་ཀྱི་ཀྱང་དངོས་གནས་མཁས་པ་ཡིན་ན་དེ་ལྟར་བྲིས་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད་ དབུས་པ་འཇིག་མེད་ནས་
བདེན་པ་བརྟན་པོར་འཛིན་པ་དང་། ཨུ་ཚུགས་གཉིས་མ་ནོར་བར་བྱེད་པ་གལ་ཆེ། ཧི་མཱ་ལ་ཡའི་ལྗོངས་ཀྱི་ཁ་སྐད་ཡོངས་རྫོགས་ཤེས་པ་རྒྱང་རིང་པོར་ཞོག ལ་དྭགས་ལུང་ཁུགས་གཅིག་ལ་ཡང་ཁ་སྐད་མི་འདྲ་བ་མང་པོ་ཡོད། དཔེར་ན། ཡིག་སྐད་ཀྱི། བྱས། ཞེས་པ་ལྟ་བུ་ལ་མཚོན་ན། བས། ཞས། ཞེས་བོད་སྤྱིའི་སྐད་ལ་མི་རྩི་བ་དག་གིས། ལ་དྭགས་ཁ་སྐད་ལ་བྲིས་པ་དེ་གོ་སླ་བ་་འདུག་བསམས་ཏེ། བྱིས་པ་ཞིག་གིས་ལ་དྭགས་ཁ་སྐད་དུ་འབྲི་བ་ལ་འབད། ཆོས་ཀྱི་ལ། ཆོས་སི་དང་། བོད་ཀྱི་ལ། བོད་དི། ཞེས་པ་སོགས་ལ་དྭགས་པ་མ་ཡིན་པ་ཞིག་གིས་གཏན་ནས་གོ་མི་ཐུབ་པས། ལ་དྭགས་པ་བོད་སྤྱིའི་སྐད་དམ། ཆོས་སྐད་ལ་རྩི་་བ་པོ་རྣམས་ཀྱིས་དེ་ལྟར་འབྲི་ན། བོད་སྤྱིའི་སྐད་དམ་། ཆོས་སྐད་ལ་གནོད་པར་མཐོང་ནས། ངོ་རྒོལ་བྱས། བྱེད། བྱེད་པར་འགྱུར་བ་བཞིན་དུ། བདག་གིས་ཁ་སྐད་བཀོལ་མཁན་ཡོངས་ལ་དེ་ལྟར་ངོ་རྒོལ་བྱེད། བོད་ཡོངས་ལ་ཁྱབ་པའི་རིག་གཞུང་སྐད་ཀྱི་དག་ཆ་རྣམས་དོར་ནས། རང་རང་སོ་སོའི་ཁ་སྐད་བཀོལ་བ་དེ། བོད་ཀྱི་སྐད་ལ་ཡར་རྒྱས་་རྩི་བ་ནི།
་
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།
བ་ཚྭའི་ཁྲོན་པ་རྐོ་དང་མཚུངས།
་
ཞེས་པ་དང་སྒོ་ཀུན་ནས་མཚུངས་སོ།